སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁ་ཡི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །རྩའི་སྒོ་འདུ་བ་འཁྲུགས་པས་ཁ་ནད་སྐྱེད་པར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་མཆུ་རྙིལ་སོ་ལྕེ་གྲེ་བ་རྐན། །མཆུ་ནད་གྲེ་མཆུ་ཤོ་རེ་བད་ཀན་དང༌། །གཅེན་དང་ཁྲག་རྒྱས་ཁ་ཤུ་དྲུག་ཏུ་བཤད། །སོ་ནད་བད་རླུང་ཁྲག་མཁྲིས་སོ་འབྲས་སྲིན། །ལྕེ་ནད་རླུང་མཁྲིས་བད་ཀན་ལྕེ་ལྷག་སྐྲངས། །རྐན་ནད་ལྕེ་ཆུང་བབས་དང་ལྕེ་འདྲ་དང༌། །རྐན་འབྲུམ་ཆུ་བུར་རུས་སྦལ་རྐན་སྨིན་སྲིན་ནོ། །གྲེ་བའི་ནད་ལ་རླུང་དང་མཁྲིས་པ་ཁྲག  །བད་ཀན་འདུས་པ་འབྲས་དང་རྨེན་བུ་བདུནའོ། །སོ་ནད་བད་ཀན་ཅན་ནས་རྨེན་བུའི་བར་ཉེར་བཞིའི་སྟེང་དུ་ཁ་ཤུ་ཡན་དྲུག་བསྣན་པས་སུམ་ཅུ་ཐམ་པ་ཁ་ནད་དབྱེ་བར་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་གྲེ་མཆུ་མཆུ་ནད་ཤ་རྨེན་སྐྱེས། །ཤོ་རེ་ནི་མཆུ་གས་བད་ཀན་སྐྱ་ཚོས་ཚ། །གཅེན་ནི་འབྲུམ་ཐོར་ན་ལ་ཚ་བ་འབྱུང༌། །ཁྲག་རྒྱས་སྨུག་ལ་སྦོམ་པར་སྐྲངས་པ་ཡིན། །ཁ་ཤུ་མཆུ་ལ་ཤུ་བ་ཆགས་པའོ། །རྙིལ་ནད་གཡའ་ཞིང་འདྲུལ་ལ་ཁྲག་རྣག་འཛག །རླུང་གིས་སོ་ནད་བེར་བ་ལངས་ནས་ན། །འཕར་རྩ་འཁྱུག་ཅིང་གྲང་མོ་བཟོད་ཐབས་མེད། །ཁྲག་མཁྲིས་དྲོད་ཆེ་རྩ་རྒྱངས་བཅུད་ཟས་གནོད། །བད་ཀན་སོ་ནད་རྙིལ་འདྲུལ་དྲི་མི་ཞིམ། །སོ་འབྲས་སོ་རྩར་སྐྲངས་ཤིང་རྣག་ཏུ་འགྱུར། །སྲིན་ནད་ཚ་གྲང་གང་ཡང་རེག་ཐབས་མེད། །ལྡང་དུབ་བྱེད་ཅིང་ཟུག་ལངས་ལྷང་ལྷང་གཟེར། །རླུང་གི་ལྕེ་ནད་རྩུབ་འགགས་རོ་མི་ཚོར། །མཁྲིས་གྱུར་འབྲུམ་པ་དམར་པོ་ཚ་བས་ཁྱབ། །བད་ཀན་ལྕེ་ནད་སྐྱ་འཇམ་ཆེར་མི་བདེ། །ལྕེ་ལྷག་ལྕེ་འོག་ལྕེ་འདྲ་སྐྲངས་ཏེ་ན། །ལྕེ་སྐྲངས་ཁ་ཁེངས་ཆུ་འཛག་ཟས་མི་ཐར། །ལྕེ་ཆུང་བབས་པ་བ་ཡི་ནུ་ལྟར་རྒྱས། །ལྐོག་འགགས་ཟས་སྐོམ་མི་ཐར་སྣར་འོང་སྐྱུག །དེ་འདྲ་ལྕེ་ཆུང་འགྲམས་སྐྲངས་ལྕེ་འདྲ་ཡིན། །རྐན་འབྲུམ་རྐན་ཕུགས་འབྲུམ་བུ་ཆུ་སེར་འཛག །ཆུ་བུར་རྐན་དཀྱིལ་འབྲུམ་པ་སྙི་ལ་རྡོལ། །རུས་སྦལ་ན་ཚ་མེད་པར་སྐྲེད་པོར་སྐྲངས། །རྐན་སྨིན་རྐན་ལས་རྣག་འཛག་གྱུར་པའོ། །གྲེ་བ་རླུང་གྱུར་རྣ་བ་འགྲམ་པ་གཟེར། །གྲེ་བ་ནང་སྐྲངས་ཚ་ལ་སྐམ་པ་ཡིན། །ཁྲག་མཁྲིས་སྐྲངས་དམར་ཚ་སྐྱེ་རྣག་ཏུ་འགྱུར། །བད་ཀན་སྐྲངས་མདོག་སྐྱ་ལ་ལྗན་ལྗིན་མང༌། །འདུས་པ་གྲ་མས་གང་སེམས་རྒྱ་ཤུག་འདྲ་བ་འབྲུམ་བུ་འབྱུང༌། །འབྲས་ནད་ཕྱི་ནང་མྱུར་སྐྲངས་རྣག་ཏུ་འགྱུར། །རྨེན་བུ་སྲ་ལ་ཟུག་ཆུང་སྨིན་མི་བྱེད།།

སྤྱི་དོན་བཞི་བ་བཅོས་ཐབས་གྲེ་མཆུའིཤ་རྨེན་བུད་ན་འོ་མ་བྲུད་ལ་ལྕགས་བསྲེགས་ཀྱིས་བསྲེག །སེང་ཕྲོམ་ཞུ་མཁན་འཇིབ་རྩི་པྲི་ཡང་ཀུ་འབྲས་ཨར་བར་སྐྱུར་གསུམ་སྦྲང་སྦྱར་བྱུག །ཤོ་རེ་གཡས་གཡོན་མཐའ་དྲས་མཁྲིས་པ་སྣ་ཚོགས་བྱུག  དར་གྱིས་སྦད་སྲུབས་སུ་བཙེམས་ལ་ཧེལ་སྲབ་སྤྱིན་ཆུས་བསྡམ། །གད་མོ་མི་དགོད་བལྡད་མི་དགོས་འི་ཟས་བཟའ། །རྨེན་པ་འཁྲིགས་ནས་སྐུད་པ་བཏོན་ལ་བཅུད་ཀྱིས་གསོ་ལྕེ་ལ་ཁྲག་དབྱུང་ཐང་ཕྲོམ་ཤིང་མངར་ལྡེ་གུ་སྤོས་དཀར་བྱུག། །བད་ཀན་ཨ་རུ་སྒེ་གཤེར་རྒ་རྒོད་དམར་པོ་ཐལ་བ་བྱུག །ཡང་ན་ཨ་རུ་ར་དང་བུ་རམ་དར་རམ་ཕ་བོང་གོལ་གོལ་གོལ་བཙིར་བྱུག །ཡང་ན་སྦྲང་རྩི་པ་ཋ་གུ་ཡུ་ཚ་སྒ་པི་ཕོ་གསུམ་བྱུག །སྲིན་ལག་གཡོན་གྱི་ཚིགས་བར་འོག་ལག་ཡུ་ངོས་རྒྱུས་པ་མ་སོང་ཙམ་བསྲེག་ཏེ་མཆེར་རྩ་ཡོད་པའི་ཕྱིར་རོ། །གཅེན་ལ་ཁྲག་དབྱུང་སེང་ཕྲོམ་ཤིང་མངར་སྤོས་དཀར་རྣམས་ཀྱི་ལྡེ་གུ་བྱུག །ཁྲག་རྒྱས་སྐྱུ་རུའི་ཐང་བཏང་མཆུ་དང་གང་ཉེའི་རྩ་དང་མཆེར་རྩ་རྟ་མཐུར་དང་སྲིན་ལག་རྒྱབ་རྩ་གཏར། །ཁ་ཤུ་བརྟོལ་ལ་ཁྱི་དབྲེ་འོག་ཅན་གྱི་རྨོངས་སྤུ་ལྷམ་མཐིལ་ཨ་ཀྲད་རྙིང་པ་གླན། །རྙིལ་ནད་དོམ་མཁྲིས་རྒྱ་སྐྱེགས་བ་ཤ་ཀ །ཀྱི་ལྕེ་ཧོང་ལེན་ཞུ་མཁན་ཀ་ར་མར། །སྦྱར་བ་སྨན་ཆུས་སོ་ནུས་པར་མཁུར་བཀང་ནས་དབོ་སྣ་ཡི་སྨན་དུ་བཏང༌། །གླ་སྒང་སྐྱེར་པ་བཅའ་སྒ་འབྲས་བུ་ཨ་བར་སྐྱུར་གསུམ། །འཇིབ་རྩི་སྦྲང་དང་སྦྱར་བའི་མཁུར་བཀང་བཅང་། །སྐྱེར་པ་རུ་རྟ་གླ་སྒང་ཤུ་དག་བཙོད། །པ་ཋ་གུ་ཡུ་ཧོང་ལེན་ཡུང་བ་སྦྲང་སོ་རྙིལ་ནུབ་པར་མཁུར་བ་བཀང༌ལ་ཡུན་རིང་དུ་བཞག་ནས་དབོ། །སོ་ནད་རླུང་གྱུར་འབའ་ཆའམ་རུས་རྙིང་སྣུམ་ལྡན་དུགས་ཀྱིས་བདུག །ལྕམ་པ་ར་ཉེ་ཤིང་མངར་ཛཱ་ཏི་ཤིང་ཀུན་ཁ་རུ་ཚ་སོགས་རླུང་འཇོམས་སྨན་དང་ཞུན་མར་བསྐོལ་བས་བསྲེག །ཤིང་མངར་ཏིལ་ནག་སྦྲང་འོ་མ་མཁུར་བར་བཅང་། །མུ་འགྲམ་སྟེང་གི་སོའི་འཕར་རྩ་མེས་མནན་འབྲས་བུའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །ཁྲག་མཁྲིས་སོ་ནད་སྐྱུ་རུའི་ཐང་བཏང་སོ་རྩ་རྩེ་ཆུང་དཔུང་རྩ་གཏར། །འབྲས་བུ་ཨར་བར་སྐྱུར་གསུམ་དང་རུ་རྟ་བ་ཤ་ཀ །རྒྱ་སྐྱེགས་སྐྱེར་པ་ཀ་ར་སྦྱར་བའི་ཁུ་བ་སོ་རྙིལ་ནུབ་པར་མཁུར་བར་བཀང་ལ་ཡུན་རིང་དུ་བཅང༌ཞིང་ཕྱིར་དབོ། །ཙན་དན་དཀར་དམར་ལྡེ་གུ་ཕྱི་ནས་བྱུག །བད་ཀན་སོ་བྲུད་བུལ་ཏོག་སྦྲང་རྩི་བྱུག །ཡང་ན་ཅོང་ཞི་སྦྲང་སྦྱར་སྟར་བུ་བྱུག །སོ་འབྲས་སྲུབ་ཀ་རྒྱ་ཚྭ་ནལ་ཤམ་བྱུག །རྙིལ་ནད་ལྟར་བཅོས་མ་ཕན་བྲུད་ལ་མར་ཁུ་བཙགས་བཅད་ཀྱིས་བསྲེག  སོ་སྲིན་གསེབ་སྔོན་པོའི་རྟ་སྦངས་ཕུར་མོ་སྤྲུ་དུགས་བྱ། །ཤིང་ཀུན་ནག་མཚུར་རུ་རྟ་བྱི་ཏང་ག །ས་རྫི་ཀ་སྙེ་ནག་དང་མར་སྦྱར་སོ་རྙིལ་ནུབ་པར་བྱས་ལ་མཁུར་བར་དགང་། །ཏིག་ཏ་ཐང་ཕྲོམ་སག་རྩི་ནཱི་ལ་ཐོ་ཋ་ཤ་ཚིལ་ལམ། །ར་ཚིལ་སྦྱར་བ་འཁར་གོང་མེས་བསྲེག་བདུག་ཆུ་ནང་དུ་སྒྱིད་བུ་བཙུགས་པའི་སྟེང་དུ་རྡོ་ལེབ་བཞག་པའི་ཁར། མཁར་གོང་སྲིན་ཅན་བསྲེགས་ལ་དམར་ལམ་མེ་བཞག་པའི་སྟེང་དུ་སྨན་བཏབ་པའི་དུད་པ་ཆ་དཔྱད་དུད་རྔུབ་ཀྱི་སྦུབས་ནས་སོ་ན་སར་བདུགས་པས་སྲིན་བུ་ཆུ་ནང་དུ་ཕྲུལ་འོང་བ་ཡིན་ནོ། །ཡང་ན་ཐང་ཕྲོམ་སྒོག་སྐྱ་མུ་ཟི་དང༌། །གུ་གུལ་ནག་པོ་བཤུལ་ཆགས་གང་རུང་གི་ཚིལ་དེ་གོང་བཞིན་དུ་བྱས་ལ་བདུག །རི་དྭགས་ཤ་བའི་ཚིལ་ཤིང་ཀུན་བྱི་ཏང་ག་གླན་ལ་ལྕགས་ཀྱིས་བསྲེག །བྱེ་སྟག་ཕྱེ་མ་ལེབ་དམར་ཁྲའམ་སྨིག་བུ་ཡིན་ཡང་ཟེར་བུ་རམ་རིལ་བུ་སོ་སྟེང་བཞག །རྣ་དྲུང་གང་ཉེ་ནི་རྣ་བའི་བུག་རྩ་བྱེད་པ་དང་རྣ་དྲུང་ཞེས་གཉིས་ཀ་མིད་རྩ་བར་བྱེད་པ་ལུགས་གཉིས་སྣང་སྲིན་ལག་གི་ཚིགས་པའི་མགོ་དང་ཕྱི་མཁྲིག་མའི་རྒྱབ་མར་ཟུར་གྱི་རུས་མགོ་འཇུག་མར་དེར་སྤྲ་བ་ནས་ཙམ་གྱིས་བསྲེག །རླུང་འབྲེལ་བཙན་དུག་དྲོད་སྨན་མར་ཐུམ་བུར་བཙོས་པས་བདུག །ཁྲག་མཁྲིས་འབྲེལ་ན་གང་ཉེའི་རྩ་ལ་གཏར། །ལྕེ་ནད་རླུང་གྱུར་འོ་མས་མཁུར་བཀང་འོ་མར་རླུང་སྨན་བཏབ་པའི་སྣ་སྨན་ཞུན་མར་བཏང༌། །མཁྲིས་གྱུར་ཤིང་མངར་རྒུན་འབྲུམ་ཀ་ར་མངར་བས་སོ་རྙིལ་ནུབ་པ་མཁུར་བཀང་ལྕེ་རྩ་གཏར། །བད་གྱུར་སྐེ་ཚེ་སྔོན་སྐྱེས་དང་ཚ་སྒ་པི་ཕོ་གསུམ་སྦྲང་སྦྱར་བྱུག །ལྕེ་ལྷག་ཕྱེད་བཅད་ལ་ལྕགས་སྲེག་གིས་ཡང་ན་བཙོད་ཀྱིས་བསྲེགས་ཅོང་ཞི་རྒོད་བཏུལ་གྱི་ཐལ་སྨན་གདབ། །ལྕེ་སྐྲངས་སྤྱང་ལྕེ་སྦལ་པའི་ཤ་ཁུས་བདུག །མ་ཕན་ལྐོག་མར་བྱ་བྲའམ་ཕུག་རོན་བྲུན་གྱིས་དུགས་བྱ་རྣག་ཏུ་སྨིན་ནས་དབྲལ། །དེ་ཤུལ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ། །དེ་འོག་དྲོད་བཅུད་བུར་ཆང་ཤ་རྙིང་བསྟེན་པས་རྨེན་མི་ལྡང་། །རྒྱ་ཚྭ་ཐར་ནུ་སྔོ་ཡི་ཚ་བ་ལྕེ་དབྱི་སྲུབ་གསུམ། །སྲུབ་ཀ་སྲུབ་པ་སྟེ་རྩ་སྲུབ་པ་གཟེ་མ་ཕུར་ཐལ་སྔོན་བུ་དང༌། །རྩ་མཁྲིས་ཐལ་ཀ་རྡོ་རྗེ་སོ་མ་ར། །སྲེ་མོང་ཤ་སྨན་གཞན་གྱི་གཉིས་དང་དུར་བྱིད་སྨན་ཀུན་གྱི་སུམ་ཆ་རྣམས་དར་ལ་བཙགས་པའི་ཕྱེ་མ་། །དྲི་ཆུ་སྦྱར་བ་འཇམ་ཙམ་སྲོས་ལ་མནན་དྲོ་སར་བསྙལ། །དེ་ལྕེ་ལ་བྱུག་ཅིང་རས་ལ་བསྐུས་ལ་གླན། །ཟུག་སྐྱེས་གྱུར་ནས་ལྕེ་ཡི་རྩ་ལ་གཏར། །ལྕེ་ལྷག་ལྡིབ་འཐེན་སྐྲངས་སོགས་ལྕེ་ནད་སེལ། །ལྕེ་ཆུང་བབས་ན་སྤྱི་བོའི་སྐྲ་འཕང་ལོའི་མིག་ནང་དུ་ཡང་འཐེན་ཤིང་བུས་གཅུས་སྟེ་བཞག་སྤྱི་གཙུག་ཏུ་བསྲེག །རུ་རྟ་རྒྱ་ཚྭ་ཤུ་དག་ན་ལེ་ཤམ། །གཡེར་མའི་ཕྱེ་གདབ་ཉ་ཁུའི་ཚ་བས་བདུག །ཁྲག་དབྱུང་མ་ཕན་ཕྱེད་བཅད་ལྕགས་ཀྱིས་བསྲེག་ལྕགས་ཀྱུ་མཐོ་གང་ཞབས་སྦོམ་ཙམ་ལ་ཤིང་གི་ཡུ་བ་ཡོད་པ་ལྕེ་ཆུང་གི་རྩེ་ནས་བཟུང་ནང་ངོས་ནས་ཕྱིར་ཕུག་ལ་ཐུར་དུ་འཐེན་ཕྱེད་མཚམས་སུ་ཆ་དཔྱད་ཟོར་བ་ལྟ་བུའམ་ཆན་པས་བཅད་ཁྲག་འོང་བཅུག་དེ་རྗེས་ཏིལ་པ་བསྲེགས་པ་འོད་ཁང་དུ་བཅུག་པས་བཅད་འཕྲོ་དེ་བསྲེགས་ལ་ཟས་གདབ་བོ། །ལྕེ་འདྲ་ཁྲག་དབྱུང་ཡ་བཀྵ་ར་གདབ། །རྐན་འབྲུམ་བཞར་ལ་བུལ་ཏོག་ཕྱེ་མ་གདབ། །ཆུ་བུར་རུས་སྦལ་གཉིས་ལ་ཁྲག་ཕྱུངས་ལ། །ནག་མཚུར་སྐྱེར་པའི་ཁཎྜ་སྦྲང་སྦྱར་བྱུག །རྐན་རྨེན་དྲལ་རྣག་རྨེན་བྲལ་ལ་རྨེན་ཤལ་གཅོད་སྨན་རྒྱ་ཚ་རུ་རྟ་ཤུ་དག་བུལ་ཏོག་དན་རོག་སྔོའི་ཚ་བ་གསུམ་སོགས་ཕྱེ་མ་གདབ། །རྐན་དང་རྙིལ་ནད་ཀུན་བད་ཀན་ཁྲག་འཕེལ་ཕྱིར། །རྒྱ་ཚ་རུ་རྟ་བུལ་ཏོག་ཤུ་དག་སོགས་སྦྱར་བ་མཁུར་བཀང་རྣོན་པོས་སྦྱང་ཞིང་གཏར་མང་གདབ། །གླ་སྒང་ཡ་བཀྵ་ར་ལྕེ་མྱང་ཚྭ། །སྐྱེར་ཤུན་ལྡོང་རོས་སྦྲང་རྩིའི་མཁུར་བཀང་ཡུན་རིང་བཅང༌དེ་ནས་དབོ། །པ་ཏོལ་བཅའ་སྒ་སླེ་ཏྲེས་འབྲས་བུ་ཨར་བར་སྐྱུར་གསུམ། །ཏིག་ཏ་ཀྱི་ལྕེ་སྦྲང་རྩིའི་སོ་རྙིལ་ནུབ་པར་མཁུར་བཀང་ཡུན་རིང་དུ་བཅང་ཞིང་དབོ། །རུ་རྟ་ཤུ་དག་སྟར་བུ་འབྲས་བུ་ཨར་བར་སྐྱུར་གསུམ། །ཚ་བ་སྒ་པི་ཕོ་གསུམ་དང་རྒྱ་ཚྭ་བུལ་ཏོག་མཚུར། །སྦྲང་རྩིའི་མཁུར་བཀང་གཡའ་འདྲུལ་རྣག་འཛག་སེལ། །གྲེ་བ་རླུང་གྱུར་རླུང་འཇོམས་པའི་སྨན་སྣ་ཚོགས་ཀྱི་ཁུ་བ་སོ་རྙིལ་ནུབ་པ་མཁུར་དགང༌བཅང་ཞིང་དབོ། །རྩི་བཅུད་གསུམ་ཁོང་དུ་བསྟེན་ཞིང་རིལ་བུ་མུར་བར་བྱ། །ཁྲག་མཁྲིས་ལ་སྨན་རོ་མངར་བ་ཤིང་མངར་རྒུན་འབྲུམ་ཀ་རའི་སྤང་རྒྱན་ཨ་རུ་ལི་ཤི་ཅུ་གང་ཀ་ར་དང་ནུས་པ་བསིལ་བའི་རིགས་ཀྱི་ཁུ་བས་མཁུར་བཀང་ཟུངས་ཁྲག་མང་དུ་གཏར། །བད་ཀན་འདུས་པ་རོ་སྐྱུར་རྩུབ་པའི་སྨན་གྱིས་སེ་འབྲུ་རུ་རྟ་བསེ་ཡབ་སྐྱུར་རུ་ཚ་བ་སྒ་པི་ཕོ་གསུམ་མཁུར་བཀང་རིལ་བུ་མུར་བ་སོགས་ཀྱིས་བཅོས། །གྲེ་འབྲས་དང་མིག་ལ་ལིང་ཏོག་བྱུང་ནས་མ་མཐོང་བ་དང་རྨེན་བུའི་ནད་གཉིས་ལ་མཁན་པ་དང་བ་སྤྲུ་སྟར་བུའི་དུགས་ལུམས་ལག་པ་གང་ཉེ་ལ་གཏར་རྗེས་བསྲེག །རྣ་ཤལ་འོག་གཤོང་མེ་བཏབ་རོ་མི་ལྡང༌། །གྲེ་བའི་ནད་ཚ་བ་དང་གག་པ་ཀུན་ཨ་རུ་བཙོ་བསྲེག་ཐལ་བ་ཐང༌། །རོ་མངར་བའི་སྨན་གང་འཛོམས་ཀྱི་ཐང་དང་རིལ་བུ་ཤིང་མངར་རྒུན་འབྲུམ་ཀ་རའངཁ་མུར་བསྟེན། །ཉ་ཁུས་བདུག་ཅིང་སྒང་རྩ་སྐྱོར་གོང་གཏར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁ་ནད་གསོ་བའི་ལེའུ་སྟེ་སོ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།