སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བཞི་པ། སྙིང་གི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་སོ་བཞི་པ། སྙིང་ནད་གསོ་བ།




ལེའུ་སོ་བཞི་པ།  སྙིང་གི་ནད་གསོ་བ། 

དེ་ནས་ཞེས་པ་སྔར་ཞུ་བའི་འཕྲོ་ཡོད་པའི་ཚིག་འདྲེན་བྱེད་སོགས་དང༌། ཡང་ནི་བསྐྱར་བའི་དོན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་ཏེ་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། དོན་སྣོད་གསོ་བའི་སྐབས་ལ་ག་འདྲ་ཅི་འདྲ་ལྟར་བྱས་ནས་བསླབ་པར་བགྱི་ཞེས་འདྲི་ཞིང་ལུས་ཅན་ཀུན་གྱི་སྲོག་སོགས་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་ཞུས་པ་ལས། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ནས། དོན་སྣོད་ནད་ཀྱི་གསོ་ཐབས་སྤྱིར་བསྟན་པ་ནི་སྙིང་ཚེ་སྲོག་གི་རྟེན་ཡིན་པས་རྒྱལ་པོ་ལྟ་བུ་དང༌། གློ་བ་དེའི་དྲུང་ན་གནས་པས་བློན་པོ་ལྟ་བུ་དང༌། མཆིན་པ་དོན་ལྔ་སོགས་གསོ་སྐྱེད་བྱེད་པའི་བཙུན་མོ་ལྟ་བུ་དང༌། དེའི་རིགས་པས་མཆེར་པ་དང་མཁལ་མ་རྗེའུ་དང་དམངས་ལྟ་བུ་བཅས་པའི་ལྔ་དང༌། སྣོད་ཕོ་བ་རྒྱུ་མ་ལོང་གི་ནད་སོགས་རྣམ་པ་བརྒྱད་ཡོད་པ་ལས་གཞན་རྣམས་འོག་ཏུ་ལེའུ་སོ་སོར་འཆད་ལ།

འདིར་ཐོག་མར་དོན་གྱི་རྒྱལ་པོ་སྙིང་གསོ་བའི་ཐབས་ལ་རྒྱུ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བཞིའི་སྒོ་ནས་བསྟན་པ་ངེས་དགོས་ཏེ།

རྒྱུ་ནི་མྱ་ངན་ཞེས་སེམས་ཀྱི་དཀའ་ལས་བྱས་པས་སེམས་འཁྲུགས་ནས་ཡིད་མི་བདེ་བ་དང༌། ལྟོ་ཆག་པ། གཉིད་ཆག་པ། ཞེ་སྡང་དྲག་པོ་སྐྱེས་པ་སོགས་ཀྱིས་སྐྱེད་པར་བྱེད་དོ། །

རྒྱུ་དེ་ལ་བརྟེན་པའི་ནད་དབྱེ་བ་ཕྱེ་ན་སྙིང་འཕྱོས་པ། སྙིང་གཟེར། སྙིང་ཚད་དང༌། སྙིང་ཆུ། སྙིང་འཐིབས། སྙིང་གི་སྲིན་བུ་དང༌། སྙིང་ནད་ཁ་ལེ་ནག་པོ་ཞེས་བྱ་བ་དང་བདུན།

དེ་རྣམས་མ་འདྲེས་པར་སོ་སོར་ངོས་འཛིན་པའི་རྟགས་ཀྱི་ཐོག་མ་སྙིང་འཕྱོས་པའི་ནད་ནི་མགོ་ན་ཞིང་བརྗེད་ངས་ཆེ་ལ་ཤེས་པ་འཕྱོ་ཞིང་དོན་མེད་དུ་སྙིང་མི་དགའ་བ་སྐྱེ། རེས་འགའ་མ་དྲིས་པར་ཡང་མུ་ཅོར་ཏེ་ཆོལ་བུར་སྨྲ་ཞིང་རེས་འགའ་མི་གཞན་གྱིས་དྲིས་ཀྱང་དེའི་ལན་མི་ལྡོན་པ་དང༌། མི་སྙན་པའི་ཚིག་གིས་དངང་ཞིང་ཤུས་འདེབས་ལ་དབུགས་ཐུང་ཞིང་གཉིད་ཆུང་བ་དང༌། སྙིང་ངོ་བོ་ཉིད་ཀྱི་ནང་སྟོང་ངམ་སྙམ་པ་སེམས། སྙིང་གཟེར་གྱི་ནད་ལའང་ནང་གསེས་སུ་རླུང་གཟེར་ཁྲག་གཟེར་གཉིས་ཡོད་པ་ལས་རླུང་གཟེར་ནི་མགོ་འཁོར་ཞིང་སྟོད་གཟེར་བ་དང་རྔམ་པ་ཐུང་ལ་ཆེ་བ་མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ། ཁྲག་གཟེར་ནི་ལྕེ་སྐམ་ལ་ཟུག་ཕུར་བ་བཙུགས་པ་ལྟར་གཟེར་བ་དང་མིག་འབུར་ཚུགས་སུ་བལྟ་ཞིང་རྔམ་པ་རྒོད་ལ་ཞེ་མཁུན་བྱེད་པ་འབྱུང༌། སྙིང་ཚད་ལའང་ཚ་བ་རྒྱས་པ་དང་འཁྱིལ་བ་གཉིས་ཡོད་པ་ལས་རྒྱས་པ་ཚ་བས་མྱོས་ཤིང་འཐེབས་ཏེ་མིག་དམར་ལ་རོ་སྟོད་གཟེར་བ་དང༌། སྙིང་གཅུས་པ་ལྟར་འཆུ་སྙམ་དང་སྣ་སྐམ་ཞིང་བྲང་རྒྱབ་ཏུ་མེ་བཏང་བ་འདྲ་བ་འབྱུང༌། ཚ་བ་སྙིང་ལ་འཁྱིལ་བ་ཡིན་ན་ཚ་མྱག་བྱེད་ཅིང་སྙིང་འཕར་ཏེ་གྲིས་གཏུབས་སྙམ་སེམས་ཤིང་ལྕེ་སྐམ་ལ་ཐུང༌། སྙིང་ཆུ་ནི་སྙིང་ལ་ཆུ་སེར་བབས་པས་ན་སྨྲ་བ་མང་ཞིང་ཁོང་པ་འདར་བ་གཉིད་ཆུང་བ་དང༌། སྙིང་གདུང་བ་ཞེས་འཕར་ཞིང་སྤྲུག་པ་དང་གཡལ་སྟོང་གཡོ་བ་སྟེ་མང་དུ་འབྱུང་ཞིང༌། གླུ་དང་དགོད་པ་ལ་དགའ་ཞིང་ཚིག་པ་ཟ་བ་འོང༌། སྙིང་འཐིབས་ཀྱི་རྟགས་ལ་བརྗེད་ངས་ཆེ་ཞིང་སེམས་ལས་བྱེད་དགོས་མེད་ཀྱང་ཤུགས་ཀྱིས་ཆེ་བ་དང༌། དང་ག་མི་བདེ་ཞིང་གཉིད་ཆེ་ལ་ནང་དུ་རྡོ་བརྫངས་པ་སྙམ་སེམས། སྲིན་ལས་གྱུར་པའི་རྟགས་སུ་མིག་མདོག་ནག་ཅིང་ལྗན་ལྗིན་མང་པོ་འཛག་ལ་སྙིང་འཕར་ཞིང་མུན་པ་འཐིབས་སྙམ་དང༌། སོག་ལེས་འབྲད་པ་སྙམ་དུ་སེམས། ཁ་ལེ་ནག་པོ་ནི་རྩ་སྟོང་ཞིང་ཚད་པ་ཆེ་ལ་སྨྲ་བ་ཉུང་བ་དང་སྤྲོ་ཐུང་ཞིང་གཞན་ལ་བརྡེག་འདོད་ལ་མིག་འབྲས་ཀྱི་ཟུར་གྱིས་བལྟ་མི་ཤེས་པར་འབུར་ཚུགས་བལྟ་ཞིང་མགོ་བོའི་ཕྱེད་ན་ལ་ན་ངོས་ཁ་ཡོར་འགྱུར།

བཅོས་པའི་ཐབས་ཀྱི་དང་པོ་སྙིང་ལ་རླུང་ཞུགས་པར་འབྲས་བུ་གསུམ་གྱི་སྨན་མར་ནི་ཕྱི་རྒྱུད་ལྟར་ཟ་ཞིང་བྱུག་པ་དང་འཇམ་རྩིར་བཏང༌། ཛཱ་ཏི་དང་ཁ་རུ་ཚྭས་གཙོ་བྱས་པའི་སྨན་མར་རམ། ཡང་ན་རུས་ཆེན་ཞེས་པ་གསེར་མཆན་དུ་སྐྱེས་པ་དར་མའི་རྐང་མར་དང་ལོ་ལོན་པའི་མར་དང་འབྲས་བུ་ཨ་བར་སྐྱུར་གསུམ་བཅས་པའི་སྨན་མར་ལ་ཁ་ཚར་བཟང་པོ་ཛཱ་སུག་ཀ་གསུམ་ཁ་རུ་ཚྭ། སླེ་ཏྲེས་བུར་རྙིང་བཏབ་པའམ་ཤིང་ཀུན། ཛཱ་ཏི། ཁ་རུ་ཚྭ་དང༌། སྒ། སླེ་ཏྲེས། གོ་སྙོད། བུར་རྙིང་རྣམས་བཏབ་ལ་བཏང༌། བཙན་དུག་ཆ་གཅིགཨ་རུ་ར་ཆ་བརྒྱད། གླ་རྩི། རུ་རྟ་དང༌། ཤིང་ཀུན། ཤུ་དགཛཱ་ཏི། གུ་གུལ་རྣམས་ཐུན་རེ་དང་བུ་རམ་སྦྱར་བའི་རིལ་བུ་ཐབས་དང་ལྡན་པ་དེ་བསྟེན། དེས་ཀྱང་མ་ཞི་ན་དཔྱད་དུ་ཚིགས་པ་དྲུག་པ་བདུན་པ་སྙིང་གི་སྟོད་དང་སྙིང་ལོགས་རྣམས་སུ་མེ་དང་ཐུར་མ་བྱ་བ་དང༌། བུད་མེད་ཀྱི་སྨྲ་བརྗོད་མི་ཉན་ཞིང་ཁ་ཡེད་པ་སྟེ་ལབ་མང་པོར་སྨྲ་བ་སྦང༌། རླུང་གཟེར་ལ་ཛཱ་ཏི། གོ་སྙོད། སྙིང་ཞོ་ཤ་རྣམས་ཀྱི་ཐང་བཏང་ཞིང་ཕྱེ་མ་ལ་སྨན་གོང་མ་དེ་སྟེང་དུ་རུ་རྟ། ལི་ཤི་དང༌། ཀ་ཀོ་ལ་དང༌། ཤིང་ཀུན་བུ་རམ་རྣམས་སྦྱར་བ་གཏོང་ཞིང༌། སྙིང་གསང་མདུན་སྐེ་སྟོང་དང་རྒྱབ་ཚིགས་པ་བདུན་པ་གང་དུ་བབས་པར་བསྲེག ཁྲག་གཟེར་ལ་སྙིང་ཞོ་ཤ སླེ་ཏྲེས། ཨ་རུ་ར་བཅས་པའི་ཐང་གཏོང་ཞིང༌། ཕྱེ་མ་ཙནྡན་ཨ་གར་སྙིང་ཞོ་ཤ་ནཱ་ག་དང་པདྨ་གེ་སར་གཉིས་དང་ཛཱ་ཏི་རྣམས་ཀ་ར་དང་སྦྱར་ལ་བཏང་ཞིང༌། ཨ་སོ་དང་རྩེ་ཆུང་གཏར་ལ། ཚིགས་པ་དྲུག་པ་དང་བདུན་པ་བསྲེགས་ཏེ་བཅོས་དགོས་ཤིང་བཅོས་འཕྱིས་ན་སྙིང་གི་ནང་ཁྲག་གིས་གང་སྟེ་འཆི་བར་འགྱུར། སྙིང་ལ་ཚ་བ་རྒྱས་ན་སྙིང་རྩ་སྟེ་སྣོད་ཀ་གཏར་ཞིང་རྒྱུད་ཕྱི་མའི་ག་བུར་བདུན་པ་དང༌། དགུ་པ། ཉི་ཤུ་རྩ་ལྔ་པ་སོགས་སྦྱར་ལ་བཏང༌། ཚ་བ་འཁྱིལ་ན་ག་བུར་སྙིང་ཞོ་ཤ ཛཱ་ཏི། ཅུ་གང༌། དོམ་མཁྲིས་ཀ་ར་རྣམས་སྦྱར་ལ་བཏང༌། དེ་རྗེས་མཐོང་རྩ་ཨ་སོ་ལྕེ་འོག་རྩ་རྣམས་ལ་གཏར་ག་བྱ། སྙིང་གི་ཆུ་སེར་ལ་རྒྱུད་ཕྱི་མའི་ཕོ་མཆིན་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས་ཞེས་པའི་སེ་འབྲུ་བརྒྱད་པ་ལ་ཆུ་སེར་སྨན་གསུམ་བསྣན་པའི་ཕྱེ་མ་སྦྱར་ལ་གཏོང་ཞིང༌། དཀར་ནག་མཚམས་དང་ལྟག་པའི་སྡུད་སྒོ་ཚིགས་པ་བདུན་པ་བཅས་བསྲེག་ཅིང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང་སེང་ལྡེང་སྨན་མར་བདུན་པ་ཕྱི་རྒྱུད་ལྟར་གྱིས་ཆུ་སེར་སྐེམ། སྙིང་འཐིབས་ནི་བད་ཀན་ཞུགས་པ་ཡིན་པས་ཕྱི་རྒྱུད་ལྟར་གྱི་སྐྱུགས་བྱ་ལ་ཆུ་བསྐོལ་མང་དུ་བཏང་ཞིང༌། སེ་འབྲུ། དབྱི་མོང༌། ཚ་བ་སྒ་པི་ཕོ་གསུམ་གྱི་ཐང་བཏང༌། ཡང་ན་རྒྱམ་ཚྭ། དྲོད་སྨན་ཏེ་པི་པི་ལིང༌། ཁ་རུ་ཚྭ་རྣམས་ཀྱི་ཐང་བཏང་ཞིང༌། ཤུ་དག ཤིང་ཀུན། རྒྱམ་ཚྭ། ཁ་རུ་ཚྭ། དོང་གྲ། སུག་སྨེལ། ཡ་བཀྵ་ར་དང༌། ལ་ལ་ཕུད་དང༌། དྲོད་སྨན་གོང་བཤད་དང་སྦྲང་རྣམས་སྦྱར་ལ་བཏང༌། སྙིང་སྲིན་ལ་བྱི་ཏང་ག་དང༌། ཤིང་ཀུན་དང༌། མ་རུ་ཙེ་དང༌། སྒོག་སྐྱ། ལང་ཐང་རྩེ། ཛཱ་ཏི། སྙིང་ཞོ་ཤ་རྣམས་སྦྱར་ལ་སྤྲུ་མ་ནག་པོའི་ཁུ་བས་དབུལ། ཡང་ན་བྱི་ཏང་ག་དང་རུ་རྟ་གཉིས་བ་ཆུར་སྦྱར་བ་བཏང་བས་སྙིང་གི་སྲིན་ནད་ཚ་ལ་གཡའ་ཞིང་གཟེར་འཁྱུག་བྱེད་པ་སེལ། ཁ་ལེ་ནག་པོ་ལ་སྐྱུ་རུ་ར་བསྡུས་པའི་ཐང་ལ་རྒོད་ཀྱི་ལྟོ་སྟོང་པ་བརྡུངས་ནས་བཏབ་པའི་ཚ་བ་སྟེ་ཐུག་པ་བཏང༌། ཞོ་ཤ་སྙིང་གླ་མཁལ་གསུམ་གྱི་སྨན་མར་སྦྱར་ཞིང༌། སྙིང་རྩ་སྲིན་ལག་འོག་གི་མྱུར་བ་བསྲེག་གོ་ཞེས་གསུངས་སོ།།

ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དོན་ལྔའི་ནང་ཚན་རྒྱལ་པོ་ལྟ་བུ་སྙིང་གི་ནད་གསོ་བའི་ལེའུ་སྟེ་སོ་བཞི་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།