སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཕོ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་ངལ་དུབ་རླན་གྲང་བཟའ་ཆེས་དང༌། །ཁ་ཟས་མི་འཕྲོད་པ་ལས་གྱུར་པའོ།།

སྤྱི་དོན་གཉིས་པ་དབྱེ་བ་ཕོ་ནད་ཚ་བ་གྲང་བ་གཉིས། །ཚ་བ་ཕོ་བར་འགྲམས་བབས་འཁྲུགས་བབས་དང༌། །དུག་ཐབས་གཉན་གླང་ཕོ་བ་སུར་ཡ་དང༌། །མཁྲིས་པ་ལུད་དང་མཆིན་ཁྲག་ལུད་པའོ། །མཆིན་ཁྲག་ལུད་པ་འདྲིལ་དང་མ་འདྲིལ་གཉིས། །གྲང་བ་རླུང་དང་མ་ཞུ་ལྕགས་དྲེག་ལྷེན། །མེ་ཉམས་རྡོ་སྐྲན་དམུ་རྫིང་སྲིན་དང་འབྲས། །ཚ་གྲང་བདུན་དགུ་ཕོ་ནད་བཅུ་དྲུག་གོ །འོན་ཀྱང་སྐབས་འདིར་རླུང་དང་བད་ཀན་མཁྲིས་པ་ཁྲག །དུག་ཐབས་ཕོ་ལོག་རྒུད་པ་སྙོང་བུ་བརྒྱད་པོ། །འདིར་མདོར་བསྡུས་ཏེ་བསྟན་པ་ཕྱི་མ་བཅུ་དྲུག་པོ་ནི་སོ་སོའི་ལེའུ་གཞན་ཕོ་ནད་ཚ་བ་འགྲམས་བབ་འཁྲུགས་བབ་གཉིས་ནི་གོང་གི་འགྲམས་འཁྲུགས་ཀྱི་ལེའུར་བཤད་ལ། དེ་བཞིན་དུ་དུག་ཐབས་མ་ཞུ་བ་གཉན་འབྱུང་རིམས་བལ་ནད་སུར་ཡ་མཁྲིས་ལུད་མཁྲིས་པ་མཆིན་ཁྲག་ལུད་པ་དང་། འདྲིལ་བ་སྨུག་པོ་གྲང་བའི་སྐབས་མ་ཞུ་བ་སོགས་བཞི་བད་ཀན་སྐྱ་བོ་རྡོ་སྐྲན་ནད་དང་དམུ་རྫིངས་དམུ་ཆུ་ཁྲག་སྲིན་བད་འབྲས་འབྲས་བཅོས་ལེའུ་སོགས་སོ་སོའི་སྐབས་སུ་བཤད་པ་གཞན་དུ་གཞན་ལས་གསལ།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་ཕོ་རླུང་སྦོ་ཞིང་སྟོང་སྒྲེག་དང༌། །འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད། །ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ཡིན། །གཉིས་པ་ཕོ་བའི་བད་ཀན་འཚིང་སྒྲེག་ཟས་མི་འཇུ། །བསིལ་ཟས་འཇུ་དཀའ་ཟོས་རྗེས་རྔུལ་གྲང་ན། །ཟས་ལ་འཁྲེན་ཅིང་འབྱར་བག་སྐྱུག་པ་དང༌། །ཡང་ན་ཁ་ཟས་མ་སྨིན་རྩམ་པ་འཁྲུ།  །ཕོ་བར་མཁྲིས་པ་ལྷུང་ན་འཁྲུ་འམ་སྐྱུག །བཞི་བ་ཁྲག་ལྷུང་ཚ་ཆེས་གྲང་ཆེས་གཉིས་ཀ་ན། །ལྔ་བ་ཕོ་བ་དུག་ཐབས་མི་འཇུ་དང་ག་འགག །མིད་པ་ན་ལ་བྲང་ཚ་ཆུ་ཚན་སྐྱུག །ཤ་འབྲོས་པ་སྟེ་རྫུད་པ་གསུས་པའི་ངོས་རྩ་བཀྲ་ལ་ཟོས་ཐོག་སྐྱུག །དྲུག་་པ་ཕོ་ལོག་སྦོ་ལྡེང་ཟུག་ཆེ་ལྡང་དུབ་བྱེད། །བདུན་པ་ཕོ་བ་རྒུད་པ་སྒྲེག་མང་བཅུད་མི་འཇུ། །ལྦུ་བར་སྐྱུག་ཅིང་ཉམ་ཆུང་ཆང་འཐུངས་བདེ། །བརྒྱད་པ་སྙོང་བུ་ཕོ་བ་ན་དེང་ངེ་བར་བརྗེད་ངས་མཚམས་མེད་པར་རྒྱུན་དུ་ན།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་ཕོ་རླུང་ཤིང་ཀུན་ཁ་རུ་ཚྭ། །ཕོ་བ་རིས་དང་སེ་འབྲུ་བུ་རམ་སྦྱར། །སྣ་ཚོགས་རུས་ཁུར་ཤིང་ཀུན་ཁ་རུ་ཚྭ། །ཐལ་ཚྭ་བཏབ་བཏང་འབའ་ཆ་འོ་སྐོམ་དུགས་བྱ་ཕོ་གསང་མདུན་རྒྱབ་བསྲེག །མར་རྙིང་ཚ་བ་སྒ་པི་ཕོ་གསུམ་དང་ཚྭ་སྣ་རྒྱམ་ཁ་ཙབས་གསུམ། །སྦྱར་བས་རླུང་གིས་སྐྱུག་པ་གཅོད་པར་བྱེད། །འཁྲུ་ན་ལ་ཕུད་དོང་གྲ་ཁྱོར་བ་རེ། །ཀ་ར་འོ་མ་མར་དུ་བསྡུས་ལ་བཏང༌། །གཉིས་པ་ཕོ་བའི་བད་ཀན་ཤིང་ཀུན་ཁ་རུ་ཚྭ། །སྨན་སྒ་སྦྱར་ལ་དོང་གྲའི་སྒ་སྨུག་ཐང་གིས་དབུལ། །ཕོ་བ་དྲོད་ཆུང་ཁ་ཟས་མི་འཇུ་སེལ། །སེ་འབྲུ་སུག་སྨེལ་རྒྱམ་ཚྭ་ལ་ལ་ཕུད། །ཤིང་ཚ་ཟི་ར་བཅའ་སྒ་པི་པི་ལིང༌། །ལྕེ་མྱང་ཁ་རུ་ཚྭ་དང་བུ་རམ་སྦྱར། །དྲོད་སྐྱེད་ཟས་འཇུ་ཕོ་བའི་གཟེར་ཟུག་སེལ། །གོ་སྙོད་ན་ལེ་ཤམ་དང་ཁ་རུ་ཚྭ། །ཀ་ར་སྦྲང་སྦྱར་བད་ཀན་སྐྱུག་པ་གཅོད། །བྱི་ཏང་ག་དང་སྒྲོན་ཤིང་ཚ་བ་སྒ་པི་ཕོ་གསུམ། །འུ་སུ་བསྐོལ་ཁུས་བད་ཀན་འཁྲུ་བ་གཅོད། །ཕོ་གསང་མདུན་རྒྱབ་ཚིགས་པ་གཉིས་པ་མེ་ཡིས་བསྲོ་བར་བྱ། །གསུམ་པ་ཕོ་བའི་མཁྲིས་པ་གཡའ་ཀྱི་ཀྱི་འབྲུམ་བསྣན་པའི་མཁྲིས་པ་སྐྱུགས་ཀྱིས་དྲང༌། །དེ་རྗེས་ལྕུམ་རྩ་ཨ་རུའི་ཁུ་བར་གསེར་གྱི་མེ་ཏོག་བཏབ་པའི་བཤལ་གྱིས་སྦྱང༌། །བཞི་བ་ཕོ་བའི་ཁྲག་ནད་ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཅོང་ཞི་མ་ནུ་ཤིང་ཚ་པི་པི་ལིང་སྦྱར་ལ་བཏང་། །སྟར་བུའི་(དུང་ཐལ་སྦྲུལ་ཤ་རྒྱ་ཚྭ་དུར་བྱིད་ཀྱི་)སྦྱོང་བཏང་རུ་ཐུང་གཉིས་ལ་གཏར། །ཕོ་བ་དུག་ཐབས་ཐར་ནུ་སྲུབ་ཀ་བ། །རི་ཤོ་རྒྱམ་ཚྭའི་སྐྱུགས་བྱ་དེ་འོག་ཏུ། །མ་ནུ་ཀཎྜ་ཀ་རི་སུག་སྨེལ་དང༌། །གུར་ཀུམ་ལི་ཤི་ཀ་ར་སྦྱར་ལ་བཏང༌། །སེ་འབྲུ་བཞི་སྦྱར་ཕོ་ལོག་ཀ་ཀོ་ལ། །སུག་སྨེལ་ཤིང་ཚ་ད་ལིས་པི་པི་ལིང༌། །ཟི་ར་ན་ལེ་ཤམ་དང་ཀ་ར་སྦྱར། །ཁ་རུ་ཚྭ་དང་རྭ་གཞོབ་བསྡུས་ཐང་བཏང༌། །བདུན་པ་ཕོ་བ་རྒུད་ན་ཨ་རུ(སྐྱུ་རུ་གོ་སྙོད་ཟི་ར་ནག་པོ་ལ་ལ་ཕུད་ཤིང་ཚ་ཕོ་བ་རིས་ཐལ་ཚྭ་རྭ་ཚ་རྒྱ་ཚྭ་ལྕེ་མྱང་ཚྭ་པི་པི་ལིང་བུ་རམ་)འི་ཅུར་ནིས་སྦྱར། །བརྒྱད་པ་ཕོ་བ་སྙོང་བུ་ད་ལིས་ཚ་བ་སྒ་པི་ཕོ་གསུམ་ཤིང་ཚ་བུ་རམ་ཅུར་ནིས་སྦྱར། །ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས། །སྤྱོད་ལམ་ཕལ་ཆེར་ཟས་སྤྱོད་དྲོད་བསྟེན་སེ་འབྲུ་གཙོ་བྱས་པའི་སྦྱོར་བ་དང་ད་ལིས་གཙོ་བྱས་པའི་སྦྱོར་བ་ཤིས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕོ་བའི་ནད་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།