སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་ལྔ་པ། གློ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་སོ་ལྔ་པ། གློ་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དོན་ལྔའི་བློན་པོ་གློ་ནད་གསོ་བ་ལ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

སྤྱི་དོན་དང་པོ་རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་དང་ཆུ་ཤོར་བའམ། །རུལ་སྐྱུར་ཟོ་མར་ཚྭ་དང་དུ་བ་དང༌།  ཆམ་པ་འགྲམས་དང་དྲག་ཤུལ་རྣམས་ཀྱིས་བསྐྱེད།།

སྤྱི་དོན་གཉིས་པ་དབྱེ་བ་དང་པོ་ཐང་པོ་སྐྱ་རྦབ་རླུང་དང་ཚ་བ་མཁྲིས་པ་དང༌། །ཆུ་ཤོར་བད་ཀན་གྱིས་ཐེས་པོ་དང་གློ་གཅོང་གློ་རྒྱས་དང༌། །སྙིང་ལ་བུང་ཚང་ཅན་དང་རྣམ་པ་བརྒྱད་དུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གློ་ཐང་པོ་རྒྱུན་དུ་ལུ། །འགོགས་དཀའ་ལྦུ་གསོག་དགོང་དང་ཐོ་རངས་མང༌། །གཉིས་པ་སྐྱ་རྦབ་གློ་མང་མིག་ལྕིབས་རྐང་བོལ་གཡོ། །གསུམ་པ་ཚ་བ་ཚ་སུབས་དང་ཚ་གཟེར་གཉིས་སུ་དབྱེ། །ཚ་སུབས་རྩ་ཆུ་ཚ་ལ་རོ་སྟོད་རྒྱངས། །ལུད་པ་ཚ་བྲོ་ལྦུ་ཆུང་མཁྲིས་པ་འོང༌། །སྟོན་དུས་དྲག་ཤུལ་དྲོད་བཅུད་ཤིན་ཏུ་གནོད། །གཉིས་པ་མཁྲིས་པས་གློ་ལ་ཚ་གཟེར་ཉལ་བ་མི་བདེ་དབུགས་ཀྱིས་གྱེན་དུ་བརྩེགས་པ་ལྟར་ཐེག་ཅིང་གློ་ལུ། །ལུད་པ་དམར་སེར་ལུ་ཞིང་སྐབས་སུ་གཟེར། །བཞི་པ་ཆུ་ཤོར་ངལ་ཆུ་གློ་ལ་ཤོར་བ་སྟེ། །སྟོད་རྒྱངས་མགོ་ན་མིག་སྤྲིན་སེར་པོར་འོང༌། །དང་ག་མི་བདེ་གློ་མང་དབུགས་ཐུང་རྔམ་པས་གྱེན་དུ་ཐེག །ཤ་སྐམ་རྔུལ་མེད་གཏམ་སྦྲེལ་ནས་མི་སྨྲ་གཏམ་གྱི་བར་གློ་ཆུང་དང་དབུགས་རྔམ་འདེགས་ཀྱིས་བཅད་ཅིང་སྨྲ། །གཞུག་ཏུ་ལུད་པ་ཤ་སྐྱོ་གློ་ལས་འཛག །བད་ཀན་གྱིས་ཐེས་པོ་ལུད་པ་ནི་སྔོ་ལྗོབ་མང་དུ་ལུ། །གྱེན་ལ་དབུགས་ཐེག་རོ་སྟོད་ལྕི་ལ་ཁེངས། །ལུད་པ་ཐོན་རྗེས་ཅུང་ཟད་བདེ་སྙམ་བྱེད། །དྲུག་པ་གློ་གཅོང་ཤ་སྐེམ་ཤེད་ཆུང་འགུལ་མི་ནུས། །བྱི་ལའི་མགུལ་འདྲ་ངུར་སྒྲ་ཟས་སྨན་ཕན་སྐྱེད་ཆུང༌། །བདུན་པ་ཁྲག་གིས་གློ་རྒྱས་མིག་དམར་ལྕེ་མཆུ་མཁུར་ཚོས་སྨུག །སྐད་འཛེར་སྟོད་རྒྱངས་རྔམ་རྒོད་ལུད་པ་དམར་པོར་ཡོང་། །གློ་དམིག་རྣག་གིས་བུང་ཚང་ལུད་པ་ཤེ་རུལ་རྣག་ཏུ་འབྱུང༌། །ཡང་ན་སྔོན་པོ་ལྦུ་བ་ཅན་གསེབ་ཏུ། །ཉ་མིག་ལྟ་བུའི་རྣག་དང་འདྲེས་པར་ལུ། །སྤྱིར་ན་གློ་བ་བད་ཀན་ཡུལ་ཡིན་པས། །དབྱར་དུས་བདེ་ལ་དགུན་དུས་ན་བ་དང༌། །ཉིན་པར་བདེ་ལ་མཚན་མོ་ན་བ་ཡིན།།

སྤྱི་དོན་བཞི་བ་དེ་རྣམས་བཅོས་ཐབས་དང་པོ་རླུང་གློ་བསིལ་བཅུད་བསྟེན། །མངར་གསུམ་(ཛཱ་ཏི་ཤིང་ཚ་སུག་སྨེལ་པི་པི་ལིང་པྲི་ཡངྐུ་བ་མར་གྱི་)ལྡེ་གུ་དང་ཕྱི་རྒྱུད་ལྟར་འབྲས་བུའི་སྨན་མར་སྦྱར། །གསོ་བ་དཀའ་ལ་བཞི་ལྔ་མེ་ཡིས་བསྲེག །གཉིས་པ་གློ་ནད་སྐྱ་རྦབ་(སྟར་བུའི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་ཤིང་མངར་ཨ་རུ་ལྕགས་ཕྱེ་)སྦྲང་གི་ལྡེ་གུ་དང༌། །ཅུ་གང་(གུར་ཀུམ་ལི་ཤི་སུག་སྨེལ་ཤིང་མངར་ཨ་རུ་ལྕགས་ཕྱེ་སྦྲང་གི་)ལྡེ་གུ་བྱ་རོག་མིག་དང་ཚིགས་པ་ལྔ་པ་བསྲེག །གསུམ་པ་ལས་དང་པོ་ཚ་སུབས་ཙན་དན་(བསིལ་གསུམ་ཨུཏྤལ་གླ་སྒང་རྒུན་འབྲུམ་ཤིང་མངར་དང་།) བརྒྱད་དང་(ཨ་རུ་གི་ཝཾ་གུར་ཀུམ་ཅུ་གང་ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་འབུ་སུ་ཧང་དང་)བཅུ་པ་དང༌། །ཨ་ཀྲོང་སྟར་བུ་(ཅུ་གང་གུར་ཀུམ་རུ་རྟ་ཤིང་མངར་ཙན་དན་བྱི་ཚེར་བརྒྱད་དང་)མར་གསར་ཤ་གསར་བསྟེན། །གཉིས་པ་ཚ་གཟེར་དེ་བཞིན་བཅོས་ཤིང་གཏར་བ་བཟང་། །ཕྱི་རྒྱུད་ལྟར་དེད་དཔོན་བཞིའི་བཅུ་བཞི་པའི་ཁཎྚ་ལ་ཚ་ལ་ཤིང་མངར་རྒུན་འབྲུམ་ཨ་ཀྲོང་བཏབ་པའི་བཤལ་དང་དེས་མ་ཞི་ན་རོ་སྟོད་ལ་ཆུ་ལྕག་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །བཞི་བ་ཆུ་ཤོར་ནད་ལ་ཤིང་མངར་ཡུང་བ་གཉིས། །སྔོན་དུ་བཏང་ལ་དེ་རྗེས་གློ་སྐྱུགས་བྱ། །ཤིང་མངར་འདམ་བུ་ཀ་ར་ལི་ག་དུར། །ཅུ་གང་གུར་ཀུམ་དོམ་མཁྲིས་ཙན་དན་དཀར་པོ་རྣམས། །ཀ་ར་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ། །རྗེས་ལ་སྲོ་ལོ་ག་དུར་འདམ་བུ་ཀ་ར་མཚལ། །བཅད་འབྱོར་ཨ་བྱག་ཚེར་སྔོན་གུར་ཀུམ་ཀ་ར་འོ་མས་དབུལ། །ཝ་ལ་སོགས་པའི་གློ་བ་སྣ་ཚོགས་བཏང༌། །ལྔ་བ་གློ་བ་བད་ཀན་གྱི་ཡུལ་ཡིན་པས་བད་ཀན་གློ་སྦུབས་ཞུགས་པའི་ཐེས་པོ་ལ། །འདི་ལ་རྫོང་འཕྲང་དུ་བད་ཀན་གློ་ནད་ལ་གླ་སྒང་ཤིང་ལ་སྡོང་རོས་བ་བླ་སྤང་སྤོས་རྣམས་ཀྱིས་དུ་བ་སྣར་བདུག་པའི་སྐྱུགས་བྱ་ཞེས་གསུངས་སོ།(སྤྱང་ཚེར་རི་ཤོ་དུར་བྱིད་ཁུ་བར་རྒྱམ་ཚྭ་པི་ལིང་བཏབ་པའི་)སྐྱུགས་ཀྱིས་ཕོ་བ་གློ་སྦུབས་བད་ཀན་སྦྱང༌། །སྟར་བུ་སྐྱུ་རུ་ཤིང་ཚ་རུ་རྟ་པི་པི་ལིང་སྦྲང་གི་རིལ་བུར་པཉྫས་ལུད་པ་གྱེན་དུ་དྲང།༌།  རྗེས་ལ་མཱུ་ལ་ལྔ་(མ་ནུ་གླ་སྒང་ག་དུར་སྒེ་གཤེར་བ་རུ་)ར་སྦྲང་འམ་ཅུ་གང་ལྔ་པ་ནི་(ཤིང་ཚ་སུག་སྨེལ་པི་ལིང་སྦྲང་)མར་གསར་ངམ། །པི་པི་ལིང་གི་ལྡེ་གུ་ནི་པི་པི་ལིང་མར་གསར་དུ་བཙོས་པའི་ནར་དཀར་སྦྲང་སྦྱར་བསྔགས་པ་ཡིན། །རི་དྭགས་ཤ་གསར་དང་མར་གསར་སྦྲང་རྩི་ལྡན་པ་བཏང༌། །ཐེས་པོ་ལ་སོགས་གློ་ནད་རླུང་ལྡན་གང༌། །བ་འོ་བཞོས་ཐོག་རླུང་དུས་དགོང་དང་ཐོ་རངས་བཏང་བར་མཆོག་ཏུ་བསྔགས། །དྲུག་པ་གློ་གཅོང་གློ་མིག་ལུད་པའི་གཅོང་འདྲིལ་བས། །རྩ་ཨ་ཀྲོང་མཁན་པ་བྲེ་རེ་བུལ་ཏོག་བྲེ་ཕྱེད་ཆུར་བཙོས་པའི་བཅིང་ལུམས་སམ་སྨན་ཆུའམ་ཆུ་ལུམས་བསྟེན། །དེ་ནས་གོང་ལྟར་སྟར་བུ་པཉྫས་གྱེན་དུ་དྲང༌། །ལུད་པ་སྐྱ་སྔོ་སྐམ་པོར་དྲིལ་བ་མང་དུ་ཐོན་པར་འཚོ། །དེ་ཡིས་མ་ཐོན་ལུམས་དང་འདྲེན་སྦྱོར་བསྐྱར་ལ་སྦྱང༌། །སྐབས་སུ་གོང་གི་ཅུ་གང་མཚལ་ཚོས་འབྲི་མོག་ལྔ་བ་ལྡེ་གུ་སྦྱར་བའམ། །ཅུ་གང་ལྔ་བའི་ཕྱེ་མ་བ་འོ་སྦྱར་བ་རེ་ལུག་རྩ་ཟ་ཞོ་འཐུང་གི །གློ་བ་མ་སུངས་རྒྱངས་ཏེ་བཏང་བར་བྱ། །གླ་དགོ་བ་ཤ་གསར་པ་དང་གྲོ་ཆང་ཡོས་ཆང་སྲོ་ལོས་བསིངས་པ་བསྟེན། །བདུན་པ་གློ་རྒྱས་རྩེ་ཆུང་དྲུག་འགོ་མང་དུ་གཏར། །ལུད་པ་དམར་ན་རྒྱ་སྐྱེགས་འབྲི་མོག་དང་བཙོད་འདི་གསུམ་ལ་དམར་པོ་གསུམ་ཞེས་བྱའོ། །སྲོ་ལོ་ཐལ་བ་ཀ་ར་དཀར་པོའི་བསྡུས་ཐང་ཡང་ཡང་བཏང༌། །ཙན་དན་(དཀར་དམར་ཅུ་གང་གུར་ཀུམ་བ་ཤ་སྤང་རྩི་སྲོ་ལོ་བོང་ང་ཀྱི་ལྕེ་ཨུཏྤལ་སྐྱུ་རུ་)བཅུ་གཅིག་ཕྱེ་མ་ཐང་དེས་དབུལ། །རྗེས་ལ་གཏར་ཞིང་ག་བུར་ཉི་ཤུ་རྩ་ལྔ་ལ་(དམར་གསུམ་གོང་ལྟར་དང་མཚལ་བསྣན་ལ་)སྦྱར། །ཅིས་ཀྱང་སྐྱེད་ཆུང་གློ་རྩར་སྨུག་པོར་བྱེར་སྲིད་པས། །སྨུག་པོའི་ཁྲག་བཤལ་ནི་དུར་བྱིད་ཧོང་ལེན་ཚལ་སྟར་བུ་བཅོས་ཐབས་རྒྱུད་འདིའི་ལེའུ་བཞི་བ་ལྟར་བསྔགས་པ་ཡིན། །ཁྲག་ཏུ་བརྡོལ་ན་པུཥྤ་(སྲན་མའི་མེ་ཏོག་སྐྱེར་པའི་མེ་ཏོག་གུར་ཀུམ་དོམ་མཁྲིས་ཚོས་ཁུ་)ལྔ་སྦྱོར་རམ། །ཀར་ཤ་པ་ནི་ཀར་ཤ་པ་ཎི་ནི་འགྲོན་བུ་ལ་ཟེར་ཏེ་འགྲོན་བུ་མིག་ལ་མ་ཕུག་པ་(ལྔའི་ཐལ་བ་དོམ་མཁྲིས་གུར་ཀུམ་མཚལ་ཟབ་ཐལ་ལྔ་དང་ལ་)མདོངས་ཐལ་སྦྱོར་བ་ནི་རྨ་བྱའི་མདོངས་དང་རྦ་བྱའང་ཟེར་བྱ་མཚལ་ལུ་དང་ཕུག་རོན་ནམ་ཡང་ན་ཁྲའི་མཇུག་སྒྲོ་དངའགྲོན་བུ་དེ་རྣམས་སྲེགས་པའི་ཐལ་བ་སྲན་མའི་པུཀྵ་ལྔ་སྦྱོར་རྣམས་བསྲེས་ཀྱང་རུང་ངོ་ཕུར་མོའི་ཐལ་བའི་)བསྔགས། །མང་དུ་གཏར་ཞིང་རོ་སྟོད་ཆུ་ཡིས་བྲན། །ཟས་སྐོམ་བསིལ་བསྟེན་སྤྱོད་ལས་དྲག་ཤུལ་རྩ་ཁ་འབུད་པའི་སྤང༌། །བརྒྱད་པ་བུང་ཚང་རྣག་ཉུང་དཀར་ལ་སླ་དྲི་མེད་ན་བསྐམས་པས་སྐོམས་སམ་བལྟ། །ཨ་ཀྲོང་(ཙན་དན་སྐྱུ་རུ་རུ་རྟ་སྟར་བུ་བསིལ་གསུམ་ཤིང་མངར་བྱི་ཚེར་)བཅུ་པ་ཟངས་ཐལ་(མུ་ཟི་ཐལ་བའི་ནང་དུ་ཤ་རུ་སྤེན་མ་ཐལ་བ་སྲོ་ལོ་ཨ་ཀྲོང་)ཀ་ར་སྦྱར་བ་དང༌། །ཀླད་པ་(ཝ་དང་སྲིན་བྱའི་ཀླད་པ་མུ་ཟི་ཟབ་ཐལ་སྲོ་ལོ་ཅུ་གང་སྤང་རྒྱན་སྟར་བུ་)འི་སྦྱོར་བའམ་ཡང་ན་ཝ་དང་སྲིན་བྱའི་ཀླད་པ་སྤང་རྩི་སྲོ་ལོ་པི་པི་ལིང་སླ་ངར་སྲེགས་པ་དང་སྤེན་ཐལ་ཤ་རུ་སྤང་རྒྱན་ཀ་ར་སྦྲང་ཐོ་རངས་བཏང་བས་རྣག་སྐེམས་གློ་གསོའི་མཆོག །ག་བུར་ཉི་ཤུ་རྩ་ལྔ་པའི་སྟེང་(ལ་ག་དོར་བསེ་རུ་ཤ་རུ་ཁ་ཤའི་ར་གསུམ་དང་དོམ་མཁྲིས་བསྣན་པ་ནི་)མན་ངག་དང་ལྡན་པ་ཡིན་པས་སྦྱར་བས་ཚ་བ་འཇོམས་རྣག་སྐེམས། །རྣག་བུངས་ཆེ་འམ་བསྐམས་པས་མ་སྐོམས་ན། །སྟར་བུ་པཉྫའི་སྟེང་(པ་ཡག་རྩ་བ་བུལ་ཏོག་ལ་ཆ་འཁར་པོ་)བསྣན་པ་ནི་མན་ངག་ལྡན་པས་རྣག་དྲང༌། །རྣག་ཁྲག་འདྲེས་ན་ཤུ་མོ་ཟ་སྨན་(བ་མར་གྱིས་འབྲི་མོག་གི་རྩི་སླངས་ལ་རྒྱ་སྐྱེགས་དང་བོང་ཡར་འོ་མ་ཕུལ་དོ་དོ་ཤུ་མོ་ཟ་ཚོམས་གཅིག་གམ་ལི་ཤི་ཚོམས་གཅིག་ཀ་ར་སྦྱར་བ་)མཆོག །ཅུ་གང་ཨ་ཀྲོང་ཀ་ར་ཨ་རུ་ར། །བོང་ཡར་འོ་སྦྱར་རྩ་ཟ་ཞོ་འཐུང་གི་རེ་འུའི་གློ་བ་རྒྱངས། །གློ་གསོ་ཁྲག་ཏུ་ལུ་ལ་བསྔགས་པ་ཡིན། །ཝ་གློ་སོགས་པར་འོ་མར་(ཨ་རུ་ཅུ་གང་མུ་ཟི་དོམ་མཁྲིས་ཤིང་མངར་སྦྲང་བོང་ཡར་འོ་མ་)སྦྱར་རུམ་མ་བཏབ་ལ་བསྙལ་བའི་ཞོ་གོང་མ་དེ་བཞིན་ཁྱེམ་བུ་གསུམ་གསུམ་ཤིས། །ཁྲག་མེད་རྣག་ཏུ་བྱུང་ན་(རྣག་སྐྱུགས་)སྟར་བུ་པཉྩ་མན་ངག་བསྟན་པ་གོང་དུ་བཤད་པ་དེ་ཉིད་ཀྱིས་སྦྱང་བ་མཆོག །སྒོང་སྤྲིས་སྦལ་སྒོང་ལྟ་བུའི་རྣག་ཡུལ་འཐོན། །དེ་རྗེས་གློ་གསོ་ཁྲག་ཏུ་བྱུང་ན་བཅད། །རྣག་གཞུག་མ་ཐོན་ཟངས་ཐལ་(ཝ་དང་སྲིན་བྱའི་ཀླད་པ་མུ་ཟི་སག་རམ་རྩི་སྲོ་ལོ་པི་ལིང་སླ་ངར་སྲེགས་པ་དང་སྤེན་མ་ཤ་རུའི་ཐལ་བ་སྤང་རྒྱན་ཀ་ར་སྦྲང་)སྦྱོར་བ་དང༌། །ག་བུར་ཉི་ཤུ་རྩ་ལྔ་བས་བསེ་རུ་དོམ་མཁྲིས་ག་དོར་གསུམ་བསྣན་པ་དགོང་བཏང་ལྟག་པ་སྤྲད་ལ་སྐམ། །རླུང་དང་ལྡན་ན་ཉི་ཤུ་རྩ་ལྔ་པ་བཞག་ལ་སྲོ་ལོའི་(བྲེ་ཕྱེད་ལ་ཨ་རུ་ཉི་ཤུའི་སྨན་མར་ལ་བཟང་དྲུག་པི་ལིང་སྦྲང་)གི་སྨན་མར་སྦྱར། །གློ་མང་མི་འགོག་ཅུ་གང་(བཞི་པ་ཤིང་མངར་སྟར་བུ་)རུ་རྟས་བཅད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གློ་ནད་བཅོས་པའི་ལེའུ་སྟེ་སོ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།