སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། མགུལ་ནད་ལྦ་བ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྐེའི་ལྦ་བ་སྐྱེད་པར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་ཚིལ། །འདུས་པའི་ལྦ་བ་གཡང་ལྦ་བྱུར་ལྦ་བརྒྱད།།

སྤྱི་དོན་གསུམ་པ་དེ་རྟགས་རླུང་གྱུར་ལྦ་བ་མགོ་མང་ཁོང་སྟོང་ཞིང༌། །གཉིས་པ་མཁྲིས་པའི་ལྦ་བ་ཕུར་ཚེ་ཆུང་ལ་སྙི། །གསུམ་པ་ཁྲག་ལྦ་དྲོད་བཅུད་དྲག་ཤུལ་རྐྱེན་གྱིས་སྐྱེ། །བཞི་བ་བད་ཀན་སྲ་མཁྲེགས་དལ་དུས་སྐྱེ་བར་བྱེད། །ལྔ་བ་ཚིལ་ལྦ་སྐྱེ་འགག་སྐྱེ་འབྲི་ཆེ་བ་སྟེ། །དྲུག་པ་འདུས་པའི་ལྦ་བ་དབུགས་བསུབ་ངར་ངར་འབྱུང༌། །བདུན་པ་གཡང་ལྦ་བདེ་ལ་དབྱིབས་ལེགས་བཀྲ་ཤིས་ལྡན། །བརྒྱད་པ་བྱུར་ལྦ་མི་བདེ་མི་སྡུག་བཀྲ་མི་ཤིས།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་ཚ་བ་སྨན་ཆང་ཕྱེ་མ་དང༌། །དཔྱད་དང་སྔགས་དང་ལོག་གནོན་དྲུག་གིས་བཅོས། །དང་པོ་གཡག་རྒོད་བྱང་འབྲོང་གི་ཨོལ་མདུད་ལ་སོགས་ཨོལ་མདུད་ཚོགས་ཚད་པའི། །ཨོལ་པ་སྣ་ཚོགས་མ་རུལ་མ་བམ་པ། །ཚྭ་སྣ་ཚོགས་ཚད་སུག་སྨེལ་ཟི་ར་སླེ་ཏྲེས་རྣམས། །ཞིབ་བརྡུངས་སྐྱོ་ཚ་ལ་བཏབ་བཙོས་ཏེ་ལྟོ་རུ་བསྟེན་པས་འཇོམས། །གཉིས་པ་སྨན་ཆང་ཨོལ་མདུད་བམ་རུལ་མེད་པ་རྣམ་པ་སྣ་ཚོགས་དང༌། །སྨན་སྒ་ཉ་ཤ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཤིང་ཚ་དང༌། །ལྦ་བའི་ཚྭ་འདི་རྗེ་ཟུར་མཁར་བས་ཤིང་མཐུག་པོ་རྒྱབ་སྐྱ་ལ་བཞེད་ཀྱང་། དོན་ལ་དཔྱད་ན་བཤད་རྒྱུད་དུ་ལྦ་ཚ་དང་ཡ་བཀྵར་སོགས་ལན་ཚའི་སྡེ་ཚན་གཅིག་ཏུ་བསྡུས་པས་རང་བྱུང་དང་བཅོས་མའི་ཚྭ་གཉིས་ལས། ལྦ་ཚ་རང་བྱུང་གི་ལན་ཚར་འཇོག་རིགས་ལ། ཁྱད་པར་ལྦ་བའི་སྐབས་འདིར་ཝ་ཚ་ཞེས་པ་སྟོད་ནས་འབྱུང་བའི་ཚྭ་དཀར་ཞིང་རོ་ཚ་ཞིང་ལན་ཚ་ཞིང་ལན་ཚ་དང་ལྡན་པ་དགོས་ཏེ། རྒྱུ་མཚན་དེ་ཉིད་ཡོད་པའི་ཆུ་འཐུངས་ཡུལ་དེའི་མིས་ཡང་བྱ་རྐེ་(སྐེ)ཞེས་རྐེ་(སྐེ)གཞན་ལས་ཕྲ་བར་ཡོད་པའི་ཕྱིར་རོ། རུ་རྟ་ཨུཏྤལ་ཆུ་ལ་བསྡུས། །ཆང་སྦྱར་དྲོས་སར་བསྙལ་མནན་ཏེ་ལངས་ནས་སྐོམ་དུ་བསྟེན། །གསུམ་པ་ཕྱེ་མ་ཨོལ་མདུད་སྣ་ཚོགས་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག  །ཝ་བའི་ཚྭ་ཤིང་ཚ་རྒྱམ་ཚྭ་ཚ་བ་སྒ་པི་ཕོ་གསུམ། །ཨ་རུ་ཀར་ཀ་ར་བུར་བུ་རམ་རྟས་བསྒྱུར་ཆུ་སྐོལ་དབུལ། །ཡང་ན་ཨོལ་མདུད་རྙིང་པ་རྒྱ་ཚྭ་དང༌། །ལྦ་བའི་ཚྭ་ཏིག་ཏ་སྤང་རྒྱན་དཀར་པོ་བ་ཤ་ཀ །ཀ་ར་སྦྱར་བ་ལྟོ་སྟོང་བསྟེན་པར་བྱ། །གོ་བོའི་སྟོད་ཁོག་གཡག་རྒོད་རྟ་དང་རྐྱང༌། །སྤྱང་ཀི་སོ་བྱ་ལ་སོགས་གྲེ་བ་སྣ་ཚོགས། །ཚ་བ་སྒ་པི་ཕོ་གསུམ་དང་བྲག་ཞུན་ལྦ་བའི་ཚྭ་དང༌། །བུར་དཀར་སྦྱར་བ་ལྟོ་སྟོང་ཆུ་སྐོལ་དབུལ། །ཟླ་ཕྱེད་བསྟེན་པས་ལྦ་བ་རྩད་ནས་འབྱིན། །བཞི་བ་དཔྱད་དུ་དཔུང་རྩ་དང་སྐེ་རྩ་སྟེ་རྩེ་ཆུང་དང་མཐོང་རྩ་དང་རྣ་རྒྱབ་ཀྱི་ལྦ་རྩ་སོགས་གཏར། །རྣ་ཤལ་འོག་དང་ལྦ་མགོ་ཨན་སྟོང་བསྲེག །ལྔ་བ་སྔགས་བཅོས་སྨྲ་བཅད་བཟླས་ཏེ་ཐོག་མར་ལྦ་བའི་ཕྱི་ནས་གདབ། །ཨོཾ་ནག་ཏ་རག་ཏ་པུས་པཏ་སྭཱཧཱ། །ཆུ་ལ་བཟླས་ཏེ་ཁོང་དུ་བཏང་བར་བྱ།  དགུ་བ་ཨོཾ་མི་ཏི་མི་ཏི་ཤག་ཀྲུག་སྭཱ་ཧཱ། །ལྔ་པ་ཨོཾ་ཁ་ཁུ་ག་མ་ལ་རཀྟ་ནན། །བརྒྱད་པ་ཨོཾ་དམར་མོ་ཛིན་དུ་ཛིན་དུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །ཐོག་མར་དགུ་པ་བརྒྱ་རྩ་བཟླས་དེ་རྗེས་ལྔ་དང་བརྒྱད་དང་དེ་རྗེས་སྦྲེལ་ནས། །བཟླས་ཤིང་བཏབ་པས་ལྦ་བ་ཐམས་ཅད་འཇོམས། །དྲུག་པ་ལོག་གནོན་ལྦ་བ་ཤིན་ཏུ་བཅོས་དཀའ་སྲ། །ཚ་ཐུར་རྒྱབ་ལ་རུལ་བཅད་འཕར་རྩ་གཏིང་ན་ཡོད་པ་ཁར་མི་གསལ་བས་འཕར་རྩ་ལ་འཛེམ་མི་དགོས་ཁྲག་རྩ་མེད་པའི་ལྦ་མགོ་གང་ཆེའི་དཀྱིལ་དུ་ཚ་ཐུར་གྱིས་ཕྲེད་ལ་ཕུག་སྟེ་ཆུ་སེར་ཆེར་དབྱུང་ན་དེ་ཀས་ཕན། མ་བྱུང་ན་རས་གཅོད་གཞུག་གོ་འབྲས་ཀྱི་སྐབས་ལྟར་གསོ། །གཉིས་པ་བྱེ་བྲག་རླུང་ལྦ་མེ་བཙའ་སྣུམ་དུགས་བྱ། །གཉིས་པ་མཁྲིས་པའི་ལྦ་བ་ཕུག་པས་འཚོ་བར་འགྱུར། །གསུམ་པ་ཁྲག་གི་ལྦ་བ་གཏར་དང་བསིལ་ཕྱེ་བསྟེན། །བཞི་པ་བད་ཀན་ལྔ་བ་ཚིལ་ལྦ་བ་སྐྱུགས་དང་རྩུབ་འཆོས་བྱ། །དྲུག་པ་འདུས་པའི་ལྦ་བ་ཀུན་གྱིས་གསོ་བ་སྟེ། །བདུན་པ་གཡང་ལྦ་མི་བཅོས་གཡང་ལོན་བྱ་བར་ཤིས། །བརྒྱད་པ་བྱུར་ལྦ་ལྦ་གདོན་བཅོས་རིམ་གྲོ་རྒྱ་ཆེར་གྱིས། །ཚོགས་བསག་དེ་འོག་འདུ་བའི་ནད་རིགས་ལྔ་པོ་གང་ལ་གང་འཚམ་པས་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྦ་བ་བཅོས་པའི་ལེའུ་སྟེ་སོ་གསུམ་པའོ། །དེ་ལྟར་ལེའུ་དྲུག་ནི་ལུས་སྟོད་གསོ་བའི་སྐབས་ཏེ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།