སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མཁལ་མའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་བརྡབས་དང་མི་ཐེག་ཁུར་དང་བཏེག །རླན་ལ་འདུག་དང་ཆུ་ཡི་ལས་བྱས་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་མཁལ་རླུང་མཁལ་གཅོང་འོར་ལྷུང་དང༌། །མཁལ་ཚད་ཆུ་ཤོར་འགྲམས་གྲུམ་ད་རྒན་བརྒྱད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་མཁལ་རླུང་རྐེད་པ་འཕྱོངས་ནས་ན། །ནད་དམིགས་མི་རྙེད་རྣ་བ་འོན་པར་འགྱུར། །གཉིས་པ་མཁལ་གཅོང་སྨད་གྲང་རྐེད་པ་འཁོར་བར་ན། །རྐང་པ་བཤལ་ལ་དཔྱི་དང་རྐེད་པར་ཟུག །ཆུ་སྲི་བཅུད་ཁམས་ཟག་རླུགས་སྒལ་འདབ་ཀྱི་བཤུལ་ཤ་ཁྲིད་ནས་ན། །གསུམ་པ་འོར་ལྷུང་མཁལ་རྐེད་ན་ཞིང་ཟ་འཕྲུག་བྱེད། །འགྲོ་འདུག་བྱས་ཚེ་པུས་མོའམ་བོལ་གོང་སྐྲངས། །བཞི་བ་མཁལ་ཚད་ཆང་འཐུངས་འགྲོ་འདུག་བྱས་ཚེ་ན། །ཆུ་ཁ་ཚ་ཞིང་ཤ་རུས་བར་ན་འཁྱུག །ལྔ་པ་མཁལ་མ་ཆུ་ཤོར་མཁལ་རྩ་འགྲམས་པའམ། །མཆིན་ཁྲག་བཅས་པས་ཟགས་ཆུ་ཁྲག་ཏུ་འབྱུང༌། །དྲུག་པ་མཁལ་འགྲམས་ཆུ་ཤོར་བྱེར་རྒྱས་ལྷུང་བ་རྣམ་པ་གསུམ། །དང་པོ་སྟོད་དུ་བྱེར་ན་ལྟག་ཆུའི་འགྲམ་གཉིས་ན། །སྐེ་སྒྱུར་མི་ཤེས་སྒུར་པོར་འགྲོ་བ་ཡིན། །གཉིས་པ་བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན། །དཔྱི་སྟེང་འབྲེལ་མཚམས་རྩ་ནག་སྦོ་ཞིང་གཟེར། །གློ་དང་སྦྲིད་སྦྲཧྭད་པ་བྱུང་ཚེ་བཟོད་ཐབས་མེད། །ཚིགས་པ་ཁ་བྱེ་རྐེད་པ་ཀྱོག་པོར་འགྲོ། །གསུམ་པ་སྨད་དུ་ལྷུང་ན་རྐང་པ་བཤལ་ཞིང་སྦྲིད་སྦྲིཧྭད། །བརླ་སུལ་བྱིན་སུལ་པུས་མོའི་ཚིགས་མཚམས་ན། །བདུན་པ་མཁལ་གྲུམ་རྐེད་པ་མན་ཆད་ཐམས་ཅད་ན། །གློ་དང་སྦྲིད་སྦྲིཧྭད་པ་བྱུང་ཚེ་དཔྱི་མིག་ཟུག །སྒལ་པ་རེངས་ཤིང་མཇིང་པ་སྒྱུར་མི་ཤེས། །ནམ་སྟོད་ན་ཞིང་ནམ་སྨད་བདེ་བར་ཚོར། །ཆང་དང་དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ། །བརྒྱད་པ་ད་རྒན་ཚིགས་པ་བཅུ་བཞི་བ་ཕྱིར་དོན་སྒུར་པོར་འགྲོ།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་མཁལ་རླུང་ཕྱི་རྒྱུད་ལྟར་གཟེ་མའི་ཆང༌། །ཕྱི་རྒྱུད་ལྟར་རྩ་བ་ལྔ་ཡི་སྨན་མར་འཇམ་རྩི་བཏང༌། །རེང་བུ་བྱ་ཞིང་བཅུ་བཞི་རྩ་ནག་བསྲེག །གཉིས་པ་མཁལ་གཅོང་ལུག་སྐྱེས་ནས་ལོ་གཉིས་སོང་པ་ཕོ་ལ་ཐོང་པ་དང་མོ་ལ་ཚེར་མོ་སྟེ་དེ་གཉིས་ཀྱི་མཁལ་མ་སྐྱུང་བུས་བཙག་ལ་སྒ་པི་ཕོ་རྒྱམ་ཚ་ལ་ལ་ཕུད་རྣམས་བཏབ་པའི་མར་བཙོས་བཏང༌། །གཟེ་མ་ལྕ་བ་ར་མཉེ་ཟན་ཆང་ལ། །ཆང་བསིངས་བསྣུར་ཏེ་བུ་རམ་སྒ་དང་མར། །ཐུག་འབྲས་ད་བྱིད་བཏབ་སྟེ་ཚོས་པར་བཙོས་ལ་དྲོ་འཇམ་བཏང༌། །རྩ་བ་ལྔ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་འམ་གདུས་པ་ལས་བཙོས་རྒྱ་ཚ་ཁུ་བ་སྟོན་ར་ཨར་བར་སྐྱུར་གསུམ་ཤ་སྣ་ལུག་གི་རླིག་པ་དང་ད་བྱིད་གཉིས། །སྒ་དང་བྲེ་ག་གུད་དུ་གདུས་ནས་དེ་རྗེས་བསྲེས་ནས་བཙོས་པའི་མར་ལ་པི་པི་ལིང༌། །ཅོང་ཞི་སུག་སྨེལ་སླེ་ཏྲེས་ཁ་ཚར་གདབ། །བུ་རམ་སྦྲང་དང་སྦྱར་ལ་བཏང་བར་བྱ། །ཕྱི་རྒྱུད་ལྟར་འབའ་སམ་མར་ལ་ད་བྱིད་སྨུག་པོ་གངས་རྩངས་སམ་གངས་སྦལ་ཕོ་གཤེར་གྱི་སྨིན་མ་ཅན་དང༌།  བོད་ཀྱི་རྩངས་པ་རླུང་འགམ་པ་བྱིའུ་མཆིལ་པ་སྟེ་ནས་ཟན་ཕུག་རོན་རྣམས་ཀྱི་ཤ་དང་ལང་ཐང་ཙེ། །ཅོང་ཞི་ཚ་བ་སྒ་པི་ཕོ་གསུམ་དང་འབྲས་སྣ་ཨ་བར་སྲ་གསུམ། །ཞོ་ཤ་སྙིང་མཁལ་གླ་གསུམ་དང་ཛཱ་ཏི་སྡིག་སྲིན་དང༌། །སུག་སྨེལ་བྲེ་ག་བུ་རམ་སྦྱར་ལ་བཏང་། །ཁྱད་པར་གཅིན་སྙི་ས་བོན་འཛག་པ་གཅོད། །སུག་སྨེལ་ཚ་བ་སྒ་པི་ཕོ་དབྱི་རྩི་ལྔ་དང་ཚྭ་སྣ་རྒྱ་རྒྱམ་ཁ་ལྕེ་ཐལ་བ་ལྔ། །སྡིག་སྲིན་ལྕམ་པ་འབྲས་ཨ་བར་སྐྱུར་གསུམ་བུར་སྦྱར་བཏང༌། །སྤུ་དུགས་གཡི་དུགས་སྣུམ་གྱི་དུགས་དང་མེ་བཙའ་དྲོད་དང་བོང་བུ་འཕྱི་བའི་ཤ་དང་ཆང་སོགས་བཅུད་ཀྱིས་བཅོས། །གསུམ་པ་འོར་ལྷུང་འབམ་པོ་སེང་ལྡེང་སྨན་མར་ལ། །ཚྭ་སྣ་ཚོགས་ཚད་སྦྲང་དང་སྦྱར་ལ་བཏང༌། །བོང་བུ་འཕྱི་བ་རྟ་རྐྱང་ཤ་སྣ་བསྟེན། །ཟ་འཕྲུག་གཡེར་མ་ཤུ་དག་ཡུང་བ་དང༌། །མར་རྙིང་ཕག་ཚིལ་བྱུགས་ལ་ཉི་མས་བསྲེག །པུས་མོ་བོལ་གོང་སྐྲངས་ཚེ་རང་བྱུང་གི་ཆུ་ཚན་བྱ། །བཞི་བ་མཁལ་ཚད་ནད་ལ་མཁལ་མ་ཞོ་ཤ་དང༌། །གུར་ཀུམ་སྐྱེར་ཤུན་སྡིག་པ་ནག་པོ་ཀ་ར་སྦྱར། །བྱིན་གཞུག་ལོང་རྩ་གཉིས་ལ་གཏར་བར་བྱ། །མཁལ་མའི་ཟགས་ཆུ་ཁྲག་ཏུ་བྱུང་སྲིད་ན། །མཁལ་རྩ་འགྲམས་སམ་མཆིན་ཁྲག་བབས་པ་ཡིན། །བསིལ་ཅུ་གུར་ལི་གསུམ་བྲག་ཞུན་དོམ་མཁྲིས་བ་ཤ་ཀ །ཤིང་ཚ་བ་ལུ་ཀ་ར་སྦྱར་ལ་བཏང༌། །རུ་ཐུང་ལོང་རྩ་གཏར་ཞིང་ཆུ་ལྕག་བྱ། །ལྔ་བ་དང་དྲུག་པ་མཁལ་མ་འགྲམས་པས་ཆུ་ཤོར་སྐྱུ་རུ་ར་ཡིས་ཁྲག་ཕྱེ་ལོང་རྩ་གཏར། །དམར་པོ་ཨ་རུ་རྒྱ་སྐྱེགས་འབྲི་མོག་བཙོད་བཞི་ཐང་(ཙན་དན་དམར་་པོ་གུར་ཀུམ་གླ་རྩི་བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་བཙོད་ཚོས་ཞུ་མཁན་ཨ་རུ་)ཤུག་ཚེར་ཀ་ར་བཅུ་གཅིག་སྦྱར། །གི་ཝཾ་གླ་རྩི་གསེར་གྱི་བྱེ་མ་དང༌། །བསིལ་ཅུ་གུར་ལི་གསུམ་སྡིག་སྲིན་ལྕམ་པ་འབྲས་སྣ་ཨ་སྲ་འཇམ་གསུམ། །བྲེ་ག་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །སྟོད་དུ་བྱེར་ན་བདུད་རྩི་ལྔ་ལུམས་བྱ་ལྟག་རྩ་གཏར། །བར་དུ་རྒྱས་ན་མཆོག་ཏུ་ཕྱི་རྒྱུད་ལྟར་རྩ་སྦྱོང་ཤིས། །སྨད་དུ་ལྷུང་ན་བྱིན་ལོང་གཏར་དང་ཆུ་གྲང་མོའི་ལུམས་བྱ། །ཀུན་ལ་ཚ་བ་ཆོགས་ན་མཆིན་པ་གསོ་བའི་རྩ་བ་ལྔའམ་འབའ་བསམ་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །སྟོད་སྨད་བར་གང་དུ་ཟུག་པའི་སྟེང་དུ་མེ་བཙའ་གདབ།  བདུན་པ་མཁལ་གྲུམ་(སྔོན་བུ་ཨ་རུ་རྒུན་འབྲུམ་ཟངས་རྩིའི་)བཤལ་བཏང་རང་བྱུང་གི་ཆུ་ཚན་གྱིས་ཆུ་ལུམས་བྱ། །དེ་སྟེང་རྩ་ནས་སྦྱངས་ནས་སེང་ལྡེང་(ཁཎྜ་དམར་པོ་བཙོད་འབྲི་མོག་སྐགས་ཞུ་མཁན་བཞི་དང་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་དངབོང་ཁྲག་སྦྲང་བསྒར་བའི་ཕྱེ་མ་སྦྱར། །བསིལ་ཅུ་གུར་ལི་གསུམ་ཞོ་ཤ་སྙིང་མཁལ་གླ་གོར་གསུམ་དང་འབྲས་སྣ་ཨ་སྲ་འཇམ་གསུམ། །ཆུ་སེར་སྨན་སྤོས་ཐལ་སོ་གསུམ་གསེར་གྱི་བྱེ་མ་དང༌། །སྡིག་སྲིན་བྲེ་ག་སྦྲང་གི་ལྡེ་གུ་དང༌། །བདུད་རྩི་ལྔ་དང་མེ་ཏོག་སྣ་ཚོགས་དང་འབྲུ་སྣ་ཚོགས་ཆུ་ལ་བཙོས་པའིརླངས་ལུམས་བྱ། །བྱིན་གཞུག་དང་ལོང་རྩ་ཁྲག་དང་སྦྱར་ནད་ཁྲག་ཏུ་འདུག་ན་ནང་དུ་གཏར་ཟུངས་ཁྲག་འདུག་ན་ཕྱེ་ལ་གཏར། །ཚ་བ་ཆོགས་ནས་སྦྲང་ཆང་ཡོངས་རྫོགས་ཕྱི་རྒྱུད་ལྟར་སྦྱར། །སེང་ལྡེང་ཕྱི་རྒྱུད་ལྟར་སྨན་མར་སྦྲང་དང་སྦྱར་ལ་བཏང༌། །ཆུ་སེར་འོར་སྒོ་ཚིགས་པ་དང་པོ་བཅུ་གསུམ་པ་བཅོ་བརྒྱད་པ་སོགས་ཀུན་ཏུ་མེ་བཙའ་བསྲེག་བེེ་སྔོན་དུ་བཅུ་དྲུག་མདོ་དང་རྐང་པའི་མཐེ་བོ་བོར་བའི་སོར་མོ་གསུམ་དབྲག་ནས་གྱེན་མཚན་གང་ལ་གསུངས། །བརྒྱད་པ་ད་རྒན་ནད་ལ་ཕྱི་རྒྱུད་བདུད་རྩི་ལྔ་ཡིས་ལུམས་ཀྱིས་བདུག །ཕྱི་རྒྱུད་ལྟར་རྩ་སྦྱོངས་བྱས་ལ་འབའ་སམ་སྨན་མར་སྦྱར། །སུག་སྨེལ་ཤིང་ཚ་ཟི་ར་ནག་པོ་པི་པི་ལིང༌། །རུ་རྟ་བྲེ་ག་བུ་རམ་རིལ་བུ་བཏང༌། །ཚིགས་པའི་སྟེང་འོག་མེ་ཐུར་གོར་དབུས་ཚིགས་པ་གང་འབུར་གྱི་མཐའ་བསྐོར་ནས་བསྲེགས་པ་བརྡེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཁལ་ནད་གསོ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།