ལེའུ་སོ་གཉིས་པ། ཁ་ནད་གསོ་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023 |
མན་ངག་རྒྱུད། >> ལེའུ་སོ་གཉིས་པ། ཁ་ནད་གསོ་བ། |
ལེའུ་སོ་གཉིས་པ། ཁ་ནད་གསོ་བ།
སྣ་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། ཁའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞི་རུ་བཤད་དེ།
དེ་དག་གི་རྒྱུ་རྐྱེན་གཞི་མཐུན་ནི་ཁ་ཟས་དང་སྤྱོད་ལམ་དམན་ལྷག་ལོག་པ་དང་གདོན་ལ་སོགས་པའི་རྐྱེན་གྱིས་འདུ་བ་འཁྲུགས་པས་ཁའི་ནད་ཐམས་ཅད་སྐྱེད་པར་བྱེད་ཅིང༌།
དབྱེ་བ་མཆུ་རྙིལ་སོ་ལྕེ་གྲེ་བ་རྐན་ལ་སོགས་པ་ཡོད་པ་ནང་གསེས་སུ་ཕྱེ་ན་མཆུ་ནད་ལའང་གྲེ་མཆུ་དང༌། ཤོ་རེ་དང༌། བད་ཀན་ཅན་དང༌། གཅེན་དང༌། ཁྲག་རྒྱས་པ། ཁ་ཤུ་དྲུག་ཏུ་བཤད། རྙིལ་ནད་གཅིག་སོ་ནད་ལ་བད་ཀན་དང༌། དེ་བཞིན་དུ་རླུང་དང༌། ཁྲག་མཁྲིས་དང༌། སོ་འབྲས་དང༌། སོ་སྲིན་དང་ལྔ། ལྕེ་ནད་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ལྕེ་ལྷག་དང༌། ལྕེ་སྐྲངས་དང་ལྔ། རྐན་ནད་ལ་ལྕེ་ཆུང་བབས་པ་དང༌། ལྕེ་འདྲ་དང༌། རྐན་འབྲུམ་དང༌། ཆུ་བུར་དང༌། རུས་སྦལ་དང༌། རྐན་རྨེན་དང་དྲུག་གོ། །གྲེ་བའི་ནད་ལ་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། འདུས་པ་དང༌། འབྲས་དང༌། རྨེན་བུ་དང་བདུན་ཏེ་དྲིལ་བས་སུམ་ཅུ་ཐམ་པ་ཁ་ནད་ཀྱི་དབྱེ་བར་བཤད་ཅིང༌།
དེ་རྣམས་ཀྱི་རྟགས་སམ་ནད་ངོས་འཛིན་པ་ནི་གྲེ་མཆུ་ཞེས་པར་མཆུ་ནང་དུ་ཤ་རྨེན་སྐྱེས་པ་དང༌། ཤོ་རེ་ནི་མཆུ་གས་པ་འབྱུང༌། བད་ཀན་ལས་གྱུར་པ་མཆུ་སྐྱ་བོར་ཚོས་པ་ལྟ་བུ་ཚ་བ་དང༌། གཅེན་ནི་འབྲུམ་ཐོར་སྐྱེས་ནས་ན་ལ་ཚ་བ་འབྱུང༌། ཁྲག་རྒྱས་པ་ནི་མདོག་སྨུག་ལ་སྦོམ་པར་སྐྲངས་པ་ཡིན་ལ། ཁ་ཤུ་ཞེས་པ་མཆུ་ལ་ཤུ་བ་ཆགས་པ་འོང༌། རྙིལ་གྱི་ནད་ནི་གཡའ་བ་སྟེ་ཟ་ཞིང་འདྲུལ་ལ་ཁྲག་དང་རྣག་འཛག་གོ། །སོ་ནད་རླུང་ལས་གྱུར་པའི་སོ་ནད་ནི་ཟུག་བེར་བེར་བ་སྟེ་འགུལ་སྙམ་བྱེད་ཅིང་ཐོ་བར་ལངས་ནས་ན་ཞིང་འཕར་རྩ་འཁྱུག་ཅིང་རེག་བྱ་གྲང་མོའི་རིགས་བྱུང་ན་བཟོད་ཐབས་མེད་པའི་ན་ཚ་འབྱུང༌། ཁྲག་མཁྲིས་ལས་གྱུར་པ་ནི་དྲོད་ཆེ་ཞིང་ལྗོན་ཤིང་དང་མུར་འགྲམ་འཕར་རྩ་སོགས་བརྒྱངས་པ་ལྟར་རྒྱས་འོང་བས་བཅུད་ཆེན་པོའི་ཟས་གནོད། བད་ཀན་ལས་གྱུར་པའི་སོ་ནད་ནི་སོ་རྙིལ་འདྲུལ་ཞིང་དྲི་མི་ཞིམ། སོ་འབྲས་ནི་སོའི་རྩ་བ་སྐྲངས་ཤིང་རྣག་ཏུ་འགྱུར། སྲིན་ནད་ནི་ཚ་གྲང་གང་འདྲའི་རིགས་ཡང་རེག་ཐབས་མེད་པའི་ན་ཚ་འབྱུང་ཞིང་ལྡང་དུབ་བྱེད་ལ་ཟུག་ལངས་ཚེ་ལྷང་ལྷང་གཟེར་བ་འབྱུང༌། རླུང་ལས་གྱུར་པའི་ལྕེ་ནད་ནི་རྩུབ་ཅིང་འགགས་པ་ལྟ་བུའི་རོ་མི་ཚོར། མཁྲིས་པ་ལས་གྱུར་ན་འབྲུམ་པ་དམར་བོ་ཚ་ལ་མང་བས་ཁྱབ། བད་ཀན་ལས་གྱུར་པའི་ལྕེ་ནད་སྐྱ་ལ་འཇམ་པ་ཁ་ནང་དུ་ཆེར་མི་བདེ་བ་འབྱུང༌། ལྕེ་ལྷག་གི་ནད་ནི་ལྕེ་འོག་ཏུ་ལྕེ་འདྲ་བ་སྐྲངས་ཏེ་ན་བ་དང༌། ལྕེ་སྐྲངས་ནི་ལྕེ་སྐྲངས་ནས་ཁ་ནང་ཁེངས་པས་ཁ་ཆུ་འཛག་ཅིང་ཟས་མི་ཐར། ལྕེ་ཆུང་བབས་པ་ནི་བའི་ནུ་མ་ལྟར་རྒྱས་ཏེ་ལྐོག་མ་འགགས་ནས་ཟས་སྐོམ་གང་ཡང་མི་ཐར་བར་སྣར་འོང་ཞིང་སྐྱུགས་ལ་དེ་དང་འདྲ་བའི་རྟགས་བྱུང་ན་ལྕེ་ཆུང་འགྲམས་ནས་སྐྲངས་པ། ལྕེ་འདྲ་རྣམས་ཀྱི་ནད་ཡིན་ནོ། །རྐན་འབྲུམ་ནི་རྐན་ཕུགས་སུ་འབྲུམ་བུ་སྐྱེས་ནས་ཆུ་སེར་འཛག་པའོ། །ཆུ་བུར་ནི་རྐན་གྱི་དཀྱིལ་དུ་འབྲུམ་པ་སྐྱེས་པ་སྙི་ལ་མགོ་བརྡོལ་བ་འབྱུང༌། རུས་སྦལ་ནི་ན་ཚ་ཆེར་མེད་ཅིང་སྐྱེད་ཏྲེབ་པོར་སྐྲངས་འོང༌། རྐན་རྨེན་ནི་རྐན་གྱི་དཀྱིལ་ལས་རྣག་བསགས་ཏེ་འཛག་པར་འགྱུར་བའོ། །གྲེ་བའི་ནད་རླུང་ལས་གྱུར་ན་རྣ་བ་དང་འགྲམ་པ་གཟེར་ཞིང་གྲེ་བའི་ནང་སྐྲངས་ནས་གྲེ་བ་ཚ་ལ་སྐམ་པ་འབྱུང་བ་ཡིན། ཁྲག་དང་མཁྲིས་པ་ལས་གྱུར་པ་སྐྲངས་མདོག་དམར་ལ་ཚ་བ་སྐྱེ་ཞིང་རྣག་ཏུ་འགྱུར། བད་ཀན་ལས་གྱུར་པ་སྐྲངས་མདོག་སྐྱ་ཞིང་ཁ་ལ་ལྗན་ལྗིན་མང༌། འདུས་པ་ལས་གྱུར་པ་ནི་གྲ་མས་གང་བ་སྙམ་དུ་སེམས་ཤིང་འབྲུམ་བུ་རྒྱ་ཤུག་འདྲ་བ་འབྱུང༌། འབྲས་ནད་ནི་ཕྱི་ནང་དུ་མྱུར་དུ་སྐྲངས་ནས་རྣག་ཏུ་འགྱུར། རྨེན་བུ་ནི་སྲ་ལ་ཟུག་ཆུང་ཞིང་དུས་ལ་སྨིན་པར་མི་བྱེད་དོ། །
ད་ནི་དེ་དག་སོ་སོའི་བཅོས་ཐབས་ཀྱི་ཐོག་མ་གྲེ་མཆུའི་ཤ་རྨེན་དེ་སྐྱུང་བུས་བྲུད་ལ་ལྕགས་སྲེག་གིས་བསྲེགས་རྗེས་སེང་ཕྲོམ་སྟེ་ཞུ་མཁན་འཇིབ་རྩི་དངོས་བྱུང་ན་དང་དེ་མིན་པྲི་ཡང་ཀུ། འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་སྦྲང་དང་སྦྱར་ལ་བྱུག ཤོ་རེའི་ཁ་ཟེའི་གཡས་གཡོན་མཐའ་ནས་ཕྲན་ཙམ་རེ་དྲས་ལ་དོམ་མཁྲིས་སོགས་མཁྲིས་པ་སྣ་ཚོགས་བྱུགས་ནས་དར་སྐུད་ཀྱིས་སྦལ་འགྲོས་སུ་བཙེམས་ལ་ཧེལ་སྲབ་སྤྱིན་ཆུས་སྦྱར་ཏེ་ཚོམ་ཟིན་པར་བསྡམ་ཞིང༌། སླར་ཡང་རྨ་ཁ་མ་འདྲུབ་བར་གད་མོ་མི་དགོད་ཅིང་ཁ་ཟས་བལྡད་མི་དགོས་པ་ཟ། རྨེན་པ་ཞེས། རྨ་དེ་འཁྲིགས་པ་སྟེ་འགྲིག་ནས་གོང་གི་འཚེམ་བྱེད་ཀྱི་སྐུད་པ་བཏོན་ལ་བཅུད་ཟས་ཀྱིས་གསོ། བད་ཀན་ལས་གྱུར་པའི་སྐྱ་ཚོས་ལ་ཨ་རུ་ར་དང་སྒེ་གཤེར་ཞེས་སྒ་སྐྱ་བརྡུངས་པའི་ཐལ་བ་བྱུགཡང་ན་ཨ་རུ་ར་དང་བུ་རམ་བསྲེས་པ་བྱུགཡང་ན་སྦྲང་རྩི་དང་པ་ཋ་ཞེས་པ་གོ་ཡུ་དང་ཚ་བ་སྒ་པི་ཕོ་གསུམ་སྦྱར་ལ་བྱུགདཔྱད་དུ་སྲིན་ལག་གཡོན་གྱི་ཚིགས་གསུམ་གྱི་བར་མའི་འོག་ངོས་བསྲེག གཅེན་ལ་ཁོ་རང་གི་ཁྲག་ཕྱིར་དབྱུང་རྗེས་སེང་ཕྲོམ། ཤིང་མངར། སྤོས་དཀར་བཅས་ཀྱི་ལྡེ་གུ་བྱུག ཁྲག་བྱས་ལས་གྱུར་པར་སྐྱུ་རུ་རའི་ཐང་བཏང་ཞིང་དེ་རྗེས་སྲིན་ལག་རྒྱབ་རྩའམ་མཆུ་འཐེམས་སུ་བཅུག་ལ་རྩ་ནག་ཁྱུར་བྱུང་བ་གཏར། ཁའི་ཤུ་བ་ལ་ཤུ་བ་དེ་བརྟོལ་ལ་ཁྱི་དབྲེ་ཞེས་པ་ཁྱི་འོག་ཅན་གྱི་རྨོང་སྤུ་གཅིན་འབྱར་བ་དེ་དང་ལྷམ་གྱི་མཐིལ་གྱི་ཨ་ཀྲད་གླན།
རྙིལ་ནད་ལ་དོམ་མཁྲིས། རྒྱ་སྐྱེགས། བ་ཤ་ཀཀྱི་ལྕེ་དཀར་པོ། ཧོང་ལེན། ཞུ་མཁན། ཀ་ར་རྣམས་མར་ཁུ་ལ་སྦྱར་བའི་སྨན་ཁུས་སོ་ནུབ་པར་མཁུར་བ་ལྡིར་གྱིས་འོང་བ་བཀང་ནས་ཡུན་རིང་བར་བཞག་ལ་སྣའི་སྨན་དུ་ཡང་བཏང་ངོ༌། །ཡང་ན་གླ་སྒང༌། སྐྱེར་པ། བཅའ་སྒ། འབྲས་བུ་ཨ་བར་སྐྱུར་གསུམ། འཇིབ་རྩི་དངོས་སམ་པྲི་ཡང་ཀུ་རྣམས་སྦྲང་དང་སྦྱར་བའི་མཁུར་བཀང་གོང་བཞིན་བཅང༌། ཡང་ན་སྐྱེར་པ། རུ་རྟ། གླ་སྒང༌། ཤུ་དགབཙོད། པ་ཋ་ཞེས་པ་གོ་ཡུ་དང༌། ཧོང་ལེན། ཡུང་བ་རྣམས་སྦྲང་དང་སྦྱར་བའི་མཁུར་བཀང་བྱ།
སོ་ནད་རླུང་ལས་གྱུར་པར་རས་སོགས་སྣུམ་དང་ལྡན་པ་སྟེ་སྣུམ་ཚི་ཅན་གྱི་དུགས་ཀྱིས་བདུག་ཅིང༌། རླུང་འཇོམས་ཀྱི་སྨན་ཛཱ་ཏི་ཤིང་ཀུན་སོགས་དང་ཞུན་མར་བསྐོལ་བའི་མར་ཙག་བྱས་ལ་བསྲེགཡང་ན་ཤིང་མངར། ཏིལ་ནག སྦྲང༌། འོ་མ་རྣམས་སྦྱར་པ་མཁུར་བར་གོང་བཞིན་བཅང་བ་དང༌། གང་ན་བའི་ཕྱོགས་ཀྱི་མུར་འགྲམ་འཕར་རྩ་མེས་མནན་ལ་འབྲས་བུ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བར་བྱ་ཞེས་སྤྱིར་བཏང་དང་ལག་ལེན་དུ་འབྲས་བུ་གསུམ། ཤིང་ཀུན། གླ་རྩི། སྒོག་སྐྱ། སྨན་ཆེན་རྣམས་དར་གྱིས་གཏུམས་ཤིང་བུ་ལ་བསྐྱོན་ནས་མར་ཁུར་བསྲེགས་གང་ན་བའི་སྟེང་སྦྱར་བར་བཞེད་དོ། །ཁྲག་མཁྲིས་ལས་གྱུར་པའི་སོ་ནད་ལ་སྐྱུ་རུ་རའི་ཐང་བཏང་ཞིང་དེ་རྗེས་སོ་རྩ་འཕར་བ་གཏར་ཞིང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། རུ་རྟ། བ་ཤ་ཀ རྒྱ་སྐྱེགས། སྐྱེར་པ། ཀ་ར་རྣམས་སྦྱར་བའི་ཁུ་བས་མཁུར་བཀང་གོང་ལྟར་བཅང་ཞིང་ཙནྡན་དཀར་དམར་གྱི་ལྡེ་གུ་ཕྱི་ནས་བྱུག བད་ཀན་ལས་གྱུར་པའི་སོའི་ནད་ལ་སོ་རྩ་བྲུད་ལ་དེ་རྗེས་བུལ་ཏོག་དང་སྦྲང་རྩི་སྦྱར་བ་བྱུགཡང་ན་སོ་རྙིལ་བྲུད་ཤུལ་དུ་ཅོང་ཞི་སྦྲང་སྦྱར་སྟར་བུ་བཅས་གོང་ལྟར་བྱུག སོ་འབྲས་ལ་སྲུབ་ཀ རྒྱ་ཚྭ། ན་ལེ་ཤམ་ཞེས་ཕོ་རིས་སྦྱར་ཏེ་གོང་ལྟར་བྱུགཡང་ན་གོང་གི་རྙིལ་ནད་ལྟར་བཅོས་ལ་མ་ཕན་ན་གང་ན་བྲུད་ལ་མར་ཙག་གིས་བསྲེག སོ་སྲིན་ལས་གྱུར་པར་རྟ་གསེབ་སྔོ་ནག་གི་སྦངས་དང་ཕུར་མོང་དང་སྤྲུ་ནག་རྣམས་ཀྱིས་དུགས་བྱ་ཞིང༌། ཡང་ན་སྒོག་སྐྱའི་མེ་བཙའ་ཞེས་སོ་གང་ན་ངོས་ཀྱི་ལག་པའི་མཁྲིག་མའི་ཚིགས་ཀྱི་ཕྱི་ངོས་རུས་མགོ་གཉིས་ཀྱི་བར་དུ་སྒོག་སྐྱ་གཅིག་སྐྱེས་དང་བཙན་དུག་གཉིས་ཞིབ་བཏགས་བྱས་པ་ཁམ་ཙིག་ཕྱེད་ཀའི་ནང་དུ་བླུགས་ལ་ཁ་སྤུན་དུ་ལྷམ་སྒྲོག་གིས་བསྡམས་ལ་ཟུག་མ་ཆོགས་བར་འཇོགཡང་ན་ཤིང་ཀུན། ནག་མཚུར། རུ་རྟ། བྱི་ཏང་གས་རྫི་ཀ་སྟེ་སྙེ་ནག་མ་རྣམས་དང་མར་ཁུ་སྦྱར་ལ་མཁུར་བར་དགང༌། ཡང་ན་ཏིག་ཏ། ཐང་ཕྲོམ་དཀར་པོ། སག་རྩི་སྟེ་ཟངས་ནང་དུ་ཞོ་བསྙལ་བའི་སྔོན་པོ་དེ་རྣམས་ཤ་བའི་ཚིལ་ལམ་ར་ཚིལ་ལ་སྦྱར་བ་དེ་འཁར་གོང་མེར་བསྲེགས་བདུག་པ་ནི་སླ་ང་ཆུས་བཀང་བའི་དབུས་སུ་རྡོ་སྒྱེད་པུ་མགོ་གསུམ་བཙུགས་པའི་སྟེང་དུ་རྡོ་ལེབ་བཞག་པའི་ཁར་འཁར་གོང་སྲིན་ཅན་མེར་བསྲེགས་པ་དམར་ལམ་མེ་བ་བཞགདེའི་སྟེང་དུ་སྨན་གོང་གསལ་རྣམས་བཏབ་པའི་དུ་བ་ཆ་བྱད་དུ་རྔུབ་ཀྱིས་སོ་ན་སར་བདུགས་པས་སྲིན་བུ་ཆུ་ནང་དུ་བྲུལ་འོང༌། ཡང་ན་ཐང་ཕྲོམ་དཀར་པོ། སྒོག་སྐྱ། མུ་ཟི་དང༌། གུ་གུལ་ནག་པོ་རྣམས་རྟ་རྐྱང་བོང་བུ་སོགས་ཀྱི་བཤུལ་ཚིལ་ལ་སྦྱར་བ་བདུག་ལུགས་གོང་མ་དེ་བཞིན་བདུགཡང་ན་རི་དྭགས་ཤ་བའི་ཚིལ་ཁོང་དུ་ཤིང་ཀུན་དང་བྱི་ཏང་ག་གླན་པ་བསྲེག་ལུགས་གོང་ལྟར་བྱ། བྱེ་སྟག་ཅེས་ཕྱེ་མ་ལེབ་སེར་ཁྲ་དེ་དང་བུ་རམ་བསྲེས་པའི་རིལ་བུ་སོའི་སྟེང་དུ་བཞག་ཅིང༌། རྣ་དྲུང་ཞེས་སྣའི་དབུས་སུ་སྲེག་པར་བྱེད་ནའང་གང་ན་བའི་ཕྱོགས་ཀྱི་རྣ་བའི་སྣེའུ་ཆུང་བའི་མདུན་དེ་དང་སྲིན་ལག་གི་རྩེ་མོ་དང༌། ལག་པའི་ཕྱིའི་མཁྲིག་མའི་རུས་རྡོག་གི་མགོ་བསྲེག རླུང་འབྲེལ་ཞེས་རླུང་ལས་གྱུར་པར་བཙན་དུག་དང༌། དྲོད་སྨན་ཏེ་པི་པི་ལིང་རས་ལྟ་བུར་ཐུམ་བུ་བྱས་ནས་མར་ཁུར་བཙོས་པས་བདུག ཁྲག་མཁྲིས་དང་འབྲེལ་པར་གྱུར་ན་གང་ཉེའི་རྩ་ལ་གཏར།
ལྕེ་ནད་རླུང་ལས་གྱུར་པར་ཞུན་མར་ལ་རླུང་སྨན་བཏབ་པའི་མཁུར་བཀང་དང་སྣ་སྨན་བཏང༌། མཁྲིས་པ་ལས་གྱུར་པར་མངར་བས་ཞེས་ཤིང་མངར། རྒུན་འབྲུམ། ཀ་ར་བཅས་པས་མཁུར་བ་བཀང་ཞིང་ལྕེ་རྩ་གཏར། བད་ཀན་ལས་གྱུར་པར་སྐེ་ཚེ་ནི་པད་ཁའི་རིགས་སྣུམ་བཏོན་ན་དྲི་ཆེ་བ་དེ་དང་ཚ་བ་སྒ་པི་ཕོ་གསུམ་སྦྲང་ལ་སྦྱར་བ་བྱུག ལྕེ་ལྷག་ཕྱེད་བཅད་ཅིང་ལྕགས་ཀྱིས་བསྲེགས་ལ་ཅོང་ཞི་རྒོད་བཏུལ་གྱི་ཐལ་སྨན་བཏབ། ལྕེ་སྐྲངས་ལ་སྤྱང་ཀིའི་ལྕེ་དང་སྦལ་པའི་ཤ་ཁུས་བདུག་ཅིང༌། དེ་དག་བྱས་ཀྱང་མ་ཕན་ན་ལྐོག་མར་ཕུག་རོན་གྱི་བྲུན་གྱིས་དུགས་བྱ་ཞིང༌། སྨིན་ནས་རྣག་ཏུ་ཁུགས་ཚེ་དབྲལ་ལ་བཙིར་ཞིང་དེ་ཤུལ་དུ་རྒྱ་ཚྭ། རུ་རྟ། ཤུ་དག་སོགས་ཀྱི་ཕྱེ་མ་གདབ། དེ་འོག་དྲོད་བཅུད་ཅེས་ཤ་རྙིང་དང་བུར་ཆང་སོགས་བསྟེན་པས་རྨེན་མི་ལྡང༌། ཡང་ན་རྒྱ་ཚྭ། ཐར་ནུ། སྔོའི་ཚ་བ་ལྕེ་ཚ་དབྱི་མོང་སྲུབ་ཀ་གསུམ་དང༌། སྲུབ་ཀ་དང༌། གཟེ་མ་ཕུར་ཐལ། སྔོན་བུ་དང་རྩ་མཁྲིས། ཐལ་ཀ་རྡོ་རྗེ། སོ་མ་ར། སྲེ་མོང་ཤ་དང༌། དུར་བྱིད་རྣམས་དར་ལ་བཙགས་ཕྱེ་སྦྱོར་ལུགས་རྒྱ་ཚ། ཐར་ནུ། སྔོའི་ཚ་བ་གསུམ། སྲུབ་ཀ གཟེ་མ། ཕུར་ཐལ། སྔོན་བུ། རྩ་མཁྲིས། ཆུ་སེར་སྨན་གཉིས་རྣམས་ཐུན་གསུམ་གསུམ། སྲེ་མོང་ཤ་དེ་རྣམས་ཀྱི་སུམ་གཉིས་དུར་བྱིད་ཀུན་གྱི་སུམ་ཆ་རྣམས་དར་ཚགས་ལ་བཙགས་པའི་ཕྱེ་མ་དྲི་ཆུར་སྦྱར་བ་འཇམ་ཙམ་བསྲོས་ལ་མནན་ཅིང་བསྙལ་ཏེ་ལངས་པ་དང་ལྕེ་ལ་བྱུག་ཅིང་རས་ལ་བསྐུས་ལ་ལྕེ་སྟེང་དུ་གླན། ཟུག་སྐྱེས་པར་གྱུར་ནས་ལྕེའི་རྩ་ལ་གཏར་བས་ལྕེ་ལྷག་དང་ལྡིག་པ་འཐེན་པ་སྐྲངས་པ་སོགས་ལྕེ་ནད་ཐམས་ཅད་སེལ་བས་ལྕེ་སྦྱོང་རིག་པ་གསལ་བྱེད་དོ། །
ལྕེ་ཆུང་བབས་ན་སྤྱི་བོའི་སྐྲ་འཕང་ལོའི་མིག་ནང་དུ་ཡར་འཐེན་ལ་ཤིང་བུས་གཅུས་ཏེ་བཞག་ལ་དེ་ནས་སྤྱི་བོར་མེ་བཙས་བསྲེགརུ་རྟ། རྒྱ་ཚྭ། ཤུ་དགན་ལེ་ཤམ། གཡེར་མ་རྣམས་ཀྱི་ཕྱེ་མ་གདབ་ཅིང་ཉ་ཁུའི་ཐུག་པའམ་ཚ་བས་བདུགས་ལ་ཁྲག་དབྱུང་ཞིང༌། དེས་ཀྱང་མ་ཕན་ན་ཕྱེད་བཅད་དགོས་ཏེ་ལྕགས་ཀྱུ་མགོ་གང་ཁབ་སྦོམ་ཙམ་ཤིང་གི་ཡུ་བ་ཡོད་པས་ལྕེ་ཆུང་གི་ནང་ངོས་ནས་ཕྱིར་ཕུག་སྟེ་ཐུར་དུ་འཐེན། ཕྱེད་མཚམས་སུ་ཆ་བྱད་ཟོར་བ་ལྟ་བུའི་འཚམ་པས་བཅད་དེ་ཁྲག་འོང་དུ་བཅུག དེ་རྗེས་ལྕགས་ཀྱི་ཏེལ་པ་སྦུབས་ཅན་ཐེམ་བུ་ཁའི་ནང་དུ་དྲངས་པས་བསྲེག ལྕེ་འདྲ་ལ་ལྕེ་འདྲ་རང་ནས་ཁྲག་དབྱུང་ཞིང་ཡ་བཀྵ་ར་གདབ། རྐན་འབྲུམ་ལ་རྐན་འབྲུམ་བཞར་དུ་བཅུག་ལ་དེ་རྗེས་བུལ་ཏོག་གི་ཕྱེ་མ་གདབ། ཆུ་བུར་དང་རུས་སྦལ་གཉིས་ཀ་ལ། ཁྲག་ཕྱུངས་ལ་དེ་རྗེས་ནག་མཚུར་དང་སྐྱེར་པའི་ཁཎྜ་གཉིས་སྦྲང་དང་སྦྱར་བ་བྱུག རྐན་རྨེན་ཆ་བྱད་ཀྱིས་དྲལ་ལ། རྒྱ་ཚྭ། རུ་རྟ། ཤུ་དག དན་རོག སྔོའི་ཚ་བ་དབྱི་མོང་ལྕེ་ཚ་སྲུབ་ཀ་གསུམ་སོགས་ཀྱི་གཅོད་སྨན་ཕྱེ་མ་གདབ། རྐན་དང་རྙིལ་ནད་ནི་བད་ཀན་དང་ཁྲག་འཕེལ་བའི་ཕྱིར་རྒྱ་ཚྭ། རུ་རྟ་ཤུ་དག་སོགས་མཁུར་བཀང་རྣོན་པོས་སྦྱང་ཞིང་གཏར་མང་གདབ་ཅེས་པ་རྐན་གྱི་འདམ་རྩ་གཏར། ཡང་ན་གླ་སྒང་ཡ་བཀྵ་ར། ལྕེ་མྱང་ཚ། སྐྱེར་ཤུན། ལྡོང་རོས། སྦྲང་རྩི་རྣམས་ཀྱི་མཁུར་བཀང་བཅང༌། ཡང་ན་པ་ཏོ་ལ་ཞེས་རྒྱ་ཁུར། བཅའ་སྒ། སླེ་ཏྲེས། འབྲས་བུ་ཨ་བར་སྐྱུར་གསུམ། ཏིག་ཏ། ཀྱི་ལྕེ་དཀར་པོ། སྦྲང་རྩི་རྣམས་སྦྱར་བའི་མཁུར་བཀང་བཅང༌། ཡང་ན་རུ་རྟ། ཤུ་དགསྟར་བུ། འབྲས་བུ་ཨ་བར་སྐྱུར་གསུམ། ཚ་བ་སྒ་པི་ཕོ་གསུམ་དང༌། རྒྱ་ཚྭ། བུལ་ཏོགནག་མཚུར། སྦྲང་རྩི་རྣམས་སྦྱར་བའི་མཁུར་བཀང་གིས་གཡའ་ཞིང་འདྲུལ་ལ་རྣག་འཛག་པ་སེལ།
གྲེ་བའི་ནད་རླུང་ལས་གྱུར་པར་རླུང་འཇོམས་རྩ་བ་ལྔ་གོང་བཤད་ལྟར་དང་རླུང་སྨན་སྣ་ཚོགས་ཀྱི་མཁུར་བཀང་བཅང་ལུགས་གོང་བཞིན་དང༌། རྩི་བཅུད་ཞོ་མར་འོ་མ་གསུམ་ཁོང་དུ་བསྟེན་ཞིང་མངར་སྦྲང་བུར་ཀར་གསུམ་མར་གསར་སོགས་ཀྱི་རིལ་བུ་མུར་བར་བྱ། ཁྲག་དང་མཁྲིས་པ་ལས་གྱུར་པར་སྨན་རོ་མངར་ཞིང་བསིལ་བའི་རིགས་ཤིང་མངར། རྒུན་འབྲུམ། ཙནྡན་དཀར་པོ། སྐྱུ་རུ། སེང་ཕྲོམ་སྟེ་ཞུ་མཁན། སྤང་རྒྱན། ཨ་རུ་ར། ལི་ཤི། ཅུ་གང༌། ཀ་ར་རྣམས་མཁུར་བཀང་དུ་བཟུང་ཞིང་མཐོང་རྩ་ལྕེ་རྩ་སོགས་མང་དུ་གཏར། བད་ཀན་དང་འདུས་པ་ལས་གྱུར་པ་གཉིས་ལ་ནུས་པ་རྩུབ་པའི་སྨན་སྐྱུར་ཚ་ཁ་བའི་རིགས་ཀྱིས་བཅོས། གྲེ་འབྲས་དང་རྨེན་བུ་གཉིས་ལ་མཁན་པ་སྤྲུ་མ་ཉ་ཁུའི་དུགས་ལུམས་བྱ་ཞིང་ལྕེ་རྩ་རྩེ་ཆུང་གང་ཉེ་གཏར་རྗེས་འབྲས་གང་བྱུང་བསྲེག་ཅིང་སླར་ཡང་རྣ་ཤལ་འོག་གི་གཤོང་དུ་མེ་བཏབ་ན་རོ་མི་ལྡང་ངོ༌། །གྲེ་བའི་ནད་ཀུན་ལ་ཨ་རུ་བཙོ་བའམ་བསྲེགས་པའི་ཐང་དང༌། མངར་བའི་སྨན་གང་འཛོམ་གྱི་ཐང་དང་རིལ་བུ་ཁ་མུར་དུ་བསྟེན་ཞིང༌། སྐྲངས་ན་ཉ་ཁུས་བདུག་ཅིང་སྒང་རྩ་སྐྱོར་གོང་གཏར་རོ་ཞེས་གསུངས་སོ།།
ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཁ་ནད་གསོ་བའི་ལེའུ་སྟེ་སོ་གཉིས་པའོ།། །།
མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:53 AM
<< སྔ་མ།