སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

 

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མཆེར་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།།

རྒྱུ་ནི་མ་ཞུ་རླན་གྲང་དྲག་ཤུལ་སྐྱེད། །དབྱེ་བ་མཆེར་ནད་ཚ་བ་ཁྲག་སྦོས་དང༌། །མཆེར་རླུང་མཆེར་པའི་བད་ཀན་རླུགས་པ་ལྔ།།

མཆེར་ནད་ཚ་བ་ཆང་འཐུངས་དྲོས་ཚེ་སྦོ། །ལྕེ་ཁྲ་དབུགས་རྒོད་མཆུ་དང་གདོང་པ་སྨུག །རྐང་ལག་སྦྲིད་ཅིང་གཡོན་གྱི་རྩིབ་ཐུང་གཟེར། །ཁྲག་སྦོས་དེ་འདྲ་བཞིན་མདོག་སྔོའམ་སེར། །ཁོང་ལྕི་སྦོ་འཁྲོག་བྱེད་ཅིང་མ་མཆུ་འཕྱང༌། །མཆེར་རླུང་ལུས་སྐྲངས་སྦོ་འཁྲོག་འཇུ་སྟོབས་ཆུང༌། །སྒྲེག་པའམ་འོག་རླུང་ཐོན་ན་བདེ་སྙམ་བྱེད། །མཆེར་པའི་བད་ཀན་མཆུ་ལ་བད་ཀན་ཆགས། །གྲང་དང་དགོང་དུས་སྦོ་ལ་གཡོན་ངོས་གཟེར། །རླུགས་པ་སྦོ་འཁྲོག་ཕྱི་ས་མི་ཐུབ་འཆོར།།

བཅོས་ཐབས་མཆེར་ཚད་ལི་ཤི་ཀ་ཀོ་ལ། །སུག་སྨེལ་གུར་ཀུམ་ཏིག་ཏ་གསེར་མེ་ཏོག །སླེ་ཏྲེས་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །ཀ་ཀོ་ལ་དང་གུར་ཀུམ་ཨ་རུ་ར། །ཀ་ར་སྦྱར་བཏང་མཆེར་པའི་རྩ་ལ་གཏར། །ཁྲག་སྦོས་ནད་ལ་མ་ནུ་པི་པི་ལིང༌། །སུག་སྨེལ་ཤུ་དག་དོང་གྲ་ན་ལེ་ཤམ། །ཁ་རུ་ཚྭ་དང་ཤིང་ཚ་རྒྱམ་ཚྭ་དང༌། །བུ་རམ་སྦྱར་བཏང་ངར་གདོང་མཆེར་རྩ་གཏར། །མཆེར་པའི་རླུང་དང་བད་ཀན་གཉིས་ཀ་ལ། །ཤིང་ཀུན་ཁ་རུ་ཚྭ་ཡི་བསྡུས་ཁུ་བཏང༌། །ད་ལིས་སུག་སྨེལ་ཤིང་ཚ་ཁ་རུ་ཚྭ། །ཟི་ར་ཚ་བ་གསུམ་དང་བུ་རམ་སྦྱར། །མཆེར་པའི་སྟེང་དང་བཅུ་གཅིག་ཁ་གསུམ་བསྲེག །རླུགས་པའི་ནད་ལ་ཨ་ཤོ་གནྡྷ་དང༌། །རྒྱམ་ཚྭ་ཁ་རུ་ཚྭ་ཡི་ཕྱེ་མ་བཏང༌། །བསྲེག་པ་གོང་བཞིན་མཛོ་དང་རྟོལ་ཤ་བྱིན། །དབང་པོ་ལག་པ་གེ་སར་རྣམ་པ་གསུམ། །བུ་རམ་སྦྱར་བས་མཆེར་པའི་ནད་ཀུན་སེལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།