སྨན་རྩིས་དྲ་བ། - མདུན་ངོས།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.04.2017
མདུན་ངོས། >>

 

 

 

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

          ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ ནི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་འདི་ཉིད་ཕྱག་བཏབ་ནས་མི་ལོ་ ༥༦ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན། དེ་བཞིན་འདི་ལོ་བོད་གངས་ཅན་ལྗོངས་ཀྱི་ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༡ འཁོར་བའི་སྐལ་བཟང་གི་དུས་ཚིགས་གལ་ཆེན་ཞིག་ཀྱང་འཁེལ་ཡོད་པས་འདི་ག་དབུས་སྨན་རྩིས་ཁང་དུ་འདི་ལོའི་ཟླ་ ༣ ཚེས་ ༢༩ ཉིན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་མཛད་སྒོ་གནང་ཡོད།
 

          ཉིན་དེ་སྔ་དྲོ་ཕྱག་ཚོད་ ༡༠:༣༠ ཙམ་ལ་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་དུ་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས་སྐབས། མཛད་སྒོའི་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མཛད་གཙོ་དང་སྐུ་ཚབ་རྣམ་པ། གསར་འགོད་པ། ལྷག་པར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་མཆོག་གི་གཙོས་འགོ་མང་ཡོངས་འདུ་འཛོམས་གནང་ཡོད།
 

མཛད་སྒོའི་ཐོག་མར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་མེས་པོ་དམ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་པ་དང་སྦྲགས་སྐུ་མགྲོན་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་འཕྲལ་སྨན་རྩིས་ལས་སློབ་ཁག་གཅིག་ནས་སྨན་རྩིས་ཁང་གིས་གསར་རྩོམ་ཞུས་པའི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གླུ་དབྱངས་སྙན་འཇེབས་ལྡན་པ་ཞིག་ལེན་པ་དང་།  དེ་བཞིན་སྨན་རྩིས་སློབ་ཕྲུག་ཁག་གཅིག་ནས་ཀྱང་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པའི་ཆོལ་གསུམ་མཐུན་སྒྲིལ་ཞེས་པའི་འཁྲབ་གཞས་ཞིག་གཟིགས་འབུལ་ཞུས་པས་འདུས་པ་སྤྲོ་སེམས་འཁོལ་པོ་བྱུང་ཡོད།
 

          དེ་ནས་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ལས་བསྡོམས་གནད་བསྡུས་ཤིག་སྙན་སྒྲོན་ཞུསཔའི་ནང་དུ། གཙོ་ཆེར་སྨན་རྩིས་ཁང་གི་ངོ་སྤྲོད་དང་། སྲིད་ཇུས། འདས་ལོ་ལྔའི་ནང་གི་ལས་དོན་དང་མ་འོངས་བྱ་འཆར་སྐོར་གསུངས་གནང་སོང་། དེ་ཡང་སྨན་རྩིས་ཁང་གི་ལས་འགན་གལ་ཆེ་ཤོས་ཤིག་ནི་རྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་འཕྲོད་བཞེས་ཞབས་ཞུ་དེ་ཉིད་ཡིན་པར་བརྟེན་སྐུ་བཅར་སྨན་པ་རྣམས་ཀྱིས་མགོན་པོ་གང་གི་སྐུའི་འཕྲོད་བཞེས་དང་མཐུན་པར་ལྗགས་སྨིན་དང་གསོལ་སྨན་གཞུང་ལུགས་མན་ངག་དང་ཡོངས་སུ་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྐུའི་དགུང་ཀེག་རིགས་ལ་ཀེག་རྩིས་རྣམས་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་ཡོད་སྐོར་དང་།  སྨན་རྩིས་ཁང་གི་སྡེ་ཚན་ཁག་དང་ལས་སློབ་རྣམས་ཀྱི་གྲངས་ཚད། སྨན་རྩིས་ཁང་གི་སྒྲིག་གསལ་གནས་རིམ་ཁག་གི་ཤེས་ཚད་ཆ་རྐྱེན་སྟེང་འཛིན་སྐྱོང་བཀོད་ཁྱབ་ངོ་བོར་བཏང་ཏེ་ཤེས་ཡོན་གྱི་ཤེས་ཚད་ཆ་རྐྱེན་སྤར་ཡོད་སྐོར། སྨན་རྩིས་ཁང་གིས་ཉམ་ཐག་དང་ལས་བྱེད་གསར་འབྱོར་གྲྭ་བཙུན་སློབ་ཕྲུག་སོགས་ལ་སྨན་སྦྱིན་འབུལ་བ་ཟླ་རེ་ཆ་སྙོམས་སུ་ཧིན་སྒོར་འབུམ་སུམ་ཅུ་སོ་གཅིག་གཏོང་བཞིན་པའི་སྐོར། གཞན་ཡང་ཉམ་ཐག་འདེམས་སྒྲུག་བྱ་ཚུལ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་འདེམས་སྒྲུག་སྲིད་ཇུས་ལས་ཀྱང་གུ་ཡངས་ཡོད་སྐོར་དང་། ལྷག་པར་འགན་འཛིན་ཚེ་རིང་བཀྲིས་མཆོག་སྨན་རྩིས་ཁང་གི་འགན་འཛིན་ལས་ཁུར་ཞུས་ནས་ལོ་ལྔ་འཁོར་བཞིན་པའི་དུས་སྐབས་འདིར་དེ་སྔ་༢༠༡༡ - ༢༠༡༢ རྩིས་མཚམས་སྐབས་དང་དཔྱད་བསྡུར་མཛད་པས་ཕྱོགས་གང་ཐད་ནས་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་སྐོར་རྩིས་ཁྲའི་ལམ་ནས་གསལ་བསྟན་གནང་བ་དང་། གཞན་ཡང་སྨན་རྩིས་ཁང་ལ་སྨན་རྒྱུའི་དཀའ་ངལ་སེལ་ཕྱིར་འཆར་གཞི་སྐོར། ནད་རིགས་སྔོན་འགོག་ཆེད་སྨན་རྩིས་ཁང་ནས་ལས་གཞི་སྣ་ཚོགས་བརྩམས་དང་རྩོམ་བཞིན་སྐོར། སྨན་རྩིས་ཁང་གི་མིའི་ནུས་ཤུགས་གོང་འཕེལ་གཏོང་བ་གལ་ཆེན་པོ་ཡིན་པ་དང་དེ་ཇི་ལྟར་གཏོང་བཞིན་པའི་སྐོར། སྨན་རྩྭ་འདེབས་ལས་གོང་འཕེལ་གཏོང་ཕྱོགས་དང་། འཛམ་གླིང་ཡོངས་ལ་སེམས་ནད་དཀའ་ངལ་དེ་ཆེ་རུ་འགྲོ་བཞིན་ཡོད་པར་གཙོ་བོ་བོད་ཀྱི་སྨན་རྩིས་རིག་གཞུང་ནས་སེམས་ཁམས་འཕྲོད་བསྟེན་སླད་ཞབས་འདེགས་སྒྲུབ་ཕྱིར་ལས་གཞི་སྒྲུབ་བཞིན་པ་དང་འཆར་གཞི་སྐོར། སྨན་རྩིས་ལས་སློབ་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་གཙོ་བོར་བཟུང་བའི་ཤེས་ཡོན་གོང་འཕེལ་གཏོང་བ་དང་། དེ་བཞིན་སྨན་རྩིས་ཁང་དང་ཁ་ཆེ་རྒྱལ་ཁབ། Emory ནུབ་ཕྱོགས་ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་དབར་འབྲེལ་བ་བཟང་པོ་ཡོད་ཚུལ་སོགས་ཀྱི་སྐོར་རྒྱས་པར་གསུང་བཤད་གནང་ཡོད།
 

 དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་སུམ་ཅུ་སོན་པ་གཉིས་དང་། ཞབས་ལོ་ཉི་ཤུ་སོན་པ་ལྔ་ལ་གཟེངས་བསྟོད་བྱ་དགའ་གསོལ་བསྩལ་གནང་།  དེ་བཞིན་སྨན་རྩིས་ཁང་ནས་དཔར་བསྐྲུན་ཞུས་པའི་དེབ་རིགས། ༡། ལུས་ཀྱི་ལྷན་སྐྱེས་སྲིན་རིགས་དཔྱད་གཞི་ཕྱོགས་བསྒྲིགས། ༢། རྩ་ཆུའི་ལྷན་ཐབས་ཀྱི་རྩ་འགྲེལ། ༣། བོད་ཀྱི་གསོ་བ་རིག་པ་ལས་ཆམ་རིམས་ནད་གཞི་སྔོན་འགོག དེབ་ཕྲེང་༡༠ ༤། ཡོ་ག་ལས་ནད་རིགས་སྔོན་འགོག་ཤེས་བྱ། ༥། Centenary Report of Men-Tsee-Khang 1916-2016 Book 1 ༦། བཙོ་ཐལ་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་བཅས་དབུ་འབྱེད་གནང་། དེ་བཞིན་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ ༡༨།  ༡༩། དང་རྩིས་སློབ་སྐབས་ ༩། ༡༠། བཞིའི་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་སོན་པ་གསུམ་རེ་དང་། ལོ་རེའི་རྩེ་ཕུད་སློབ་མ། སྤྱི་པའི་རྒན་བདག་བཅས་ལ་ལག་ཁྱེར་དང་གཟེངས་བསྟོད་བྱ་དགའ་གསོལ་བསྩལ་གནང་།

          ཕྱི་ལོ་ ༢༠༡༦ ལོའི་ནང་སྨན་རྩིས་ཁང་ནས་གསོལ་སྨན་ཁག་བཅུ་དེང་རབས་དང་མཐུན་པ་གཟའ་བདེ་སྤྱོད་བདེ་ཡོང་ཆེད་སྨན་ཁུ་བཟོ་སྦྱོར་ཞུས་ཡོད་པ་ནས་སྨན་སྣ་དྲུག་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ལ་འགྲེམས་སྤེལ་ཞུས་ཟིན་པར་བརྟེན། ད་ཐེངས་མཛད་སྒོའི་སྟེང་སྨན་ཁག་བཞི་ཡོད་དེ། ༡། སྟར་བུ་ལྔ་པ། ༢། ནོར་བུ་བདུན་ཐང་། ༣། སོ་སྣུམ་བདུན་པ། ༤། འཕྲུལ་ཐང་། བཅས་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ནས་དབུ་འབྱེད་གནང་ཡོད།
 

          དེ་མཚམས་དམིགས་བསལ་སྐུ་མགྲོན་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན། སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གང་གནང་བ་དང་གྲུབ་འབྲས་ཐོན་པ། ལས་གཞི་དང་ལས་འཆར་ཡོད་པ་རྣམས་ཀྱི་ལས་བསྡོམས་ཞིབ་ཕྲ་ཞིག་གསུངས་པར་དགའ་བསུ་ཞུ་བ་དང་ལྷན་ཁང་ངོས་ནས་བསྔགས་བརྗོད་ཞུ་གི་ཡོད་སྐོར་གསུངས། དེ་བཞིན་མུ་མཐུད་ནས། སྔ་ལོ་སྨན་རྩིས་ཁང་གི་བརྒྱ་སྟོན་མཛད་སྒོའི་སྐབས་མགོན་པོ་གང་གིས་བཀའ་སློབ་གང་དང་གང་ཕེབས་པ་རྣམས་ལམ་སྟོན་ཉིད་དང་། མ་འོངས་ང་ཚོས་ཕྱག་ལས་གནང་ཕྱོགས་དང་དམིགས་ཚད་བཟུང་ས་ལྟ་བུ་འགྱུར་ཡོད་པ་དེ་རིང་གི་དུས་སྐབས་བརྒྱུད་ནན་པོ་བྱས་ནས་ཞུ་འདོད་བྱུང་བ་དང་། སྨན་རྩིས་ཁང་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་བར་སྨན་རྩིས་ཁང་གི་འགོ་མང་ཡོངས་ནས་བོད་རིགས་མང་ཚོགས་ཀྱི་ནད་གཞི་བཅོས་ཐབས་ཐོག་ལ་འབད་བརྩོན་རབ་དང་རིམ་པ་མང་པོ་གནང་ཡོད། དུས་རིམ་དེའི་ནང་གཙོ་བོ་སྨན་གསར་བཟོ་བྱས་པ་དང་། སྨན་གྱི་ལམ་ནས་ནད་རིགས་བཅོས་ཐབས་བྱས་པ་དེ་གསོ་བ་རིག་པ་ཙམ་མ་ཡིན་པར་ཕྱི་ལུགས་དང་ལྷག་པར་འཕྲོད་བསྟེན་ལས་ཁུངས་ལ་ཆ་བཞག་ན་བརྒྱད་ཅུའི་མགོ་སྟོད་ལ་གསར་འཛུགས་གནང་ཡོད། དེ་དུས་བཅོས་ཐབས་ཐོག་ལ་འབད་བརྩོན་ཤུགས་ཆེ་གནང་ཡོད་པ་མངོན། དེར་བརྟེན་སྔོན་འགོག་གི་ཆ་ལ་སྤྱིར་ཕྱག་ལས་གནང་ཡོད་ཀྱང་ཤུགས་ཇི་ཙམ་རྒྱག་ཐུབ་ཡོད་མེད་དེ་དྲི་བ་གཅིག་ཆགས་ཡོད་པས་རྐྱེན་གྱི་བཀའ་སློབ་དེ་ཕེབས་ཡོད་པར་གསུངས།  སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་སྲ་བརྟན་གནས་རྒྱུ་གལ་ཆེན་པོ་ཡིན་ལ་དེའི་བརྒྱུད་ནས་བོད་ཀྱི་ཐུན་མིན་སྨན་རྩིས་རིག་གཞུང་འདི་ཁྱབ་འཕེལ་འགྲོ་དགོས་པ་དང་། སྒྲིག་འཛུགས་འདི་ལ་ཉེན་ཁ་འཕྲད་སྲིད་པའི་རྐྱེན་རྣམས་ལ་འགོག་ཐབས་འབད་བརྩོན་གནང་དགོས་པ་གནད་འགག་ཆེན་པོ་ཆགས་འདུག སྨན་རྩིས་ཁང་ནས་ནད་རིགས་སྔོན་འགོག་ཐོག་ནད་རིགས་ཁག་དང་དབུགས་སྦྱོང་དང་ལུས་སྦྱོང་ཐོག་དེབ་ཆུང་དཔར་བསྐྲུན་ཞུས་པ་དང་། འོད་སྡེར་བརྒྱུད་ལམ་སྒོ་ནས་ཁྱབ་བསྒྲགས་གཏོང་བ་དང་། ས་གནས་ས་ཐོག་ལ་སྨན་པ་རྣམས་ཀྱིས་ནད་རིགས་སྔོན་འགོག་ཐོག་གཏམ་བཤད་གནང་བཞིན་ཡོད་ལ་ལྷག་པར་ཕྱི་ལུགས་དང་གསོ་རིག་བཟུང་སྦྲེལ་ཐོག་ནས་ནད་རིགས་སྔོན་འགོག་གོ་རྟོགས་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་གསུངས་སོང་།  དེ་བཞིན་གསོ་བ་རིག་པའི་རིག་གཞུང་གི་རྒྱུན་འཛིན་མཁན་དེ་སློབ་ཕྲུག་རྣམས་ཆགས་ཡོད་ལ་འབྱུང་འགྱུར་དུས་སུ་སྤྱི་ཚོགས་ལ་ཁ་ཚུར་བསྐོར་ནས་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་དེ་དུས་རྒྱུན་དུ་ཐུགས་ལ་བཅང་དགོས།  གསོ་རིག་སྨན་སྣ་སྦྱོར་སྡེ་བྱེད་སྐབས་གཙོ་བོའི་སྨན་དེ་མ་ཐོབ་པ་ཡིན་ན་སྨན་ཚབ་གཞན་གང་གཏོང་དགོས་པའི་སྐོར་ལ་ཞིབ་འཇུག་བྱེད་ནས་གསར་བསྐྲུན་གནང་ཐབས་ལ་ཐུགས་སྣང་གནང་དགོས་པ་དྲན་གྱི་འདུག་སོགས་གསུང་བཤད་རྒྱས་པར་གནང་ཡོད།

མཐར་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་མི་རྗེ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན་དུ། འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར་ད་ལྟའི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ཁོང་བསྐྱར་དུ་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་བར་བཀའ་ཤག་ཚབ་བྱས་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས། ད་ལྟ་སྨན་རྩིས་སློབ་མའི་རྒྱུགས་འབྲས་སྒྲོགས་སྦྱང་སྐབས་རྩེ་ཕུད་ཕལ་ཆེ་བ་བུད་མེད་རེད་འདུག་ལ་དེ་སྔ་ཚོགས་ཁང་དེ་ཉིད་ནང་དུ་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཚོགས་འདུ་བསྐོངས་བ་འགྲིག་འདུག་སྙམ་པ་བྱུང་གསུངས། དེ་བཞིན་མུ་མཐུད་ནས། སྨན་རྩིས་ཁང་འདི་ཐོག་མའི་ཆ་ལ་སྨན་པ་གཅིག་དང་སློབ་ཕྲུག་བཞི་ཡོད་པའི་སྐབས་ནས་ྋགོང་ས་མཆོག་གིས་འབད་བརྩོན་གནང་དགོས་པའི་བཀའ་སློབ་ཕེབས་པ་རྣམས་མི་རབས་རྒན་པ་རྣམས་ཀྱིས་བཀའ་གསུང་ཅི་སྒྲུབ་བྱས་པ་ལ་བརྟེན་ནས་ད་ལྟའི་ཡར་རྒྱས་འདི་ཕྱིན་ཡོད། དེར་བརྟེན་ང་ཚོས་ཐོག་མའི་འབྱུང་རབས་རྣམས་ནམ་ཡང་བརྗེད་རྒྱུ་མེད་ལ་དེའི་སྟེང་སྨན་པ་དང་། ལས་བྱེད་སོགས་སུ་ཡིན་རུང་དུས་རྟག་ཏུ་ྋགོང་ས་མཆོག་གི་བཀའ་དགོངས་རྣམས་ཐུགས་ལ་བཅང་དགོས་པ་གལ་ཆེན་པོ་ཡིན།   ད་ལྟའི་ཆར་སྨན་རྩིས་ཁང་གི་སྨན་དེ་དག་ཕན་ཐོགས་ཡོད་པ་ལས་གནོད་ཀྱི་ཡོད་པ་ངོས་འཛིན་བྱེད་མཁན་མེད། འོན་ཀྱང་སྨན་གྱི་སྤུས་ཚད་ཞན་དུ་ཕྱིན་ནས་གནོད་པ་འདྲ་བྱུང་ན་གསར་འགྱུར་བརྒྱུད་ལམ་ཐོག་ནས་སྨན་རྩིས་ཁང་ལ་མིང་ཆད་ཡོང་བ་དང་། བོད་པའི་སྨན་པ་རྣམས་ཀྱིས་ན་ཚ་ཚོད་དཔག་བྱས་པ་ལས་བཅོས་ཐུབ་ཀྱི་མིན་འདུག་ཟེར་བ་ལྟ་བུ་དེ་འདྲ་ཡོང་སྲིད་པ་ཞིག་ཡིན། ཁྱབ་བསྒྲགས་དེ་འདྲ་ཕྱིན་པ་ཡིན་ན་ཉེན་ཁ་ཆེན་པོ་ཡིན། ད་ལྟའི་བར་སྨན་གྱི་སྤུས་ཀ་ལེགས་པོ་ཡོད་པ་དེ་ལས་ལྷག་ཏུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་དགོས་པ་གལ་ཆེན་པོ་ཡིན། ནད་པས་སྨན་པ་བསྟེན་གཏུགས་འགྲོ་སྐབས་སྨན་པ་འཕྲོད་དང་མ་འཕྲོད་ཡོང་བཞིན་ཡོད། སྨན་པ་སྐད་གྲགས་ཇི་ཙམ་ཆེ་ཡང་རྣམ་འགྱུར་དང་བཀའ་མོལ་གནང་སྟངས། ཡ་ལན་བྱེད་སྟངས། བསླབ་བྱ་གནང་སྟངས་སོགས་རྩུབ་པོ་དང་དུས་ཚོད་མེད་མདོག་བྱེད་པ་ཡིན་ན་ནད་པའི་ངོས་ནས་རྣམ་རྟོག་ཟ་ཞིང་བརྟག་དཔྱད་ཡག་པོ་བྱེད་ཀྱི་མེད་པའི་ཚོར་སྣང་བྱུང་སྲིད། སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱི་ཁྱད་ཆོས་ཆེ་ཤོས་དེ་མི་དང་མིའི་དབར་གྱི་འབྲེལ་བ་བཞག་ཐུབ་པ་དེ་ཡིན། སྨན་པ་རྣམས་རྩ་ཆུ་བརྟག་པའི་སྐབས་འཇམ་པོའི་སྒོ་ནས་དང་བྱང་སེམས་གཙོ་བོ་གཞི་བཞག་བྱས་ནས་གནང་དགོས་པ་ཧ་ཅང་གི་གལ་ཆེ། ནུབ་ཕྱོགས་སུ་སྨན་པ་དང་ནད་པའི་དབར་འབྲེལ་བའི་དུས་ཚོད་ཐུང་ཐུང་དང་རྩུབ་པོ་ཆགས་དུས་ཕན་ཚུན་ཡིད་ཆེས་ཉུང་དུ་འགྲོ་བཞིན་པ་དང་། ང་ཚོའི་སྨན་པ་ཚོས་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་ནད་པར་བརྟག་པའི་སྐབས་སེམས་གཙོ་བོར་བཟུང་ནས་བསླབ་བྱ་སོགས་བྱས་པས་ནད་པའི་ཡིད་འཕྲོག་ཐུབ་ལ་ན་ཚ་བརྒྱ་ཆ་ལྔ་བཅུ་ཙམ་རང་བཞིན་གྱི་དྲག་སྐྱེད་བྱུང་ཐུབ་པ་ཡིན། དེ་ཚོ་སྨན་རྩིས་ཁང་གི་སློབ་གྲྭའི་གནས་སྐབས་ནས་བསླབ་ཅིང་ཐུགས་ལ་གཉར་གནང་དགོས་པ་གལ་ཆེན་པོ་ཡིན། དེ་སྔ་ྋགོང་ས་མཆོག་ཧར་ཝཌ་འཕྲོད་བསྟེན་སློབ་གྲྭར་ཆིབས་བསྒྱུར་གནང་སྐབས་ངས་ངོ་ཤེས་པ་སེམས་ཁམས་རིག་པ་གྲགས་ཅན་ཞིག་གིས་ཁོང་ཚོས་ྋགོང་ས་མཆོག་གདན་འདྲེན་ཞུ་དགོས་དོན་སྐོར་གསུངས་གསལ། ནུབ་ཕྱོགས་ནང་དུ་སེམས་ནད་སྨན་པས་སེམས་ཁམས་རིག་པའི་ནང་སེམས་གཙོ་བོ་གཞི་བཞག་གི་མེད་ལ་ཀླད་པ་དེ་གཙོ་བོར་བཟུང་གི་ཡོད་པ་དང་། སེམས་དེ་ཁས་ལེན་གྱི་མེད་ཚུལ་སྐོར་གསུངས་སོང་། སེམས་དེ་གང་རེད་ཞུས་སྐབས་སེམས་ནི་ཀླད་པ་ལས་གཞན་པ་མེད་ཚུལ་དང་། Mind is what brain does and what brain says (སེམས་ནི་ཀླད་པས་གང་བྱེད་དང་གང་བཤད་ཡིན།) དེར་བརྟེན་ང་ཚོའི་སེམས་ཁམས་རིག་པའི་ནང་སེམས་དེ་གཙོ་བོ་འཛིན་པས་སྨན་རྩིས་ཁང་གི་སྨན་པ་རྣམས་ནས་དེའི་ཐོག་ཕན་ཐོགས་ཡོད་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་ཞུས་ན་ང་ཚོ་ལ་ནུབ་ཕྱོགས་ལ་མེད་པ་ཞིག་ཡོད་དུས་ཚང་མས་དོ་སྣང་བྱེད་བཞིན་ཡོད་གསུངས་པ་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས། སྨན་རྩིས་ཁང་དུ་ཡུན་རིང་ཕྱག་ལས་གནང་མཁན་ཚོ་ལ་ཡིད་རང་བསྔགས་བརྗོད་ཞུ་བ་དང་། གང་ཡིན་ཟེར་ན་སྤྱི་ཚོགས་ནང་དུ་འཕོ་སྒྱུར་ཆེན་པོ་འགྲོ་བཞིན་པའི་སྐབས་ལས་བྱེད་ཀྱང་དེ་བཞིན་འཕོ་སྒྱུར་འགྲོ་བ་དང་སྒྲིག་འཛུགས་ནང་ཡུན་རིང་ཕྱག་ལས་གནང་མཁན་དཀོན་པོ་ཡིན་པར་བརྟེན་བསྔགས་བརྗོད་ཞུ་གི་ཡིན་སོགས་གསུང་བཤད་རྒྱས་པར་གསུངས་གནང་སོང་།

མཇུག་ཏུ་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་རྗེས་གསོ་རིག་བསྟན་རྒྱས་སྨོན་ལམ་སྐད་གསང་མཐོ་པོའི་ངང་འདོན་ཞིང་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་གྱི་མཛད་སྒོ་མཇུག་སྒྲིལ་གནང་སོང་།།








 

མཐའ་མའི་འདོན་ཐེངས་།: 03.10.2019 ཉིན། 10:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།