སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།



ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བཙུན་མོ་ལྟ་བུ་མཆིན་པའི་གསོ་ཐབས་ལ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

རྒྱུ་ནི་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད། །དབྱེ་བ་ལེབ་རྒན་རྒྱས་དང་ལྡེམ་བུ་དང༌། །དུག་ཐབས་ཆུ་ཤོར་རྐུན་བུ་འོར་ལྷུང་དང༌། །ཁ་ལུད་གཞུང་རེངས་མཆིན་གྲུམ་ནག་པོ་དང༌། །མཆིན་ནད་ཧལ་སྐེམ་མཆིན་དྲི་དཀར་ནག་དང༌། །གནད་མཆིན་རྩ་བྱེར་མཆིན་རླུང་མཆིན་རྒུད་དང༌། །རླན་གྲང་གླང་དགུར་གྲང་སྦོས་བཅོ་བརྒྱད་དོ།།

དེ་རྟགས་མཆིན་ནད་ལེབ་རྒན་རྒྱས་པ་དེ། །མཆིན་སྟེང་རྩིབ་ཐུང་གཡས་གཡོན་སྦོ་ཞིང་ན། །ལུས་དང་མཚོགས་མ་ལྕི་ཞིང་རོ་སྟོད་གཟེར། །སྟེང་བཏོན་རྡིབ་སྙམ་འོག་བཅུག་འབུགས་སྙམ་བྱེད། །ཙོག་པུར་འདུག་ན་ཐུར་ལ་འཐེན་པ་འདྲ། །ཤ་སེར་མཁལ་རྐེད་མི་བདེ་སྒྱིད་པ་འཁུམས། །མཆིན་ནད་ལྡེམ་བུ་ན་བ་མི་ཚོར་བར། །གཉིད་མེད་ཁོང་སྙོམ་ལུས་ལྕི་ཟས་མི་འདོད། །ཁྲག་འབྲོས་ཤ་དང་རུས་པ་ཁད་ཀྱིས་སྐམ། །དུག་ཐབས་མིག་དམར་གདོང་སྔོ་རྩིབ་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན། །བྲུན་སྐམ་བོལ་གཡོ་མུར་གོང་མཐིལ་བཞི་སེར། །གཞུག་ཏུ་མཆིན་པ་རུལ་ནས་དུད་ཁུར་ལུ། །ཆུ་ཤོར་ཁོང་སྦོ་རོ་སྟོད་བརྫིས་ན་ཕན། །སྒལ་རེངས་མཆིན་པ་འཕྱོངས་ཤིང་གཡལ་མི་ཐོན། །ཕོ་མཆིན་སྟོང་སྙམ་དྲོས་དྲགས་མགོ་བོ་ན། །རྐུན་བུ་རྐང་པ་གྲང་ལ་རོ་སྟོད་གཟེར། །མིག་གིས་ཡས་ལྕིབས་མི་ཐེག་ཉམ་ཆུང་སྙ། །སྟོད་གང་དཔུང་མགོ་གཟེར་ལ་སྐེ་རྩ་རེངས། །ཁ་ཟས་ཟོས་ན་བག་རེ་ཕན་སྙམ་བྱེད། །འོར་ལྷུང་གཉིས་ལས་མཆིན་ཁྲག་རྐེད་པར་ལྷུང༌། །རྐེད་པ་འཁོར་ཞིང་འགུལ་ན་ཟུག་ཆེ་གཟེར། །རྐང་པར་ལྷུང་ན་དཔྱི་སྦྲིད་སྐམ་ཁོལ་བྱེད། །རྐེད་པ་ཚ་ལ་ཆུ་རྒྱུས་ན་བར་འོང༌། །ཁ་ལུད་གློ་དང་ཕོ་བར་ལུད་པ་གཉིས། །གློར་ལུད་སྟོད་རྫིངས་མིག་དམར་མཆན་འོག་གཟེར། །ཁྲག་ཏུ་ལུ་ཞིང་སྐབས་སུ་རྣག་ཁྲག་འཛག །ཕོ་བར་ལུད་ན་བསྡམས་ཤིང་གཟེར་ནས་ན། །དགྱེ་དགུ་མི་ཤེས་ཚ་ཙེག་སྒྲེག་པ་འོང༌། །ལྡང་དུབ་ཆེ་ལ་གསུས་པ་ལྟར་མི་མངོན། །གཞུང་རེངས་རྐང་ལག་རེངས་ལ་ལྷུ་ཚིགས་ན། །དགྱེ་དགུ་མི་ཤེས་སྟོད་གཟེར་ལྟག་པར་དགྱེ། །མཆིན་གྲུམ་ནག་པོ་ལུས་ཀུན་བརྡུངས་སྙམ་བྱེད། །རྐང་བཤལ་འགུལ་ན་མི་བཟོད་སྒུར་པོར་འགྲོ། །ཧལ་སྐེམས་ལུས་པོ་ཟ་འདར་གཞོགས་གཡས་ལྕི། །མིག་མདངས་ཆུང་ཞིང་འཛུར་ལ་སྐོམ་དད་ཆེ། །མཆིན་དྲི་དཀར་པོ་ལྷེན་སྣ་གཡས་གཡོན་ན། །གཉིད་ཆེ་ཁ་སྐམ་རྩིབ་ལོགས་གཟེར་ནས་ན། །མཆིན་དྲི་ནག་པོ་སྲོག་རྩ་སྙིང་མི་བདེ། །ཁོང་པ་སྟོང་སྦོས་ལྷེན་སྣར་འདྲིལ་ནས་ན། །གནད་མཆིན་རྩ་བྱེར་སྟོད་གཟེར་ཐལ་གོང་ན། །སྟོད་གང་ཕོ་མཆིན་མི་བདེ་རྩེ་ཆུང་རེངས། །གློ་བྱུང་མཆིན་པ་འཕྱོངས་ལ་བཟོད་ཐབས་མེད། །བྱད་སྨུག་སྣ་ཁྲག་འཛག་ཅིང་ཅི་ཟོས་གནོད། །མཆིན་རླུང་གཡལ་བྱུང་རྗེས་ལ་མཆི་མ་འཛག །ཕོ་མཆིན་འདྲེས་སྙམ་བྱེད་ཅིང་ན་ལ་འཕྱོངས། །དགོང་དང་ཐོ་རངས་ན་ཞིང་གྲང་ན་སྐྱིག །མཆིན་རྒུད་ཟས་ཟོས་རྗེས་ལ་མཆིན་པ་ན། །ཉམ་ཆུང་ཆུ་དྲོན་སྐྱུག་ལ་གཡལ་མི་ཕྱིན། །མཆིན་པ་རླན་གྲང་པུས་མོ་གྲང་ཞིང་ཟ། །སྟོད་གང་གློ་སྐམ་ལུ་ཞིང་དགྱེ་དགུ་དཀའ། །གླང་དགུར་ལུས་སྐྲངས་བྱད་སྦོས་ལྕེ་མཆུ་སྐྱ། །མགོ་འཁོར་སྐྲ་སྨིན་ཟ་ལ་སྣ་ཤུ་འབྱུང༌། །གྲང་སྦོས་ཁོང་པ་གྲང་ལ་བྱད་ཤ་སྦོས།།

བཅོས་ཐབས་མཆིན་ནད་ལེབ་རྒན་རྒྱས་པ་ལ། །གི་ཝཾ་སྐྱུ་རུ་ར་ཡི་ཐང་བཏང་ལ། །ར་ས་ཡ་ན་(དོང་ག་དུར་བྱིད་ཧོང་ལེན་ཁྲོན་བུ་ལྕུམ་རྩ་ཐར་ནུ་རེ་ལྕག་སྐྱེར་པ་ཨ་རུ་)འི་བཤལ་བཏང་རུ་ཐུང་གཏར། །མཁྲིས་ཆེན་(དོམ་མཁྲིས་བྲག་ཞུན་ཨ་རུ་མར་གསར་)སྦྱོར་བ་རྒུན་འབྲུམ་ཐང་གིས་དབུལ། །ཚ་བ་ཞེན་ཆེ་ག་བུར་བདུན་པ་སྦྱར། །ཉལ་བའི་སྔས་སྨད་ཁ་ཟས་བསིལ་དུ་བསྟེན། །མཆིན་ནད་ལྡེམ་བུ་ཨ་རུ(བར་སྐྱུར་སླེ་ཏྲེས་ཏིག་ཏ་བོང་ང་ཧོང་ལེན་ལྕུམ་རྩ་དོང་ག་དུར་བྱིད་སྦྱར་བ་)འི་ཐང་ཁྲུས་བྱ། །གཡུ་རྙིང་ཅུར་ནིས་(ག་བུར་ལི་ཤི་ཙན་དན་དོམ་མཁྲིས་གླ་རྩི་རྒུན་འབྲུམ་གསེར་མེ་)བྲག་ཞུན་(གུར་ཀུམ་བ་ལེ་ཨ་རུ་པྲི་ཡངྐུ་)ལྔ་པ་སྦྱར། །དུག་ཐབས་སྨྱུང་བྱས་གསེར་ཕུད་(བསྡུས་ཁུར་བུལ་ཏོག་བཏབ་པའི་)སྐྱུགས་ཀྱིས་དྲང༌། །གཡུ་རྙིང་(གུར་ཀུམ་ལི་ཤི་ཨུཏྤལ་གེ་སར་གསུམ་)བདུན་པ་སྙི་བའི་(མེ་ཏོག་སུམ་ཅུ་ཏིག་སེང་ལྡེང་ཤིང་ཚའི་)ཐང་གིས་དབུལ། །རྗེས་གཅོད་གི་ཝཾ་(ཙན་དན་དཀར་དམར་རེ་རལ་སྔོན་བུ་མཚལ་བཅད་འབྱོར་གཉིས་དང་)བརྒྱད་པ་བ་འོས་དེད། །མཆིན་པ་ཆུ་ཤོར་ར་གསུམ་བ་ལེའི་ཐང༌། །རུ་ཐུང་རྩེ་ཆུང་མཆིན་མཁྲིས་འདོམ་རྩ་གཏར།  །གློ་དང་བསྡོངས་ན་ཅུ་གང་ལྡེ་གུ་སྦྱར། །རྗེས་ལ་ཚིགས་པ་ལྔ་དང་དགུ་པ་བསྲེག །མཆིན་ནད་རྐུན་བུ་ཨ་སོ་གཉིས་ལ་གཏར། །བ་ལེ་ཀ་(སླེ་ཏྲེས་ཨ་རུ་རྒུན་འབྲུམ་བོང་ང་ཧོང་ལེན་ཏིག་ཏ་གླ་སྒང་དུག་ཉུང་ཀྱི་ལྕེ་དུར་བྱིད་ཁྲོན་བུ་)ཡི་བཤལ་བཏང་ཕྲན་བུ་གཏར། །མཆིན་པ་འོར་དུ་ལྷུང་བ་གཉིས་ཀ་ལ། །འབྲས་བུ་གསུམ་གྱི་(དུར་བྱིད་ཧོང་ལེན་ཁྲོན་བུ་)བཤལ་བཏང་བྱིན་ལོང་གཏར། །དམར་གསུམ་ཕྱེ་མར་དར་ཡ་ཀན་(མི་དོམ་མཁྲིས་བྲག་ཞུན་གྱི་)ཐང་བཏང་། །མཆིན་ཁྲག་གློ་ལ་ལུད་ན་(བ་ལེ་ཀ་ཨ་རུ་སྐྱུ་རུ་ལྕུམ་རྩ་དུར་བྱིད་དོང་ག་)ཐང་ཁྲུས་བྱ། །གློ་རྩ་རུ་ཐུང་གཏར་ཞིང་བསིལ་སྨན་བཏང༌། །ཕོ་བར་ལུད་ན་རུ་ཐུང་འདོམ་རྩ་གཏར། །ར་གསུམ་(དུར་བྱིད་ཧོང་ལེན་གྱི་)བཤལ་དང་བ་ལེ་ཀ་(གླ་སྒང་རྒུན་འབྲུམ་ཧོང་ལེན་ཨ་བྷི་ཥ་)ཐང་བཏང༌། །མཆིན་པ་གཞུང་རེངས་དུར་ལྕགས་ཐང་དུ་བཏང༌། །རུ་ཐུང་དྲུག་འགོ་ཕོ་གདུང་གཏར་བར་བྱ། །བྱ་བྲུན་སྦང་སྐམ་དུགས་ཀྱིས་གཞུང་ཤུལ་བདུག །བ་ལེ་ཀ་ཐང་བྲག་ཞུན་ཅུར་ནིས་བཏང༌། །མཆིན་གྲུམ་ནག་པོ་འབྲས་བུ་གསུམ་ཐང་བཏང༌། །རྔུལ་དབྱུང་རྩེ་ཆུང་གཏར་ཞིང་སྔོན་བུས་(ཨ་རུ་ཟངས་རྩི་རྒུན་འབྲུམ་གྱི་)སྦྱང༌། །མར་གསར་སོ་མ་ར་ཛ་(བསིལ་གསུམ་ཨ་རུ་འདམ་བུ་ཤིང་མངར་ལྕགས་ཕྱེ་སྦྲང་དང་སྦྱར་བ་)འི་ལྡེ་གུ་བཏང༌། །རྗེས་ལ་ཤ་སྲུབས་ཚིགས་དམིགས་གར་བབས་བསྲེག །མཆིན་ནད་ཧལ་སྐེམ་ཨ་བི་ཥ་(པར་པ་ཏ་ཀྱི་ལྕེ་)ཡི་ཐང༌། །སྔོན་བུའི་བཤལ་བཏང་རུ་ཐུང་ཕྲན་བུ་གཏར། །ལུམས་རྗེས་སྨན་མར་སྦྱར་ལ་དགུ་པ་བསྲེག །མཆིན་དྲི་དཀར་པོ་མཆིན་མཁྲིས་འདོམ་རྩ་གཏར། །བ་ལེ་ཀ་དང་ཀྱི་ལྕེའི་གྲང་ཐང་བཏང༌། །གུར་ཀུམ་(ལི་ཤི་སུག་སྨེལ་ཀ་ཀོ་ལ་ད་བྱིད་པར་པ་ཏ་སྤང་སྤོས་ཤུ་མོ་ཟ་སྦྲང་སྟེ་)བརྒྱད་པའི་ལྡེ་གུ་སྦྱར་བར་བྱ། །མཆིན་དྲི་ནག་པོ་བྲག་ཞུན་ཐང་བཏང་ལ། །རུ་ཐུང་གཏར་ཞིང་རྗེས་ལ་བརྒྱད་པ་བསྲེག །གནད་མཆིན་རྩ་བྱེར་རུ་ཐུང་རྩེ་ཆུང་གཏར། །འདོམ་རྩ་ཨ་སོ་བྱིན་གཞུག་ལོང་རྩ་གཏར། །བ་ལེའི་ཐང་བཏང་འབྲས་བུ་གསུམ་གྱིས་སྦྱང༌། །དེ་ལྟར་མཆིན་ནད་ཚ་བ་དེ་རྣམས་ལ། །ཁ་ཟས་བསིལ་བསྟེན་རུལ་སྐྱུར་དྲོད་བག་སྤང༌། །ཚ་བ་ཆོམས་ན་གསར་བཅུད་དྲོད་ལ་དབབ། །རྗེས་ལ་ཚིགས་པ་བརྒྱད་དགུ་གར་བབས་བསྲེག །མཆིན་རླུང་ཐོང་ཚེར་མཆིན་པ་སྤོད་བྲན་བཏང༌། །བུར་དཀར་མར་གསར་ཏིང་ཁྲོལ་སྤོད་ལྡན་མུར། །ར་གསུམ་མར་སྦྱར་དགུ་པ་ཁ་གསུམ་བསྲེག །མཆིན་རྒུད་དེ་འདྲ་སེ་འབྲུ་ད་ལིས་བཏང༌། །ཨ་རུ་འབྲི་རྐང་གཟེ་མའི་སྨན་མར་སྦྱར། །མཆིན་ནད་རླན་གྲང་དེ་བཞིན་མཆིན་གསང་བསྲེག །མཆིན་པ་གླང་དགུར་འབྲས་བུའི་རྒྱུན་བཤལ་བཏང༌། །སེ་འབྲུ་ལྔ་པ་སྐེམས་སྨན་སྦྱར་བ་བསྟེན། །ཁ་ཟས་ཁྲེའུ་རྗེས་ལ་མེ་ཡིས་བཅད། །མཆིན་པ་གྲང་སྦོས་ད་ལིས་སེ་འབྲུ་སྦྱར། །ལྔ་དང་དྲུག་པ་ལྷེན་སྣ་ཁ་གསུམ་བསྲེག །དེ་ལྟར་མཆིན་ནད་གྲང་བ་དྲོད་ཀྱིས་བཅོས། །གསར་འཇམ་ལུག་ཤ་ལ་སོགས་དྲོད་ལ་བསྒོར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཆིན་ནད་གསོ་བའི་ལེའུ་སྟེ་སོ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།