ལེའུ་སོ་ལྔ་པ། གློ་བའི་ནད་བཅོས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023 |
མན་ངག་རྒྱུད། >> ལེའུ་སོ་ལྔ་པ། གློ་ནད་བཅོས་པ། |
ལེའུ་སོ་ལྔ་པ། གློ་བའི་ནད་བཅོས་པ།
སྙིང་ནད་གསོ་བའི་ལེའུ་གསུངས་ཚར་ནས་བྱ་བ་གཞན་གྱིས་བར་མ་ཆོད་པའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། དོན་ལྔའི་བློན་པོ་གློ་ནད་གསོ་བ་ལ་རྒྱུ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་བཞིའི་སྒོ་ནས་བསྟན་ཏེ།
རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་གསུམ་དང་ཆུ་ཤོར་བའམ། ཤ་ལ་སོགས་པ་རུལ་པ་སྐྱུར་པོ་སོགས་སྐྱུར་བའི་རིགས། ཟོ་མར། ཚྭ་དང༌། དུ་བ་དང༌། ཆམ་པ་འགྲམས་པ་དང༌། དྲག་ཤུལ་གྱི་ལས་རྣམས་ཀྱིས་སྐྱེད་པར་བྱེད་དོ། །
དབྱེ་བ་ཕྱེ་ན་ཐེང་པོ་སྐྱ་རྦབ་གཉིས་རླུང༌། ཚ་བ་མཁྲིས་པ་དང༌། ཆུ་ཤོར་དང་ཐེས་པོ་གཉིས་བད་ཀན། ཁྲག་གི་གློ་གཅོང༌། གློ་རྒྱས་དང༌། བུང་ཚང་ཅན་སོགས་དང་རྣམ་པ་བརྒྱད་དུ་བཤད་དོ། །
དེ་རྣམས་ངོས་འཛིན་གྱི་རྟགས་ནི་རླུང་ལས་གྱུར་པའི་ཐེང་པོ་ཞེས་པ་ལ་གློ་ཐེང་པོ་རྒྱུན་དུ་ལུ་ཞིང་འགོག་པ་དཀའ་ལ་ལྦུ་བ་གསོག་པ་དགོངས་དང་ཐོ་རངས་ཀྱི་དུས་སུ་གློ་སུད་པ་མང་བ་འབྱུང༌། སྐྱ་རྦབ་ནི་གློ་མང་ཞིང་མིག་ལྕིབས་དང་རྐང་བོལ་གཡོ། ཚ་བ་ལའང་ནང་གསེས་ཚ་སུབས་ཚ་གཟེར་གཉིས་སུ་དབྱེ་བ་ཡོད་པ་ལས་ཚ་སུབས་ནི་རྩ་ཆུ་ཚད་རྟགས་ཆེ་ལ་རོ་སྟོད་བརྒྱངས་ཤིང་ལུད་པ་ལ་ཚྭ་བྲོ་བ་ལྦུ་ཆུང་མཁྲིས་པ་འོང་ཞིང༌། སྟོན་ཀའི་དུས་སུ་དྲག་ཤུལ་གྱི་རིགས་དང་དྲོད་བཅུད་ཅན་གྱི་ཟས་ཤིན་ཏུ་གནོད། ཚ་གཟེར་ནི་ཉལ་བ་ལ་མི་བདེ་ཞིང༌། དབུགས་ཀྱིས་ཡར་དྲག་པོར་གྱེན་དུ་རྩེག་པ་ལྟར་ཐེག་ཅིང་གློ་ལུ་བ་དང་ལུད་པ་དམར་སེར་ལུ་ཞིང་སྐབས་སྐབས་སུ་གཟེར། ཆུ་ཤོར་ནི་ངལ་ཆུ་གློ་ལ་ཤོར་བ་ཡིན་ཏེ་སྟོད་བརྒྱངས་ཤིང་མགོ་ན་ལ་མིག་སྤྲིན་སེར་པོར་འོང་བ་དང༌། དང་ག་མི་བདེ་ཞིང་གློ་མང་དབུགས་ཐུང་ཐུང་རྔམ་པས་གྱེན་དུ་ཐེག་པ་དང་ཤ་སྐམ་ལ་རྔུལ་མེད་ཅིང་གཏམ་སྦྲེལ་ནས་སྨྲ་མི་ཐུབ་པར་གཏམ་གྱི་བར་གློ་ཆུང་དང་དབུགས་རྔམ་འདེགས་ཀྱིས་བཅད་ཅིང་སྨྲ། གཞུག་ཏུ་ལུད་བ་ཤ་སྐྱོ་ལྟ་བུ་གློ་ལས་འཛག ཐེས་པོ་ནི་ལུད་པ་སྔོ་ལ་ལྗོབ་པ་མང་དུ་ལུ་ཞིང་གྱེན་ལ་དབུགས་རྔམ་པས་ཐེག་ཅིང་རོ་སྟོད་ལྕི་ལ་ཁེངས་པ་དང༌། ལུད་པ་ཐོན་པའི་རྗེས་སུ་ཅུང་ཟད་བདེ་སྙམ་བྱེད། གློ་གཅོང་ནི་ཤ་སྐེམ་ཞིང་ཤེད་ཆུང་ལ་འགུལ་བསྐྱོད་བྱེད་མི་ནུས་ཤིང་བྱི་ལའི་མགུལ་འདྲ་བར་ངར་ངར་ཟེར་ཞིང་ཟས་སྨན་འཛེམ་བཅོས་བྱས་པར་ཕན་སྐྱེད་ཆུང༌། གློ་རྒྱས་ནི་མིག་དམར་ཞིང་ལྕེ་མཆུ་མཁུར་ཚོས་སོགས་སྨུག་ལ་སྐད་འཛེར་བ་དང་སྟོད་བརྒྱངས་པ་ལྟར་དབུགས་ཐུང་རྔམ་རྒོད་ལུད་པ་དམར་པོ་འོང༌། བུང་ཚང་ནི་གློ་མིག་ནས་རྣག་གི་ལུད་པ་ཤེ་རུལ་དང་རྣག་ཏུ་འབྱུང༌། ཡང་ན་སྔོན་པོ་ལྦུ་བ་ཅན་གྱི་གསེབ་ཏུ་ཉའི་མིག་ལྟ་བུའི་རྣག་དང་འདྲེས་པར་ལུ། སྤྱིར་ན་གློ་བ་འདི་བད་ཀན་གྱི་ཡུལ་ཡིན་པས་ན་དབྱར་གའི་དུས་སུ་བདེ་ལ་དགུན་གྱི་དུས་སུ་ན་བ་དང༌། ཉིན་པར་བདེ་ལ་མཚན་མོའི་དུས་སུ་ན་བ་ཡིན་ནོ། །
དེ་རྣམས་ཀྱི་བཅོས་པའི་ཐབས་ཀྱི་དང་པོ་རླུང་གློ་ལ་བསིལ་ལ་བཅུད་པ་བསྟེན་ཞིང༌། མངར་སྦྲང་བུར་ཀར་གསུམ། ཛཱ་ཏི། ཤིང་ཚ། སུག་སྨེལ། པི་པི་ལིང༌། པྲི་ཡང་ཀུ། བ་མར་བཅས་ཀྱི་ལྡེ་གུ་དང་ཕྱི་རྒྱུད་ལྟར་འབྲས་བུའི་སྨན་མར་སྦྱར་བ་ཟ་ཞིང༌། དེས་ཀྱང་མ་ཞི་བར་གསོ་བ་དཀའ་བ་ལ་དཔྱད་དུ་ཚིགས་པ་བཞི་པ་དང་ལྔ་པ་མེས་བསྲེག གློ་ནད་སྐྱ་རྦབ་ལ་སྟར་བུ། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཤིང་མངར། ཨ་རུ་ར། ལྕགས་ཕྱེ། སྦྲང་བཅས་ཀྱི་ལྡེ་གུ་བྱ་བ་དང༌། ཡང་ན་ཅུ་གང༌། གུར་ཀུམ། ལི་ཤི། སུག་སྨེལ། ཤིང་མངར། ཨ་རུ་ར། ལྕགས་ཕྱེ་སྦྲང་བཅས་ཀྱི་ལྡེ་གུ་བྱས་ལ་བྱ་རོག་མིག་དང་ཚིགས་པ་ལྔ་པ་བསྲེག ཚ་སུབས་ལ་ཙནྡན། བསིལ་གསུམ། ཨུཏྤལ། གླ་སྒང༌། རྒུན་འབྲུམ། ཤིང་མངར་དང་བཅས་པ་བརྒྱད་དང༌། ཡང་ན་ཙནྡན་དཀར་པོ། ཨ་རུ། གི་ཝཾ། གུར་ཀུམ། ཅུ་གང༌། ཤིང་མངར། རྒུན་འབྲུམ། སྲོ་ལོ། སྤང་རྒྱན། འབུ་སུ་ཧང་བཅས་བཅུ་པ་གཏོང་བ་དང༌། ཡང་ན་ཨ་ཀྲོང༌། སྟར་བུ། ཅུ་གང༌། གུར་ཀུམ། རུ་རྟ། ཤིང་མངར། ཙནྡན་དཀར་པོ། བྱི་ཚེར་དང་བརྒྱད་སྦྱར་བ་གཏོང་བ་དང༌། བ་ར་མཛོ་སོགས་ཀྱི་མར་གསར་དང་ཤ་གསར་བསྟེན། ཚ་གཟེར་ལ་ཡང་དེ་བཞིན་དུ་བཅོས་དགོས་ཤིང་ཁྱད་པར་གཏར་བར་བཟང་སྟེ་དྲུག་འགོ་གཏར་ཞིང༌། དེ་རྗེས་ཕྱི་རྒྱུད་ལྟར་དེད་དཔོན་བཞི་པའམ་བཅུ་པའི་ཁཎྜ་ལ། ཚ་ལ། ཤིང་མངར། རྒུན་འབྲུམ། ཨ་ཀྲོང་བསྡེབས་པའི་བཤལ་དང་རོ་སྟོད་ལ་ཆུ་ལྕག་བྱ་ཞིང༌། ག་བུར་ཉི་ཤུ་རྩ་ལྔ་པ་སྦྱར། ཆུ་ཤོར་གྱི་ནད་ལ་ཤིང་མངར་དང་ཡུང་བ་གཉིས་སྔོན་དུ་བཏང་ལ་དེ་རྗེས་ཕྱི་རྒྱུད་ལྟར་སྐྱུགས་ཀྱི་སྨན་སྦྱོར་གཙོ་བོ་ལ་ཤིང་མངར་དང་འབྲི་ཏ་ས་འཛིན་བསྣན་པའི་གློ་སྐྱུགས་བྱ་ཞིང༌། ཤིང་མངར། འདམ་བུ་ཀ་ར། ལི་ག་དུར། ཅུ་གང༌། གུར་ཀུམ། དོམ་མཁྲིས། ཙནྡན་དཀར་པོ་རྣམས་ཀ་ར་དང་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ་ལ་བཏང༌། རྗེས་ལ་སྲོ་ལོ་དཀར་པོ། ག་དུར། འདམ་བུ་ཀ་ར། མཚལ། བཅད་འབྱོར་ཞེས་ཡུ་གུ་ཤིང༌། གུར་ཀུམ། ཀ་ར་རྣམས་སྦྱར་བ་འོ་མས་དབུལ་ཞིང༌། ཝ་ལ་སོགས་པའི་གློ་བ་སྣ་ཚོགས་ཀྱང་བཏང༌། བད་ཀན་གློ་བའི་སྦུབས་སུ་ཞུགས་པའི་ཐེས་པོ་ཞེས་པ་བད་ཀན་རང་གི་ཡུལ་ཡིན་པ་དེ་ལ་སྤྱང་ཚེར། རི་ཤོ། དུར་བྱིད་བཅས་ཀྱི་ཁུ་བར་རྒྱམ་ཚྭ་དང་པི་པི་ལིང་བཏབ་པའི་སྐྱུགས་ཀྱིས་ཕོ་བ་དང་གློ་སྦུབས་ཀྱི་བད་ཀན་རྣམས་སྦྱངས་ཤིང༌། ཡང་རྫོང་འཕྲང་དུ་ནི། བད་ཀན་གློ་ནད་ལ་གླ་སྒང༌། ཤིང་མངར། ལྡོང་རོས། བ་བླ། སྤང་སྤོས་རྣམས་ཀྱི་དུ་བ་སྣར་བདུགས་པས་སྐྱུགས་ཞེས་སོ། །སྟར་བུ་པཉྩ་ནི་སྟར་བུ་ལྔ་པ་ཞེས་པ་སྟེ། སྟར་བུ། སྐྱུ་རུ་ར། ཤིང་ཚ། རུ་རྟ། པི་པི་ལིང་རྣམས་སྦྲང་གིས་རིལ་བུ་བྱས་པས་ལུད་པ་གྱེན་དུ་དྲངས་ཞིང༌། རྗེས་ལ་མཱུ་ལ་ལྔ་ནི། མ་ནུ། གླ་སྒང༌། ག་དུར། སྒེ་གཤེར་དང་བ་རུ་རའམ། ཡང་ན་ཅུ་གང༌། ཤིང་ཚ། སུག་སྨེལ། པི་པི་ལིང༌། སྦྲང་བཅས་ཀྱི་ལྡེ་གུའམ། པི་པི་ལིང་གི་ལྡེ་གུ་ནི། པི་ལིང་མར་དཀྱིལ་དུ་བཙོས་པ་མར་དཀར་སྦྲང་རྩིར་སྦྱར་བ་བསྔགས་པ་ཡིན་ཞིང༌། ཤ་གསར་མར་གསར་སྦྲང་རྩི་སོགས་ཚད་དང་ལྡན་པར་བཏང༌། ཐེས་པོ་ལ་སོགས་པའི་གློ་ནད་རླུང་དང་ལྡན་པ་གང་དང་གང་ལ་བའི་འོ་མ་བཞོས་ཐོག་མ་རླུང་གི་དུས་སུ་བཏང་བར་གྱུར་ན་མཆོག་ཏུ་བསྔགས་སོ། །གློ་གཅོང་ནི་གློ་མིག་ཏུ་ལུད་པའི་གཅོང་ཞེས་ཡུན་དུ་བསགས་ཤིང་འདྲིལ་བ་ཡིན་པས་རྩ་ཨ་ཀྲོང༌། མཁན་པ། བུལ་ཏོག་རྣམས་བཙོས་པའི་ལུམས་སམ་སྨན་ཆུ་འམ། ཆུ་ཚན་རང་བྱུང་གི་ལུམས་སམ་དེ་མིན་ཆུ་བསྲོས་ལ་ཚ་གྲང་གི་བབས་བལྟས་སྨན་བཏབ་པ་བསྟེན། དེ་ནས་སྟར་བུ་པཉྩས་གོང་ལྟར་ལུད་པ་གྱེན་དུ་དྲངས་བའི་ཐབས་བྱས་རྗེས་ལུད་པ་སྐྱ་ལ་སྔོ་བ་སྐམ་པོར་འདྲིལ་བ་མང་དུ་ཐོན་ན་འཚོ་ཞིང༌། དེ་དག་བྱས་ཀྱང་མ་ཐོན་ན་གོང་གི་ལུམས་དང་འདྲེན་སྦྱོར་སྟར་བུ་པཉྩ་སོགས་བསྐྱར་ལ་ལུད་པ་སྦྱང་བ་དང༌། སྐབས་སྐབས་སུ་གོང་གི་ཅུ་གང་གི་སྦྱོར་སྡེའི་ལྡེ་གུར་སྦྱར་བའམ་ཅུ་གང་ལྔ་པའི་ཕྱེ་མ་བ་འོར་སྦྱར་བ་རྩ་ཟ་ཞོ་འཐུང་བའི་རེའུ་འམ་ལུ་གུའི་གློ་བ་མ་སུངས་པའི་གསར་པ་དེ་བརྒྱངས་ཏེ་གཏང་བར་བྱ་ཞིང༌། གླ་བ་དགོ་བ་བ་བཅས་པའི་ཤ་གསར་པ་དང་གྲོ་ཆང་ཡོས་ཆང་གཉིས་སྲོ་ལོའི་ཁུ་བས་བསིངས་པ་བསྟེན། གློ་རྒྱས་ལ་རྩེ་ཆུང་དང་དྲུག་འགོ་མང་དུ་གཏར་ཞིང༌། ལུད་པ་དམར་ན་རྒྱ་སྐྱེགས་འབྲི་མོག་བཙོད་བཅས་དམར་པོ་གསུམ་པོ་དང་སྲོ་ལོ་དཀར་པོའི་བསྡུས་ཐང་ལ་ཀ་རའི་ཕྱེ་མ་བཏབ་པ་ཡང་ཡང་བཏང་ཞིང༌། ཙནྡན་དཀར་དམར། ཅུ་གང༌། གུར་ཀུམ། བ་ཤ་ཀསྤང་རྩི། སྲོ་ལོ། བོང་ང་དཀར་པོ། ཀྱི་ལྕེ། ཨུཏྤལ། སྐྱུ་རུ་ར་བཅས་བཅུ་གཅིག་གི་ཕྱེ་མ་གོང་གི་ཐང་དེས་དབུལ། རྗེས་ལའང་རྩ་གོང་མ་གཉིས་རང་གཏར་ཞིང་ག་བུར་ཉི་ཤུ་རྩ་ལྔ་པ་དམར་པོ་གསུམ་གོང་བཤད་ལྟར་དང་མཚལ་བསྣན་ལ་སྦྱར། བཅོས་ཅི་བྱས་ཀྱང་སྐྱེད་ཆུང་ཞིང་མ་ཕན་ན་སྨུག་པོར་བྱེར་སྲིད་པས། སྨུག་པོའི་ཁྲག་བཤལ་དུར་བྱིད། ཧོང་ལེན། ཚ་ལ། སྟར་བུ་རྣམས་ཀྱི་བཅོས་ཐབས་བསྔགས་པ་ཡིན་ཞིང༌། ཁྲག་ཏུ་བརྡོལ་ན་པུཥྤ་ཞེས་སྲན་མའི་མེ་ཏོགསྐྱེར་པའི་མེ་ཏོགགུར་ཀུམ། དོམ་མཁྲིས། ཚོས་ཁུ་བཅས་པ་ལྔ་སྦྱོར་རམ། ཀརྵ་པ་ཎི་ཞེས་འགྲོན་བུ་ལྔའི་ཐལ་བ། དོམ་མཁྲིས། གུར་ཀུམ། མཚལ། ཟབ་ཐལ་བཅས་པ་ལྔ་སྦྱོར། ཡང་ན་མདོངས་ཐལ་ལྔ་ནི། རྨ་བྱ། རྦབ། ཟེར། བྱ་མཚལ། ཕུག་རོན་སྒྲོ། འགྲོན་བུ། ཕུར་མོའི་ཐལ་བའི་སྦྱོར་བ་རྣམས་བསྔགས་ཤིང༌། མང་དུ་གཏར་བ་ཡང་གློ་རྩ་དྲུག་འགོ་དང་རྩེ་ཆུང་གཉིས་པོ་གཏར་ཞིང་རོ་སྟོད་ཆུས་བྲན་པ་དང༌། ཟས་སྐོམ་གྱི་རིགས་བསིལ་བ་བསྟེན་ཅིང་སྤྱོད་ལམ་རྩ་ཁ་འབུད་པའི་དྲག་ཤུལ་རྣམས་སྤང་། བུང་ཚང་ལ་རྣག་ཉུང་དུ་དཀར་ལ་སྐ་བ་དྲི་མ་མེད་པ་བྱུང་ན་བསྐམས་པས་སྐེམ་མམ་མི་སྐེམ་བལྟ་སྟེ། ཨ་ཀྲོང༌། ཙནྡན་དཀར་པོ། སྐྱུ་ར་ར། རུ་རྟ། སྟར་བུ། བསིལ་ཅུ་གུར་ལི་གསུམ། ཤིང་མངར། བྱི་ཚེར་བཅས་བཅུ་པ་ཀ་ར་དང་སྦྱར་བ་དང༌། ཟངས་ཐལ། མུ་ཟི། ཤ་རུ། སྤེན་མ། སྲོ་ལོ་དཀར་པོ། ཨ་ཀྲོང༌། ཀ་ར་རྣམས་སྦྱར་བ་དང༌། ཝ་དང་སྲིན་བྱའི་ཀླད་པ། མུ་ཟི། ཟབ་ཐལ། སྲོ་ལོ། ཅུ་གང༌། སྤང་རྒྱན། སྟར་བུ་བཅས་པའི་སྦྱོར་བ་རྣམས་རྣག་བསྐམས་ཤིང་གློ་གསོ་བའི་མཆོག། ཡང་ན་ཕྱི་རྒྱུད་ལྟར་གྱི་ག་བུར་ཉི་ཤུ་རྩ་ལྔ་པའི་སྟེང་དུ་ཤ་དགོ་གནའ་བ་གསུམ་གྱི་རྭ་འབུར་ཙམ་སྐྱེས་པའི་གྭ་དོར་གསུམ་དང༌། དོམ་མཁྲིས་བསྣན་པའི་མན་ངག་དང་ལྡན་པ་ཡིན་པས་སྦྱར་བར་བྱའོ། །རྣག་བུངས་ཆེ་ཞིང་རྟགས་གོང་གསལ་ལས་ལྡོག་པའམ་བསྐམས་པས་ཀྱང་མ་སྐེམ་ན་གོང་གི་སྟར་བུ་པཉྩའི་སྟེང་དུ་པ་ཡག་རྩ་བ། བུལ་ཏོག་ལ་ཆ་འཁར་པོ་བསྣན་པ་མན་ངག་དང་ལྡན་པ་ཡིན་པས་དྲངས། རྣག་དང་ཁྲག་འདྲེས་པ་བྱུང་ན་ཤུ་མོ་ཟའི་སྨན་ནི་བ་དམར་ཟལ་གྱི་མར་གྱིས་འབྲི་མོག་གི་རྩི་དམར་པོ་དེ་བླངས་ལ་རྒྱ་སྐྱེགས། བོང་ཡར་འོ་མ་ཕུལ་དོ། ཤུ་མོ་ཟ་ཚོམས་གཅིགལི་ཤི་ཚོམས་གཅིགཀ་ར་དང་སྦྱར་བ་མཆོག་ཏུ་བསྔགས། ཡང་ན་ཅུ་གང༌། ཨ་ཀྲོང༌། ཀ་ར། ཨ་རུ་ར། བོང་ཡར་མའི་འོ་མར་སྦྱར་བས་རེའུའི་གློ་བ་བརྒྱངས་ཏེ་བཙོས་ནས་བཏང་ན་གློ་གསོ་ཞིང་རྣག་ཁྲག་ཏུ་ལུ་བ་ལ་མཆོག་ཏུ་བསྔགས་པ་ཡིན། ཝའི་གློ་བ། ཨ་རུ་ར། ཅུ་གང༌། མུ་ཟི། དོམ་མཁྲིས། ཤིང་མངར། སྦྲང༌། སྲོ་ལོ་དཀར་པོ་རྣམས་བོང་ཡར་འོ་མར་སྦྱར་བའི་ཐོག་ཏུ་རུ་མ་བཏབ་སྟེ་བསྙལ་བའི་ཞོ་དེ་ཁྱེམ་བུ་གསུམ་གསུམ་བསྟེན་ན་གོང་བཞིན་འཕྲོད་ཅིང་ཤིས། ལུད་པ་ཁྲག་མེད་ཅིང་རྣག་འབའ་ཞིག་ཏུ་བྱུང་ན་རྣག་སྐྱུགས་སྟར་བུ་པཉྩ་མན་ངག་དང་ལྡན་པ་གོང་བཤད་ལྟར་བཏང་བས་སྦྱང་བ་མཆོག་སྟེ་སྒོང་སྤྲིས་དང་སྦལ་སྒོང་ལྟ་བུའི་རྣག་གི་ཡུལ་འཐོན་པར་འགྱུར་བས་དེ་རྗེས་གློ་བ་གསོ་རྗེས་ལུད་པ་ཁྲག་ཏུ་བྱུང་ན་སྨན་མི་བཏང་བར་བཅད་ཅིང་གོང་གསལ་གྱིས་རྣག་གཞུག་མ་ཐོན་ན་ཟངས་ཐལ། ཝ་དང་སྲིན་བྱའི་ཀླད་པ། མུ་ཟི། གོང་བཤད་སག་རྩི། སྲོ་ལོ། པི་པི་ལིང་སླ་ངར་བསྲེགས་པ་དང༌། སྤེན་མ། ཤ་རུའི་ཐལ་བ། སྤང་རྒྱན། ཀ་ར། སྦྲང་རྣམས་སྦྱོར་བ་བྱས་པ་དང༌། ག་བུར་ཉི་ཤུ་རྩ་ལྔ་པའི་སྟེང་དུ་བསེ་རུ། གྭ་དོར། དོམ་མཁྲིས་གསུམ་བསྣན་པ་སྦྱར་ཏེ་ལྟག་པ་སྤྲད་ལ་བཏང་བས་སྐེམ་ཞིང༌། རླུང་དང་ལྡན་པ་སྟེ་རླུང་ཤས་ཆེ་ན་སྲོ་ལོ་དཀར་པོ་བྲེ་ཕྱེད་ཨ་རུ་ཉི་ཤུའི་སྨན་མར་ལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཔི་ལིང༌། སྦྲང་བཅས་ཀྱི་སྨན་མར་སྦྱར་བ་ཟ་ཞིང༌། གློ་མང་པོ་མི་འགོག་ན་ཅུ་གང་བཞི་པ་ཞེས་ཅུ་གང༌། ཤིང་མངར། སྟར་བུ། རུ་རྟ་རྣམས་སྦྱར་བ་བ་འོས་ཡང་ཡང་དབུལ་བས་རྗེས་བཅད་པར་བྱའོ་ཞེས་གསུངས་སོ།།
ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དོན་ལྔའི་ནང་ཚན་བློན་པོ་ལྟ་བུ་གློ་བའི་ནད་བཅོས་པའི་ལེའུ་སྟེ་སོ་ལྔ་པའོ།། །།
མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:17 PM
<< སྔ་མ།