སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                       

ལེའུ་སོ་བཞི་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

རྒྱུ་གཟེར་ཞེས་བྱ་རྒྱུ་མར་གཉན་བབས་པར། །རྒྱུ་རྐྱེན་མཚན་ཉིད་དབྱེ་རྟགས་སྲུང་བཅོས་བདུན། །རྒྱུ་རྐྱེན་རིམས་སྤྱི་འདྲ་ལ་ཁྱད་པར་དུ། །ངོ་བོ་མཆིན་ཚད་ཐུར་དུ་བབས་པ་ལ། །གཉན་ནད་ཆུ་སེར་མཁྲིས་ཚད་བསླང་བ་ཡིས། །རྒྱུ་མ་གཟེར་ཞིང་འཁྲུ་བས་རྒྱུ་གཟེར་ཡིན། །དབྱེ་བ་སྐབས་འདིར་དོན་འཁྲུ་སྣོད་འཁྲུ་གཉིས། །སྟོབས་ཆེན་སྟོབས་ཆུང་གཉིས་དང་བཞི་རུ་བཤད། །རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །འཚོ་འཆི་ཁ་དམར་གདགས་པའི་རྟགས་དང་གསུམ། །སྤྱི་རྟགས་དང་པོ་མགོ་དང་ཚིགས་གཞི་ན། །ཕྲུམ་སེར་ཁྱེར་ཞིང་རྒྱུ་མ་ན་ལ་འཁྲུ། །འཁྲུ་བའི་བོངས་ཆུང་འཁྲུ་དུས་ཟུག་གཟེར་ཆེ། །དམར་སེར་ཟ་ཁུ་སྨུག་པོ་བེ་སྣབས་འཁྲུ། །རྩ་ནི་གྲངས་མྱུར་གྲིམས་ལ་རྩ་སྨད་ཞན། །ཆུ་མདོག་དམར་སེར་རྩ་དང་བསྡེབས་ནས་འབྱུང༌། །བྱེ་བྲག་དོན་འཁྲུ་ཟུག་ཆེ་འཁྲུ་བོངས་ཆུང༌། །འཁྲུ་མདོག་ཁྲག་དང་དུད་ཁུ་དྲི་མ་དུགས། །སྣོད་འཁྲུ་དམར་སེར་ཟ་ཁུ་བེ་སྣབས་འཁྲུ། །འཁྲུ་བའི་དྲི་དང་རྩ་ཆུའི་ཚ་བ་ཆུང༌། །སྟོབས་ཆེན་འཁྲུ་བའི་གྲངས་མང་ཟུག་གཟེར་ཆེ། །སྟོབས་ཆུང་དེ་ལྡོག་གྲངས་ཉུང་ཟུག་གཟེར་ཆུང༌། །ནད་འདིས་ཐེབས་མ་ཐག་ཏུ་ལྟ་རྩ་བྲོས། །ཟུག་ཆེ་བཅར་ལ་ཐེབས་ཤིང་མིག་མི་གསལ། །མིག་གི་མདངས་ཤོར་ནག་ཅིང་ཕུགས་སུ་བྲོས། །ཟས་མི་འདོད་ཅིང་རོ་སྨད་དྲོད་དང་བྲལ། །ལུས་ཤེད་མེད་ཀྱང་མལ་ནས་ཕྱིར་ལ་འབུད། །སྐབས་སུ་སྐྱིགས་བུས་འདེབས་ན་འཆི་བའི་རྟགས། །འདི་རྣམས་མིན་པའི་ནད་རྟགས་ཅི་སྟོན་ཀྱང༌། །མཁས་པས་ཚུལ་བཞིན་བཅོས་ན་འཚོ་བ་ཡིན། །སྲུང་བྱེད་གདམས་པའི་རིམ་པ་གྲངས་མང་ཡང༌། །འཁོར་ལོ་དཔེའུ་ཆུང་ལྟར་ལ་གླ་རྩི་དང༌། །ཤུ་དག་མུ་ཟི་ནག་པོ་གུ་གུལ་དང༌། །བོང་ནག་རྣམས་ཡིན་ཡིག་འབྲུ་ཆུ་སྦྱར་འབྱུག །ཡིག་འབྲུ་མ་ཆག་བྱས་ཏེ་མས་ནས་ལྟེབ། །དེ་སྟེང་ཡས་བཀབ་མཇུག་དྲིལ་ཐུག་ནག་གི །སྐུད་པས་འཆིང་དང་འདོགས་ཐག་རབ་གནས་ནི། །བསྲུང་བྱའི་པུས་མོར་གཡས་གཡོན་ལན་དགུ་བསྐོར། །བྱིན་པའི་གསུམ་བསྒྲིལ་རྟིང་པས་ལན་གསུམ་གནོན། །རྐེད་མན་དྲོད་མ་ཡལ་བར་བཏགས་པ་ཡིས། །ལོ་གཅིག་ཐུབ་པ་ཁྱད་འཕགས་མྱོང་གྲུབ་མ། །བཅོས་ཐབས་སྨན་སྔགས་དཔྱད་ཟས་སྤྱོད་ལམ་ལྔ། །དེ་ལ་ནད་འདི་མངོན་ཚུལ་ཡུན་ཐུང་བས། །སྨིན་བྱེད་ཐང་དང་ཆུ་སྐོལ་ཆེར་མི་དགོས། །ལྷག་པར་བཤལ་ནས་སྨིན་བྱེད་གཏོང་མི་དགོས། །སྣོད་ཀྱི་རྩི་སྲུང་ (ལག་ལེན་ངག) མཁྲིས་པའི་མེ་བསད་ཅིང༌། །རྒྱུ་ལོང་རུལ་སྦྱངས་ནད་ངོས་གཉེན་པོས་བསད། །མཆིན་པའི་ཟགས་བསྡམ་འཁྲུ་བའི་ཁ་དོག་བསྒྱུར། །ཐ་མར་ཆུ་བོའི་རྒྱུན་ལམ་བཅད་པའོ། །འོན་ཀྱང་སྤྱི་ལ་ཨིནྡྲ་བཞི་ཐང་བསྟེན། །དེ་སྟེང་གི་ཝཾ་ཅུ་གང་ (འདི་ཡན་བྱང་ལུགས་སྣོད་ཚད་སེལ་བ་ཟེར།) གུར་ཀུམ་དང༌། །བདུད་རྩི་ལོ་མ་བྲག་ཞུན་ག་པུར་ནག །གླ་གུལ་གསེར་མེ་པི་ལིང་རྒྱམ་ཚྭ་བསྣན། །རྒྱུ་ལོང་ལ་སོགས་སྣོད་སྤྱིའི་གཉན་ཚད་ཀྱི། །ཚ་བསྒྱུར་འཁྲུ་བ་གཅོད་པའི་ཉམས་མྱོང་ཅན། །དེ་རྗེས་བྲག་གླ་གུར་ཀུམ་སུག་སྨེལ་དང༌། །དོམ་མཁྲིས་བོང་ང་པྲིང་ཀུ་ཨ་རུ་ར། །ག་དུར་སྨན་ཆེན་རུ་རྟ་ཤུ་དག་ནག །ག་པུར་ནག་པོའི་སྦྱོར་བ་བཅས་པ་འདི། །བྲག་ཁྱུང་ཞེས་གྲགས་སྣོད་ཀྱི་ཁྲག་མཁྲིས་དང༌། །ཕོ་ལོག་གཉན་སྲིན་གཟེར་རིགས་གང་ཡིན་ཡང༌། །ཕོ་བར་བབས་པའི་བདུད་རྩིར་འགྱུར་བ་ཡིན། །ཉམས་མྱོང་ (ངེད་ས་རྟ་ན་དུས་འདི་བཞིན་ཡོང་འདྲ་སྙམ་བཏང་བ་འཕྲོད་གཤིས་ངེད་ནས་བཟུང་དར་མོ་བ་རྒྱུན་གཏོད་) ཅན་དང་གུར་ཀུམ་མཆོག་བདུན་དང༌། །བྲག་ཞུན་དགུ་སོགས་བསྣོལ་མར་བཏང་བའམ། །སྨན་ཆེན་ (དབྱར་འཛིན་པ་དགུན་བོང་ང་གཏོང་།)  ཨ་རུ་གླ་རྩི་གི་ཝཾ་མཚལ། །རྒུ་དྲུས་བྲག་སྐྱའི་མེ་ཏོག་ག་པུར་ནག །བྲག་ཞུན་དུག་ཉུང་ཕུར་ནག་སྤྲུ་ནག་པ། །དེ་བ་གསེར་མེ་ག་དུར་སྦྱར་བ་ཡི། །རྒྱུ་གཟེར་སེལ་བའི་དཔའ་བོ་བཅོ་ལྔ་འདི། །སྨན་ནད་ཐོན་པའི་ཐུན་ཚད་ཐེངས་འགའ་འམ། །བྲག་ཁྱུང་སྣོད་ཀྱི་གཉན་ཚད་གཅོག་པའི་སྨན། །གང་འོས་བསྟེན་ལ་དེས་ཀྱང་མ་ཞི་ན། །བྱང་ལུགས་ (ལྷུན་) ཉི་ཟླའི་སྦྱོར་བ་ཞེས་གྲགས་པ། །ཉི་མ་ཆ་གཅིག་ཟླ་བ་ཆ་གཉིས་དང༌། །ཧ་བོ་སྔོན་པོ་བོང་དཀར་དུག་ཉུང་དོམ། །གཉེན་པོ་སྦྲང་དང་སྦྱར་བའི་ལྡེ་གུ་ཡིས། །ཟུག་གཅོག་འཁྲུ་གཅོད་ཅིག་ཅར་འབྱུང་བ་ཡིན། །གཞན་ཡང་མིང་པོ་བདུན་གྱི་སྲིང་གཅིག་མ། །མེ་ཏོག་དམར་པོའི་ཁུ་བས་འཕུལ་ལ་བཏང༌། །རུ་རྟ་ཏིལ་ (ངག་ལས་ཉན་དགོས།) ནག་ཟགས་སྡོམ་སྨན་ལ་སྡེབ། །གསང་སྨན་ (ཆིག་བརྒྱུད་) རི་བོང་ཀླད་པ་འཁྲུ་མདོག་གི །ཁ་སྒྱུར་དམར་ན་བྱ་རྐང་སེར་དུག་ཉུང༌། །སྨུག་ན་རེ་རལ་ཟ་ཁུ་སྐྱི་ (འདི་ལག་ལེན་དུས་ངག་) བའི་འབྲུ། །བེ་སྣབས་སུག་སྨེལ་ལ་སོགས་གོང་བཤད་ཀྱི། །གང་གཏོང་སྨན་གྱི་སྟེང་དུ་བསྣན་པར་བྱ། །ཡང་ན་ལྷ་མིན་བུ་དང་ཟླ་བའི་བཅུད། །རི་ཡི་རྩི་དང་བོང་དཀར་དུག་ཉུང་དོམ། །བྲག་ཞུན་གླ་རྩི་བྲག་སྐྱའི་མེ་ཏོག་དང༌། །རེ་སྐོན་ཀ་ར་སྦྱར་བ་གངས་ཆུས་དབུལ། །འཁྲུ་བའི་མདོག་དམར་བྱ་རྐང་བསྡེབས་སོགས་བྱ། །འདི་དང་གུར་ཀུམ་མཆོག་བདུན་ལྟག་སྤྲད་པ། །ནད་འདི་ཐེབས་ནས་གཅོད་བྱེད་བར་བསྟེན་ཅིང༌། །འོག་ཏུ་འཆད་པའི་ཟས་སྤྱོད་བྱས་པས་འཚོ། །དེ་ནས་ཚ་བ་ཆོགས་ནས་ནད་སྟོབས་བྲི། །འཁྲུ་བ་སྒྲ་བཅས་ཆུར་སྐྱུར་སྟེང་དུ་ལྡིང༌། །དེ་དུས་གཅོད་བྱེད་མཁྲིས་ཕྱེ་བདུན་སྟེངས་སུ། །ད་ཏྲིག་ཀ་པེད་མོན་ཆར་བསྣན་པ་བཏང༌། །དེ་དག་བཅོས་ཚུལ་སྤྱི་དང་མཐུན་པའི་ངོས། །ཟབ་ཁྱད་མ་ནོར་བསྡེབས་པའི་གསོ་ཚུལ་ཡིན། །རྒྱུ་གཟེར་ངོ་བོ་འཁྲུལ་མེད་རྟགས་ལྡན་པར། །ཚན་མོའི་རིགས་རྣམས་རྒྱུ་མ་རུལ་ (བདུད་རྩི་བུམ་པའི་དགོངས་པ་གཅེས་བཏུས་སོགས་སྟོད་ལུགས་སུ་ལག་ལེན་) བས་སྤང༌། །དར་མ་མཁྲིས་ཤས་ཅན་ལ་ཞག་པོ་བཞི། །བྱིས་པ་བད་ཀན་ཅན་ལ་ཞག་པོ་གསུམ། །རྒས་པ་རླུང་ཤས་ཆེ་ལ་ཉིན་ཞག་གཉིས། །ཆུ་གྲང་མ་གཏོགས་ཟས་སྐོམ་རྒྱུ་བ་བཅད། །ཕོ་བ་ཞན་ན་དེ་ཡང་བསྐོལ་གྲངས་ཤིས། །འདི་ཉིད་ཁོ་ནས་ནད་འདི་འཚོ་བའང་སྲིད། །ཆུ་བཟང་ (ལག་ལེན་ངག་) འཆུ་དུས་སྐར་མ་མ་ཡལ་གོང༌། །སྐྱོགས་ཁ་ཐུར་བསྟན་གཅོད་རན་གྱེན་སླངས་ཆུ། །ཨཱོཾ་ཨཿཧཱུཾ་ས་ཆོད་ཆུ་ཆོད་མེ་ཆོད་རླུང་ཆོད་ཧ་རི་ནི་ས་རྒྱུ་གཟེར་བདག་མོ་སོད་སྭཱཧཱ། །ཞེས་བཟླས་གསང་བ་སྔགས་ཀྱིས་ངར་བཏགས་ལ། །ཟུངས་བཟང་དར་མ་རྣམས་ལ་གང་འཐུང་བྱིན། །ཞི་བྱེད་སྨན་སྔགས་ཀུན་གྱིས་མ་ཞི་ན། །དྲག་པོ་བཅུ་གསུམ་ཁ་ལ་རྒྱས་འདེབས་ཀྱི། །བཤལ་སྦྱང་ལྕག་ནི་གོང་བཤད་ཆུ་ཡིས་བྱེད། །ལུས་ཤེད་མ་ཤོར་ཟུངས་བཟང་དུས་ན་སྦྱང༌། །གོང་གི་ཞག་གྲངས་ཐེམས་ནས་ནས་ (མ་སྦྱང་ཡང་ཟས་བསྟེན་ལུགས་) ཁུའམ། །རྩམ་པ་ཨེན་ཙམ་བཏབ་པའི་ཐུག་པ་ནི། །སླ་ཞིང་ཚོས་པ་འོ་མའི་དྲོད་ཙམ་བཏང༌། །སྲེ་ལོང་གསར་བ་སྒྲོལ་མ་ཚར་གཅིག་ཡུན། །སྒྲོམ་ཚོས་བྱས་པ་ནས་ (འགོ་) བཟུང་རིམ་པས་བསྐྱེད། །འདི་ཡི་ནང་ (དེ་ནས་སྒྲོམ་བཙོས་རིམ་པས་ཡུན་རིང་དུ་བཏང་ཞིང༌། དེ་རྗེས་སྲེ་ལོང་པ་བརྡུང་སྐབས་སྲེ་ལོང་པའི་) གི་རྐང་ཡང་ཐོག་མ་སྤང༌། །དེ་ནས་ལུས་ཟུངས་རླུང་ཁ་དང་སྦྱར་ནས། །རུས་གསར་འོ་མ་ལ་སོགས་བརྡའ་ཤེས་ཙམ། །རླུང་གསང་རྣམས་ལ་མར་གསར་བསྐུ་མཉེ་བྱ། །ཕྱེ་དང་ཉུང་མ་བསྲེགས་པའི་གསུར་གྱིས་བདུག །དེ་ནས་འཁྲུ་བ་ཀླད་པ་འདྲ་བ་དང༌། །རྩ་ཆུ་བྲལ་ན་ནད་འདི་ཆད་པའི་རྟགས། འཁྲུ་བ་མ་ཆོད་བར་དུ་ཟས་སྤྱོད་གཟབ། །ཕལ་ཆེར་ཆོད་ནས་མར་གསར་བཏབ་པ་ཡི། །དང་པོ་སྐྱོ་མ་དེ་ (འཁྲུ་བ་ཆོད་ཕྱིན་ཚད་ལ་དཔགས་པས་ཡོང་།) ནས་སྐྱ་རྡོག་དང༌། །དེ་ནས་མར་མིག་བཏང་ལ་ལུས་ཟུངས་གསོ། །ཤ་དང་སྔོ་ངད་ཁེངས་པོ་རིང་དུ་སྤང༌། །སྤྱོད་ལམ་གོས་དྲོ་དབེན་པའི་གནས་སུ་འདུག །མེ་དང་ཉི་མ་བསེར་བུ་ཉིན་མོའི་གཉིད། །གདོན་ཆེན་མི་སོགས་འགྲུལ་སྣ་རིང་དུ་སྤང༌། །དཀར་ཆོས་ལ་སོགས་རིམ་གྲོ་སྟོབས་དང་སྦྱར། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་རྒྱུ་གཟེར་གྱི་རིམས་བཅོས་པའི་ལེའུ་སྟེ་སོ་བཞི་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།