ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023 |
བཤད་རྒྱུད། >> ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ། |
ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ།
གནས་བཅུ་པ་གསོ་བྱེད་ཐབས་ཀྱི་གནས་རྫོགས་པར་བསྟན་ཟིན་པའི་རྗེས་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེའང་ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་གུས་པ་དང་བཅས་པའི་སྒོ་ནས་མཚན་ནས་བོས་ཏེ། གནས་བཅུ་གཅིག་པ་བྱ་བྱེད་སྨན་པའི་གནས་ཞེས་བྱ་བ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས། གོང་དུ་ཇི་ལྟར་དྲིས་པའི་ལན་དུ་སྟོན་པས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས། དེ་ལྟར་ཁྱོད་ཀྱིས་དྲིས་པའི་དོན་གྱིས་གང་གསོ་བར་བྱེད་པའི་གསོ་བ་པོ་ནད་པའི་དོན་དུ་ཕན་པའི་བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ་ལ་འདི་ལྟར་སྨན་པའི་རྒྱུ་དང་ངོ་བོ་དང་ངེས་ཚིག་དང་དབྱེ་བ་དང་ལས་དང་འབྲས་བུ་སྟེ་རྣམ་པ་དྲུག་གི་སྒོ་ནས་བསྟན་པར་བྱ་ཡི། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ།།
སྨན་པ་མཁས་པའི་རྒྱུའི་གཙོ་བོ་ནི་ཤེས་བྱ་རིག་པའི་ཆོས་ཐམས་ཅད་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པ་དང༌། སེམས་ཅན་མཐའ་དག་ལ་ཕན་པར་འདོད་པའི་ལྷག་པའི་བསམ་པ་མཆོག་ཏུ་དཀར་བ་དང༌། འོག་ནས་ཇི་སྐད་འཆད་འགྱུར་གྱི་དམ་ཚིག་དང་ལྡན་ཞིང༌། ལུས་ངག་ཡིད་གསུམ་གྱི་རྣམ་པ་བཟོ་བ་དང༌། བགྱི་བར་འོས་པའི་བྱ་བ་དུས་ལས་མི་ཡོལ་བའི་བརྩོན་འགྲུས་དང་འཇིག་རྟེན་མིའི་ཆོས་ལུགས་ལ་མཁས་པ་དང་རྣམ་པ་དྲུག་གོ།
སྨན་པ་མཁས་པའི་རྒྱུ་དྲུག་པོ་དེ་ལས་དང་པོ་བློ་དང་ལྡན་པ་ཞེས་པ་ནི། སྤྱིར་བློ་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བྱའི། བློ་གྲོས་ཞེས་ཀྱང་ཡོངས་སུ་གྲགས་པ་ལས་གཙུག་ལག་མཐའ་དག་གི་དོན་ཁོང་དུ་ཆུད་ནུས་པའི་བློ་ཆེ་བ་དང༌། རྐྱེན་གང་གིས་ཀྱང་བསྐྱོད་མི་ནུས་པའི་བློ་བརྟན་པ་དང༌། གང་ལའང་བརྟག་དཔྱད་སྔོན་དུ་གཏོང་བའི་བློ་གཟེག་པ་སྟེ་འདི་གསུམ་དང་ལྡན་པའི་སྒོ་ནས་གསོ་དཔྱད་གཙོ་བོར་གྱུར་པའི་གཞུང་ལུགས་མདོར་བསྡུས་དང་རྒྱས་བཤད་ཀྱི་དོན་མ་ལུས་པ་འཁྲུལ་མེད་དུ་ཁོང་དུ་ཆུད་པ་ལ་བསྟེན་ནས་ཉམས་སུ་བླང་བར་འོས་པའི་ལག་ལེན་གྱི་རིགས་ཀུན་ལ་ཐོགས་ཤིང་བརྡུགས་པ་དང་ཉམ་ང་བ་སྤུ་ཙམ་ཡང་མེད་པར་བདེ་བླག་ཏུ་འཇུག་པ་དང༌། གཞུང་ལས་དངོས་སུ་མ་གསུངས་པའི་ནད་དང་སྨན་ལ་སོགས་དོན་རྣམས་ལའང་རིག་པ་དྲི་མ་མེད་པས་དཔྱོད་ཤེས་པར་མ་ཟད་སྨན་གྱི་ལྷ་མོ་བསྒྲུབས་པ་སོགས་ཀྱི་སྒོ་ནས་འཚོ་འཆི་དང་སྨན་གྱི་འགྲོ་ཚུལ་ལ་སོགས་མངོན་པར་ཤེས་པའང་ཕྲ་མོ་གང་ལ་གང་འཚམ་པར་འཆར་བ་དེ་ཉིད་ནི་རྒྱུ་དྲུག་པོ་རྣམས་ཀྱི་ནང་ནས་མཆོག་དམ་པ་ཡིན་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཆུང་བ་ལས། །བློ་ལྡན་དཔའ་ངར་མཛངས་དང་གསུམ། །མངོན་ཤེས་འདྲ་བའི་འབྲས་བསྐྱེད་པའོ། །ཞེས་སོ།།
སྐབས་འདིའི་བསམ་པ་དཀར་བ་ཞེས་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་པའི་ངེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་སྟེ། དོན་འདི་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་ལས། དང་པོ་བསམ་སྦྱོར་ནི་ཁམས་གསུམ་པོ་འདི་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཏུ་མཐོང་བ་དང༌། ཕ་མར་མ་གྱུར་པ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་འདོད་ཀྱི་བློ་རྒྱུན་ཆགས་པ་དང༌། དཀོན་ཅོག་གསུམ་པོ་ལ་མི་བསླུ་བའི་སྐྱབས་ཀྱི་དད་པ་དང༌། གསེར་དང་བོང་བ་ལ་བཟང་ངན་དང་དགྲ་གཉེན་ལ་བྱམས་སྡང་སོགས་ཞེ་ཐག་པ་ནས་སྙོམས་པའི་སྒོ་ནས་ངན་འགྲོའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་དང་འགྲོ་བ་བུ་གཅིག་པའི་མ་ལྟར་བརྩེ་བའི་བྱམས་པ་དང༌། གང་དག་སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང༌། ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པ་སྟེ་ཚངས་པའི་གནས་བཞི་ལ་གནས་པར་བྱས་ནས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། དེ་ནས་དངོས་གཞི་གཞན་ཕན་འབའ་ཞིག་ལ་འཇུག་པ་དུས་དང་གྲངས་འདི་དང་འདི་རྣམས་ཚད་དང་རིགས་མེད་པར་ཉམས་སུ་བླང་བར་བྱ་ཞིང༌། དེ་ལྟར་བྱས་པའི་འཇུག་པ་ཡང་ནི་གསོ་དཔྱད་ཀྱི་དོན་ལ་བསྔགས་པར་བལྟ་ཞིང་ནད་པ་སོགས་སུ་ལའང་ཁོན་འཛིན་མེད་པའི་ལྷག་བསམ་དེ་ལྟ་བུ་དང་ལྡན་ན་གང་བལྟ་བའི་ནད་པ་རྣམས་གསོ་སླ་ཞིང་འཚོ་བ་ཤིན་ཏུ་མང་པོ་འབྱུང་བའི་གྲོགས་སུ་འགྱུར་བ་ཞིག་དགོས་པ་ཡིན་ནོ། །དེ་ལྟར་ཡང་ཚོགས་མ་ཟིན་པའི་སྨོན་འཇུག་གི་སེམས་བསྐྱེད་འདི་ལྟ་བུ་ནི་སྨན་པ་རྣམས་ལ་གྲགས་པ་ཙམ་དུ་ཟད་ལ། སྔ་རབས་པ་རྣམས་ཀྱིས་ནི་ནད་པ་ཁོ་ན་ལ་སྦྱར་བ་དག་ཀྱང་སྣང་ངོ༌། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བ་སེམས་ཙམ་པ་དང་དབུ་མ་པའི་ལུགས་གང་ཡང་རུང་བའི་ཆོ་གས་ཟིན་པ་ཞིག་ཅི་ནས་ཀྱང་དགོས་སོ།།
སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་དམ་ཚིག་དང་ལྡན་པ་ཞེས་པའང་བློ་བཞག་གི་རྣམ་པ་དྲུག་དང་གཟུང་བར་བྱ་བ་གཉིས་དང་ཤེས་པར་བྱ་བ་གསུམ་སྟེ་བཅུ་གཅིག་ཏུ་བཤད་པ་ཡིན་ནོ། །དམ་ཚིག་གསུམ་གྱི་དང་པོ་བློ་བཞག་རྣམ་པ་དྲུག་ནི་རང་གི་སློབ་དཔོན་དང་དེའི་གསུང་དང་གསོ་དཔྱད་ཀྱི་གཞུང་དང་རང་གི་གྲོགས་མཆེད་དང་ནད་པ་དང་ནད་པའི་རྣག་ཁྲག་སྟེ་རྣམ་པ་དྲུག་ལ་རིམ་པ་བཞིན་དུ་སངས་རྒྱས་དངོས་དང་སྙིགས་མའི་དུས་སུ་མཇལ་བའི་སྐལ་བ་མེད་པས་སློབ་དཔོན་སངས་རྒྱས་དངོས་ཡིན་སྙམ་པ་དང་དེའི་གསུང་དྲང་སྲོང་གི་གསུང་ཚད་མར་བྱེད་པ་ལྟར་དང༌། གསོ་དཔྱད་ཀྱི་གཞུང་ལུགས་ལ་རྒྱལ་བའི་བཀའ་རིམ་པར་བརྒྱུད་པར་སྙིང་ནས་གུས་པ་བསྐྱེད་པ་དང༌། རང་རང་ཐོག་མཚུངས་སློབ་གྲྭ་གཅིག་པའི་མཆེད་གྲོགས་རྣམས་ལ་ཕ་མ་གཅིག་པའི་སྤུན་ལྟ་བུའི་བརྩེ་གདུངས་དང་ནད་པ་ལ་དེའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ཕན་འདོགས་གྱི་བྱམས་པ་སོགས་མས་བུ་ཚ་ལ་བརྩེ་བ་ལྟར་བསྐྱང་བ་དང༌། ནད་པའི་རྣག་ཁྲག་དང་བཤང་གཅི་ལ་སོགས་མི་གཙང་བ་རྣམས་ལ་འཛེམ་བག་བྱས་ན་སྨན་དཔྱད་གང་ཡང་གནད་དུ་མི་འགྲོ་བས་གཙང་བཙོག་མེད་པར་ཁྱི་དང་ཕག་ལྟ་བུར་ནི་བློ་བཞག་པའི་དམ་ཚིག་དྲུག་བསྲུང་བར་བྱའོ། །དམ་ཚིག་གཉིས་པ་གཟུང་བྱ་གཉིས་ནི་སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་དང་གཙགས་བུ་ལ་སོགས་པའི་ཆ་བྱད་རྣམས་ལ་རིམ་པ་ལྟར་སྨན་གྱི་བཀའ་སྲུང་དང་དེའི་ཕྱག་ཆ་ལྟ་བུར་བཟུང་ཞིང་བསྲུང་བར་བྱའོ། །དམ་ཚིག་གསུམ་པ་ཤེས་བྱ་གསུམ་ནི་སྨན་རྣམས་ཐམས་ཅད་ནོར་བུ་དང་བདུད་རྩི་དང་མཆོད་པའི་རྫས་སུ་ཤེས་པར་བྱ་བ་དང་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སྨན་ལ་བརྟེན་ནས་དགོས་འདོད་ཐམས་ཅད་ཤུགས་ལས་འབྱུང་བའི་ཡིད་བཞིན་གྱི་ནོར་བུར་ཤེས་པར་བྱ་བ་དང༌། དེས་ནད་རྣམས་བདེ་བླག་ཏུ་སེལ་བར་བྱེད་པས་འཆི་མེད་ཀྱི་བདུད་རྩིར་ཤེས་པར་བྱ་བ་དང༌། སྨན་དེ་ལེགས་པར་སྦྱར་བའི་ཕུད་ཀྱིས་རིག་པ་འཛིན་པའི་དྲང་སྲོང་རྣམས་མཆོད་པས་མཆོད་རྫས་སུ་ཤེས་པར་བྱའོ། །ཤེས་པར་བྱ་བའི་དམ་ཚིག་གསུམ་གྱི་ནང་ནས་དང་པོ་སྨན་རྣམས་ནོར་བུར་ཤེས་པར་བྱ་བ་ནི་རང་གཞན་གྱི་དོན་འབད་མེད་དུ་བསྒྲུབ་པའི་སྨན་རྣམ་པ་སྣ་ཚོགས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་དང་དེ་འདྲ་བ་རྣམས་འཛོམ་པར་བཙལ་ལ་འབྲལ་མེད་དུ་བཅང་བར་བྱའོ། །ཤེས་པར་བྱ་བའི་དམ་ཚིག་གཉིས་པ་ནི་ཞི་སྦྱང་གི་སྨན་གང་ཡིན་འཕྱུགས་མེད་རྣམ་པར་དག་པའི་ཕྱག་ལེན་དང་ལྡན་པས་ལེགས་པར་སྦྱར་ལ་བདུད་རྩིར་བྱིན་གྱིས་བརླབས་པ་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་རྣམ་པར་རྒྱལ་བ་འཛིན་ཞིང་གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཉན་ཐོས་དྲང་སྲོང་སོགས་འཁོར་སྡེ་བཞི་བཀའ་སྲུང་དང་བཅས་པས་བསྐོར་བ་ཞིག་ཏུ་གསལ་བཏབ། སྨན་བདུད་རྩི་དང་སྨན་གྱི་སྣོད་དེ་ནི་བདུད་རྩིས་གང་བའི་ལྷུང་བཟེད་དུ་བསམས་ཤིང་སྨན་བླ་ལ་འཁོར་སྡེ་བཞིའི་དྲང་སྲོང་གིས་བསྐོར་བ་རྣམས་ཀྱིས་ཤིས་པ་བརྗོད་པར་བསྒོམ་མོ། །གོང་དུ་བརྗོད་མ་ཐག་པའི་དམིགས་པ་དེ་རྣམས་བྱས་ནས་ངག་ཏུ་འགྲོ་བ་སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་སྲོག་འཚོ་བར་མཛད་པའི་སྨན་པ་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཏེ། དེས་འདོད་ཆགས་ལ་སོགས་པ་དུག་གསུམ་འབྲས་བུ་དང་བཅས་པའི་ནད་མཐའ་དག་ཅིག་ཅར་དུ་སེལ་བས་སངས་རྒྱས་སྨན་གྱི་བླ་མ་ཞེས་སྐུ་མདོག་མཐིང་ག་ནོར་བུ་བཻ་ཌཱུརྱ་སྔོན་པོའི་འོད་ཟེར་ལྟ་བུ་འཕྲོ་བ་ལ། རྣམ་པ་མཆོག་གི་སྤྲུལ་བའི་སྐུ་ངོ་བོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་གོང་དུ་བཤད་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུར་ལྡན་པ། གང་ཞེ་ན། རྗེ་བཙུན་བྱམས་པས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །རོ་སྟོད་སེང་གེ་ལྟ་བུར་ཤིན་ཏུ་ཡངས། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །འདི་དག་མཚན་ནི་སུམ་ཅུ་རྩ་གཉིས་སོ། །ཞེས་དང༌། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡང་ཞིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །ཤིན་ཏུ་གཞོན་མདོག་ཆགས་པ་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །སུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་པ། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིངས་དང༌། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེ་འུ་བཀྲ་ཤིས་དང༌། །དགའ་བ་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཤད། །ཞེས་གསུངས་པ་ལྟར་ལ།
དར་དམར་པོའི་ཤམ་ཐབས་དང་སྟོད་གཡོགས་ཀྱིས་མཛེས་པར་བྱས་པ། དུག་གསུམ་གྱི་ཀུན་ནས་ཉོན་མོངས་པའི་འགྲོ་བ་རྣམས་རླུང་མཁྲིས་བད་ཀན་གྱི་ནད་ཀྱིས་གདུངས་པ་རྣམས་ལ་སྐྱོབ་པའི་བརྡར་ནད་ཀྱི་གཉེན་པོར་ཕྱག་གཡས་ན་ཨ་རུ་ར་བསྣམས་པ། འཆི་བ་མེད་པ་ཚེའི་དངོས་གྲུབ་སྦྱིན་པའི་སླད་དུ་ཕྱག་གཡོན་ན་བདུད་རྩིས་གང་བའི་ལྷུང་བཟེད་དམ་པར་བུ་བསྣམས་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་སྨན་བླ་བཻ་ཌཱུརྱའི་འོད་འཕྲོ་བ་དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། །དེ་ཡང༌། འདུལ་བ་ལུང་རྣམ་འབྱེད་ལས་དེ་ལ་རིག་པའི་གནས་བཅོ་བརྒྱད་ནི་འདི་ལྟ་སྟེ། གསང་སྔགས་ཀྱི་རྒྱུད་དང༌། ཆོ་ག་ཞིབ་མོ་དང༌། གཏན་ཚིགས་རིག་པ་དང༌། རིག་བྱེད་དང༌། བརྡ་སྤྲོད་པ་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ཤེས་རབ་གསལ་བ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་བསྡུས་པ་དང༌། སྐར་མའི་རིག་པ་དང༌། རྟོག་བྱེད་ཀྱི་རིག་པ་དང༌། ཆུར་ལྷུང་གི་རིག་པ་དང༌། ཆེར་སྤྱོད་ཀྱི་རིག་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང༌། བྱེ་བྲག་པའི་རིག་པ་དང༌། རྒྱུད་དྲུག་ཅུ་པའི་རིག་པ་དང༌། ཁྱུར་མིད་ཀྱི་རིག་པ་དང༌། གནས་འདུག་གི་རིག་པ་སྟེ་བཅོ་བརྒྱད་བློ་ལ་བྱང་བར་གྱུར་ཏོ་ཞེས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས་མཛོད་རང་འགྲེལ་དུ། རོལ་མོ་འཁྲིག་ཐབས་འཚོ་ཚིགས་གྲངས་དང་སྒྲ། །གསོ་དཔྱད་ཆོས་ལུགས་བཟོ་འཕོངས་གཏན་ཚིགས་དང༌། །རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། །རྩིས་མིག་འཁྲུལ་འཁོར་སྔར་རབས་སྔོན་བྱུང་རིག །འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་དོ། །ཞེས་དང༌། གཞན་ཡང་འདྲེན་ཚུལ་མཐའ་ཀླས་པ་ནི་བཻ་དཀར་མ་བུར་བཤད་པ་ལྟར་རོ། །རོལ་མོ་དང་འཁྲིག་ཐབས་ལ་སོགས་པ་རིག་པའི་གནས་མཆོག་བཅོ་བརྒྱད་པོ་མཐའ་དག་ཐུགས་སུ་ཆུད་ཅིང༌། ཚེ་ལ་རང་དབང་དུ་གྱུར་པའི་བཅུད་ལེན་རིལ་བུ་སོགས་པ་གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་མ་ལུས་བརྙེས་པས་ཐུན་མོང་གི་མངོན་ཤེས་ལྔ་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆོས་ལ་དམིགས་པའི་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེ་སྟེ་སྙིང་རྗེ་གསུམ་རྗེས་མཐུན་པ་དང་བཅས་པས་འགྲོ་བའི་མཆོག་མི་ལུས་ཀྱི་འདུ་བ་མ་སྙོམས་པ་རྣམས་སྙོམས་པར་མཛད་པའི་དྲང་སྲོང་ཁྱད་པར་ཅན་སྨན་གྱི་རིག་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱའོ། །ཆོ་ག་བཞིན་དུ་སྦྱར་བའི་སྨན་འདི་ཉིད་ལྷ་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་འཆི་མེད་ཀྱི་བདུད་རྩི་ལྟ་བུ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱི་གཙུག་རྒྱན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང༌། ཚེ་ལ་དབང་བའི་དྲང་སྲོང་རྣམས་ཀྱི་བཅུད་ལེན་གྲུབ་པའི་རིལ་བུ་ལྟ་བུར་ནི་གྱུར་ནས་ནད་པ་ཁྱོད་ཀྱི་ལུས་ལ་སྨན་མཆོག་འདི་ཉིད་ཉེ་བར་གནས་པར་གྱུར་ཅིག དེ་ལྟར་གྱུར་ནས་རླུང་མཁྲིས་བད་ཀན་ལས་གྱུར་པ་གོང་དུ་ནད་ཀྱི་དབྱེ་བའི་སྐབས་སུ་བཤད་པའི་བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ཚེ་དང་ལུས་ངག་ཡིད་གསུམ་སོགས་ལ་གནོད་ཅིང་འཚེ་བར་བྱེད་པའི་བགེགས་སམ་གདོན་གྱི་རིགས་སྟོང་ཕྲག་གཅིག་དང་བརྒྱད་ཅུ་དང་ཡིད་དུ་མི་བདེ་བ་སྟེར་བའི་ཡེ་བར་འབྲོག་པ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཞེས་བཤད་པ་ལ་རྗེ་ཟུར་མཁར་བ་སོགས་ཀྱིས་གྲངས་དང་ཁུངས་ཀྱི་འདྲེན་ཚུལ་མ་རྙེད་པར་ད་ལྟའི་བར་དུ་ལུས་ཀྱང་ཚིག་མ་ལུས་པར་འབྲུ་འགྲེལ་དང་རྒྱུ་མཚན་ཡོད་ཕྱིན་འདི་དག་གི་ཚུལ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ།
དེ་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནི། སློབ་དཔོན་ཨཱརྱ་དེ་བས་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྟེན་ནས་ཡུལ་བདེན་པ་བཞི་གདམས་པ་ལ། པཎྜིཏ་འཇིག་རྟེན་མགོན་པོས་རྩ་བའི་ཚིག་ཐོར་བུར་གསུངས་པ་རྣམས་འགོས་ལོ་གཞོན་ནུ་དཔལ་གྱིས་ཁྲིག་ཆགས་སུ་མཛད་པ་ལས། ནད་འདུ་བ་རྣམ་པ་བཞི་དང༌། དེ་ལས་གྱེས་པའི་ནད་བཞི་བརྒྱ་རྩ་བཞི་སོགས་རྣམ་གྲངས་མང་དུ་དབྱེ་བར་ཡོད་པ་འདིར་འདོད་ཆགས་ཞེ་སྡང་ཕྲག་དོག་ང་རྒྱལ་གཏི་མུག་སྟེ་དུག་ལྔ་དེ་ཉོན་མོངས་དུག་གསུམ་དུ་འདུ་ཚུལ་དང་ནད་སྦྱར་བ་ནི། ཕྲག་དོག་རྩ་བ་འདོད་ཆགས་ལས་ཁྲག་དང་རླུང༌། ང་རྒྱལ་གྱི་འབྲས་བུ་ཞེ་སྡང་ལས་སྲིན་དང་མཁྲིས་པ། གཏི་མུག་ལས་བད་ཀན་གྱི་ནད་ལྡང་ཞིང༌། སྙིང་པོ་འདུ་བ་རླུང་མཁྲིས་བད་ཀན་གསུམ་དུ་འདུས། དེའི་རྐྱེན་གྱིས་འཇུག་པའི་བགེགས་ནི། འདོད་ཆགས་ལས་མོ་གདོན་འཇུག་ཅིང༌། རླུང་དང་ཆུ་སེར་རྒྱས་པར་བྱེད། ཞེ་སྡང་ལས་ཕོ་གདོན་འཇུག་པས་མཁྲིས་པ་དང་སྲིན་རྒྱས་པར་བྱེད། གཏི་མུག་ལས་ནང་གསེས་སུ་ཕོ་མོ་ཡོད་པར་བཞེད་ཀྱང་འདིར་གཉིས་མི་འགལ་ལམ་མ་ནིང་དེ་ཀླུ་དང་ས་བདག་གི་གདོན་འཇུག་ལ་བད་ཀན་རྒྱས་པར་བྱེད་པར་བཤད་ཅིང༌། དེ་ལ་ཕོ་གདོན་གྱི་རིགས་ལྷན་སྐྱེས་སམ་ལས་འདྲེ་སྟེ་དཔོན་གཅིག་ཐེ་བའི་སྟོབས་ཆེན་དགུ་བཅུ་སྟོབས་ཆུང་དགུ་བཅུ་ཀུན་བརྟགས་སམ་འཕྲལ་རྐྱེན་གྱི་འདྲེ་སྡེ་དཔོན་གཅིག་ཐེ་བའི་སྟོབས་ཆེན་དགུ་བཅུ་སྟོབས་ཆུང་དགུ་བཅུ་སྟེ་སུམ་བརྒྱ་དྲུག་ཅུ། མོ་གདོན་གྱི་རིགས་དེ་ལ་ཡང་ལྷན་སྐྱེས་ཀུན་བརྟགས་སྡེ་དཔོན་ཐེ་བའི་སྟོབས་ཆེན་སྟོབས་ཆུང་གོང་བཞིན་དགུ་བཅུ་རེས་སུམ་བརྒྱ་དྲུག་ཅུ། སྐབས་འདིར་གཉིས་མེད་མ་ནིང་ངམ་ཀླུ་དང་ས་བདག་གི་རིགས་དེ་ལ་ཡང་ལྷན་སྐྱེས་ཀུན་བརྟགས་སྡེ་དཔོན་ཐེ་པའི་སྟོབས་ཆེན་སྟོབས་ཆུང་གོང་བཞིན་དགུ་བཅུ་རེས་སུམ་བརྒྱ་དྲུག་ཅུ་རེ་སྟེ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུར་བཤད་ལ་དེ་དང་མཐུན་པར་དེ་དག་གི་ངོ་ལེན་དུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་ཕོ་མདོས་མོ་མདོས་ཀླུ་མདོས་ཞེས་གསུམ་དུ་གསུངས། དེ་ལ་སརྦ་རཱུ་པ་ལ་བརྟེན་ནས་ཕོ་མདོས་སུམ་བརྒྱ་དྲུག་ཅུ། མ་ཧཱ་ཤནྟི་ལ་བརྟེན་ནས་མོ་མདོས་སུམ་བརྒྱ་དྲུག་ཅུ་དང་ཀླུ་མདོས་སུམ་བརྒྱ་དྲུག་ཅུ་སོགས་མ་མོའི་རྒྱུད་འབུམ་དང་བཻ་རོའི་མདོས་ཀྱིས་ཞུ་ལན་བཅས་སུ་སྒོ་བསྟུན་གྱིས་གསུངས་པས་ཀྱང་ངེས་པ་རྙེད་དོ། །གཞན་ཡང་གསོ་བ་རིག་པ་འདི་ཉིད་དུ་གཡུ་ཐོག་པའི་གསུངས་ལ་ཡང༌། ལྷ་ཀླུ་གནོད་སྦྱིན་དྲང་སྲོང་ས་བདག་མ་མོ་གཤིན་རྗེ་རྒྱལ་པོ་བཙན་བདུད་སྲིན་མོ་ཐེའུ་བྲང་བསེན་མོ་གཟའ་གཉན་སྨན་མོ་དྲི་ཟ་དམུ་གྲུལ་བུམ་མིའམ་ཅི་ལྟོ་འཕྱེ་ཆེན་པོ་སྟེ་གདོན་རིགས་རྩ་བའི་ཉེར་གཅིག་ཏུ་བགྲངས་ལ་དེ་ལས་སྐྱེས་པའི་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་སོགས་རེ་རེ་ལྔ་བཅུ་རེ་འཕྲོས་པའི་སྟོང་དང་ལྔ་བཅུ་དང༌། ཕོ་གདོན་མོ་གདོན་མ་ནིང་གསུམ་ལ་རེ་རེ་དངོས་ཉམས་རྨི་ལམ་གསུམ་སྦྱར་བའི་དགུ་དེ་ལ་རྩ་བའི་གདོན་ཉེར་གཅིག་སྟེ་སྟོང་ཕྲག་བརྒྱད་ཅུ་དང༌། རྒྱུད་གསུམ་པ་ནས་གསུངས་པ་ཡོངས་གྲུབ་གདོན་བརྒྱ་དང་རྩ་གཅིག་འདྲེན་ལུགས་ལ་འབྱུང་པོ་སྨྱོ་བྱེད་བརྗེད་བྱེད་གཟའ་ཀླུ་དང་ལྔར་ཕྱེ་ལ། འབྱུང་པོ་ལ་ལྷ་དང་ལྷ་མིན་དྲི་ཟ་གནོད་སྦྱིན་ཀླུ་ཚངས་པ་སྲིན་པོ་ཤ་ཟ་ཡི་དྭགས་གྲུལ་བུམ་བྱད་སྟེམ་གཡེང་བྱེད་རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན་པོ་གྲུབ་པ་སོགས་བཅོ་བརྒྱད། སྨྱོ་བྱེད་ལ་གདོན་གཅིག་ཏུ་བཟུང་བའི་ནད་རླུང་མཁྲིས་བད་ཀན་འདུས་པ་ཡིད་གདུང་དུག་གདོན་སོགས་དང་སྦྱར་ཏེ་གདོན་བདུན། བརྗེད་བྱེད་ལ་རླུང་མཁྲིས་བད་ཀན་དུག་གདོན་ལྔ། གཟའ་ཆེན་བརྒྱད་མེ་ཆུའི་དབྱེ་བས་བཅུ་དྲུག ཀླུ་ལ་ཀླུ་ཆེན་བརྒྱད་དེ་རྣམ་པ་སྦལ་ལྕོང་ཉ་སྦྲུལ་འབུ་སྦྲང་སྡིག་སྡོམ་གྱི་གཟུགས་བརྒྱད། སྐེམ་བྱེད་ལ་སྐེམ་བྱེད་རང་ས་ག་ལུག་ཁྱི་ཡི་དྭགས་གདོང་ཅན་ཏེ་ཕོ་གདོན་ལྔ་མོ་གདོན་བྱ་གདོང་སྲུལ་མོ་གྲང་བའི་སྲུལ་མོ་སྲུལ་མོ་ལོང་བ་བཞིན་རྒྱས་ནམ་གྲུ་ནམ་གྲུ་སྐེམ་པོ་སྟེ་བདུན་ལས་མཁན་རྒྱལ་བསེན་གཉིས་སྤྲུལ་གཞི་ལྷ་ཆེན་པོ། གྲིབ་གནོན་མཁའ་འགྲོ་མ་གཤིན་རྗེ་ཕོ་མོ་མ་མོ་དགའ་བྱེད་བསྟན་མ་མཚོ་སྨན་བྱང་སྨན་དཔྲལ་བའི་མིག་གྲེ་བོ་གྲེ་མོ་དཀོར་བདག་དམུ་ཀླུ་བདུད་ཀླུ་བཙན་དམ་སྲི་སའི་བདག་པོ་གཉན་དང་ཡམ་ཤུད་ཐེ་བྲང་བདུད་མོ་ཞིང་འདྲེ་ཕུར་ཁ་ནག་སྨུག་བསེན་མོ་ལྷ་མོ་ཕོ་ལྷ་དགྲ་ལྷ་འགོང་པོ་ཡུལ་ལྷ་མ་ལྷ་སྟེ་སོ་གཉིས་ཀྱིས་བརྒྱ་དང་རྩ་གཅིག་སྟེ་གློ་བུར་གདོན་གྱི་ནད་དུ་ཁ་ཅིག་བཞེད་ལ་དེ་དག་ནས་སྤྲོ་ན་སྨྱོ་བྱེད་གཅིག་པོར་ཀྱང་གང་གི་འབྱུང་གདོན་བཅོ་བརྒྱད་པོ་ངོ་ཐོག་དང་ལྷ་ལ་ལྔ་ཀླུར་བརྒྱད་གཟའ་ལ་བཅུ་དྲུག་སྟེ་རྩ་བའི་བཅོ་བརྒྱད་དང་བསྲེས་ཞེས་བདུན་དེ་ལ་རླུང་མཁྲིས་བད་ཀན་འདུས་པ་ཡིད་གདུང་དུག་གདོན་བདུན་གྱིས་བསྒྱུར་བའི་སུམ་བརྒྱ་ཉེར་དགུའི་སྟེང་སོ་གཉིས་བསྣན་པའི་སུམ་བརྒྱ་རེ་གཅིག་དེ་ཕོ་མོ་མ་ནིང་སུམ་འགྱུར་གྱི་ལྷག་མ་གསུམ་ཚིགས་བཅད་ཀྱི་དབང་གིས་ལྷག་པ་མ་གཏོགས་སྟོང་བརྒྱད་ཅུ་འགྲིག་པ་སོགས་འདྲེན་ལུགས་མཐའ་ཀླས་པ་ཐུབ་ཀྱང་ཁུངས་དང་འགྲེལ་པའི་གཤིས་གོང་མ་ཉིད་འཐད་པར་སེམས་སོ།།
ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ནི། །ལུགས་འདིར་འདྲེས་པའི་རྩ་ཕྲན་ལས་སྐྱེས་ཕྱི་ནང་བར་སུམ་བརྒྱ་ཉི་ཤུ་སྟེ་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་བཤད་པ་དང་དེ་དང་ཆ་མཐུན་པར་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་འགྲེལ་པ་དང་བཅས་པ་ལས་ཚིགས་རྩ་སུམ་བརྒྱ་དྲུག་ཅུར་བཤད་ཅིང་དེ་དག་ལ་དོན་དམ་སྒྲིབ་བྲལ་གྱི་དབང་གིས་རྩ་རེ་ལ་ལྷག་པའི་ལྷའི་ས་བོན་གྱི་ཡི་གེ་སུམ་བརྒྱ་དྲུག་ཅུར་བརྟེན་ཚེས་ལྷ་སུམ་བརྒྱ་དྲུག་ཅུར་དག་པར་བཤད་པ་དང༌། གློ་བུར་སྒྲིབ་བཅས་ལས་ཉོན་གྱི་དབང་གིས་ཡིད་དངངས་པ་ལ་སོགས་པའི་ཡིད་དུ་མི་བདེ་བ་སྟེར་བའི་ཡེ་འདྲོག་སུམ་བརྒྱ་དྲུག་ཅུར་བཤད་ལ་དེ་ཡང་ལྷན་ཅིག་སྐྱེས་པར་ཡང་ལྷ་དང་འདྲེ་ཡོད་པ་ནི་གཙུག་ལག་རྩིས་ཀྱི་རྩ་བ་སྣང་གསལ་མ་བུ་ལྔའི་ཡ་གྱལ་མན་ངག་སྣང་གསལ་ལས། ལུས་སེམས་གཉིས་སུ་བྲལ་བའི་ཚེ། །ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ། །ལྷ་དེ་ཡར་ཏེ་སེམས་དང་འགྲོགས། །འདྲེ་དེ་གཤིན་པོའི་ཡིད་དང་བསྡོངས། །སླད་མར་གཤིན་པོའི་བདུད་བསྡོང་བྱེད། །ཅེས་པ་ལྟར་ལྷན་ཅིག་སྐྱེས་པ་ལ་ཡང་གློ་བུར་སྒྲིབ་བཅས་ལས་ཉོན་གྱི་དབང་གིས་ལྷན་ཅིག་སྐྱེས་པའི་འདྲེ་དང་དོན་དམ་སྒྲིབ་བྲལ་གྱི་དབང་གིས་ལྷར་སྟོན་པ་དང་ཆ་མཚུངས་སུ་བཤད་པ་དེ་དང་ཕྱོགས་ཙམ་མཚུངས་པར་ལྔ་འགྱུར་འཇམ་དཔལ་དུས་དགྲའི་དབང་པོ་སོགས་སུའང་ཕོ་གཤེད་སུམ་བརྒྱ་དྲུག་ཅུར་གསུངས་ལ་དགྲ་བོ་ཆམ་ལ་འབེབས་དུས་ཀྱང་ལྷན་ཅིག་སྐྱེས་པའི་ལྷ་གཤེད་དུ་ཕབ་ནས་སྦྲུལ་དཀར་གྱི་རྣམ་པས་གཡས་ཕྱོགས་ནས་བརྒྱུད་ཚངས་བུག་ནས་སྙིང་ག་ཡན་ཆད་ཀྱི་སྲོག་དབུགས་འབྱུང་བཞིའི་བཅུད་རྣམས་དྲངས་འདྲེ་དེ་གཡོན་ཕྱོགས་གསང་གནས་ནས་བརྒྱུད་མཆིན་དྲི་མན་ཆད་ཀྱི་འབྱུང་བཞིའི་བཅུད་འདྲེན་པ་སོགས་བཤད་ཅིང༌། ལྷ་དབྱེའི་དུས་ལྷན་ཅིག་སྐྱེས་པའི་ལྷ་དེ་ལ་སྲོག་ལྷ་སོགས་འགོ་ལྷ་ལྔར་སྟོན་པ་སོགས་བཤད་ཀྱང་ལྷན་ཅིག་སྐྱེས་པ་དེ་ལྷ་འདྲེ་གཞི་མཐུན་ནམ་སྣང་ངོར་མི་འདྲ་བ་ལས་དོན་དམ་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་ལས་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཞི་མཐུན་སུམ་བརྒྱ་དྲུག་ཅུ་ཡོད་པ་དེ་ཡེ་འདྲོག་ཡིན་ལ། དེ་དག་ལ་སོགས་པའི་མདོར་ན་ཚེ་མཐར་མི་ཕྱིན་པར་བྱེད་པ་དང་ལུས་ལ་ནད་གཙོ་བོར་གྱུར་པའི་ཇི་ལྟར་བསམས་པའི་དོན་ལ་བར་དུ་གཅོད་པར་བྱེད་པ་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག་ཅེས་དོན་དྲན་བཞིན་པའི་སྒོ་ནས་བརྗོད་དོ།།
དེ་ནས་ཨོཾ་ཞེས་པ་དེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མགོན་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པས། སྐབས་འདིར་བཀྲ་ཤིས་པའི་དབང་དུ་བྱས་པ་ཡིན་ལ། ན་མོ་ནི་ཕྱག་འཚལ་བ། བྷ་ག་ཝ་ཏེ་ནི་བཅོམ་ལྡན་འདས། བྷཻཥཛྱེ་ནི་སྨན་གྱི། གུ་རུ་ནི་བླ་མ། བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ནི་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ་ནི་དེ་བཞིན་གཤེགས་པ་ལ། ཨརྷ་ཏེ་ནི་དགྲ་བཅོམ་པ། སམྱཀ་སཾ་བུདྔྷྰཡ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཏདྱཐཱ་ནི་འདི་ལྟ་སྟེ། ཨོཾ་ནི་གོང་བཞིན་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་གཉིས་ནི། སྨན་པ་སྨན་པ་ཞེས་བོད་པ། མ་ཧཱ་བྷཻཥཛྱེ་ནི་སྨན་པ་ཆེན་པོ། བྷཻ་ཥ་ཛྱེ་རཱ་ཛཱ་ཡ་ནི་སྨན་པའི་རྒྱལ་པོ་ཞེས་ནན་གྱིས་བོད་པ། ས་མུངྒ་ཏེ་ནི། ཡང་དག་པར་འཕགས་མ་ཞེས་སླར་ཡང་བོད་ལ། སྭཱ་ཧཱ་ནི་ལེགས་པའི་གཞི་ཚུགས་ཞེས་པ་སྟེ། བསྡོམས་ན། བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། བཀྲ་ཤིས། སྨན་པ་སྨན་པ། སྨན་པ་ཆེན་པོ། སྨན་པའི་རྒྱལ་པོ། ཡང་དག་པར་འཕགས་མ་ལེགས་པའི་གཞི་ཚུགས་སོ་ཞེས་པའོ། །བཤད་མ་ཐག་པའི་བསྟོད་པ་དང་ཤིས་བརྗོད་ཀྱི་མཇུག་ཏུ་གཟུངས་དེ་ཉིད་ལན་བདུན་བཟླས་པས་སྨན་དེ་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པ་ཞིག་ཏུ་གྱུར་པར་བསམས་ཏེ། ཕུད་ནམ་མཁའ་ལ་གཏོར་ཏེ་སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་མཆོད་ཅིང༌། དེ་རྗེས་རང་གི་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླངས་པས་རང་གི་ནད་གདོན་བར་ཆད་ཐམས་ཅད་བསལ། དེ་ནས་སྨན་དེ་ནད་པས་བསྟེན་པས་ཚེ་ལ་བར་དུ་གཅོད་པའི་འཆི་བ་སོས་པར་བསམས་ཏེ། དེ་ལྟར་བྱས་པའི་དམ་ཚིག་དང་ལྡན་ཞིང་ཡེ་ཤེས་ཀྱི་བྱིན་རླབས་འབེབས་པ་དང༌། རྟག་ཏུ་བཀྲ་ཤིས་དང་བསོད་ནམས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །སྨན་བྱིན་གྱིས་བརླབ་ཚུལ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་ཀྱང་འདི་སྐད་ཅེས་གསུངས་ཏེ། ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། ཚངས་པའི་གཟུགས་སམ། བརྒྱ་བྱིན་གྱི་གཟུགས་སམ། རྒྱལ་པོ་ཆེན་པོ་བཞིའི་གཟུགས་ཁྲིའུའམ་ཟ་མ་ཏོག་གི་སྟེང་དུ་བཞག་སྟེ་ཕྱག་རྒྱ་བཞི་བགྱིས་ལ་གཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་དང༌། སྤོས་སྣ་ཚོགས་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། དབང་ཕྱུག་ཆེན་པོ་དང༌། གནོད་སྦྱིན་གྱི་སྡེ་དཔོན་དང༌། གནོད་སྦྱིན་སྟོབས་པོ་ཆེ་དང༌། འཕྲོག་མ་ལ་སོགས་པའི་མིང་གིས་དཀོན་ཅོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་ཀྱི་སྟོབས་དང་དབང་ཕྱུག་དང་བྱིན་གྱིས་བདག་དགེ་བར་གྱུར་ཅིག །བདག་ལ་བསྲུང་བ་གྱིས་ཤིག ནད་པ་ཐམས་ཅད་ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག ནད་པའི་ཟས་དང་སྐོམ་དང་སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་མཆོག །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དང་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་སྟེ་བཀླག་པར་གྱིས། །སྱྰ་དྱ་ཐེ་དན། ཁ་ཊེ། ཁ་ཊེ། ཁ་ཊེ། ཁ་ཊེ། བི་ཁ་ཊེ། བི་མ་ལེ་བི་ལ་མ་བེ། བ་ལེ་བ་ལ་བ་ཏེ། ཙནྡྲེ་ཙ་ར་ཎེ་ཨ་མྲི་ཏ་ནི་རྒྷོ་ཥེ་སྭཱ་ཧཱ། སཾ་གྷ་ས་པ་རི་ཝཱ་ར་དཱ་ན་པ་ཏི་ས་པ་རི་ཝཱ་ར་སྱ་ཙ་སརྦ་བྱཱ་དྷི་ཤིནྟཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམས་ཏེ། །བདག་ལ་རྟག་ཏུ་དགེ་བར་ཤོག །ཅེས་གསུངས་སོ། །ཡན་ལག་བརྒྱད་པར། ཚངས་པ་སྐྱེ་རྒུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང༌། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང༌། །འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་བསྲུང་བར་ཤོག །དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང༌། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ཅེས་གཟུངས་བཟླ་བ་དང་བཅས་སྐྱུག་སྨན་གྱི་སྐབས་སུ་བྱ་བར་བཤད་དོ། །དེ་བཞིན་དུ་བདུད་རྩི་བུམ་པ་སོགས་ལས་ཀྱང་མི་འདྲ་བའི་ཁྱད་པར་གསུངས་ཤིང༌། དེ་ལྟར་བཤད་པའི་དམ་ཚིག་བློ་བཞག་དྲུག་ལ་སོགས་པ་ནི་མཆོག་གི་ཉེ་ལམ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས་ཀྱང་དམ་ཚིག་བསྲུང་བའི་རིམ་པ་ནི་གསུམ་སྟེ། ཕྱི་ནང་གསང་བའོ། །དང་པོ་ལ་བློ་བཞག་དྲུག གཟུང་བྱ་གཉིས། ཤེས་བྱ་གསུམ་མོ། །དེ་དག་ནི་སློབ་དཔོན་ལ་སངས་རྒྱས་ཀྱི་བློ་བཞག དེའི་གསུང་ལ་དྲང་སྲོང་གི་གསུང་དུ་བློ་བཞག གསོ་དཔྱད་ལ་དམ་པའི་ཆོས་སུ་བློ་བཞག མཆེད་གྲོགས་ལ་སྤུན་གྱི་བློ་བཞག ནད་པ་ལ་བུ་ཚའི་བློ་བཞག རྣག་ཁྲག་ལ་ཁྱི་ཕག་གི་བློ་བཞག་པ་དང་དྲུག་གོ། །གཟུང་བྱ་གཉིས་ནི། སྨན་གྱི་བརྒྱུད་པའི་རིག་འཛིན་རྣམས་བཀའ་སྲུང་དུ་བཟུང་ལ་གསོལ་མཆོད་དང་རེ་ལྟོས་བྱ། ཆ་བྱད་རྣམས་ཡི་དམ་གྱི་ཕྱག་ཆ་ལྟར་བཟུང་སྟེ་མི་འབྲལ་བར་བཅང་ངོ༌། །ཤེས་བྱ་གསུམ་ནི་སྨན་རྣམས་དགོས་འདོད་འབྱུང་བའི་ནོར་བུ། རིག་འཛིན་མཆོད་པའི་མཆོད་རྫས། ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱའོ་ཞེས་ཀྱང་གསུངས་ཤིང༌། ནང་དང་གསང་བའི་དམ་ཚིག་ནི་འདིར་བཤད་པར་བྱ་བའི་སྐབས་མ་ཡིན་པས། འདི་གཉིས་ཀྱི་དམ་ཚིག་རྡོ་རྗེའི་རྒྱ་མདུད་དུ་ཤེས་པར་བྱ་ཞིང༌། དེའི་ཚེ་ན་སྨིན་གྲོལ་གྱི་རིམ་པ་ལ་གཞོལ་བར་གྱིས་ཤིག་ཅེས་གདམས་སོ།།
སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་རྣམ་པ་བཟོ་བ་ཞེས་པ་ལའང་ལུས་བཟོ་བ་དང་ངག་བཟོ་བ་དང་ཡིད་བཟོ་བ་དང་གསུམ་མོ། །དེ་ལ་དང་པོ་ལུས་ཀྱི་ཆ་ཤས་ལག་བཟོ་བས་སྨན་དང་དཔྱད་ཀྱི་སྐབས་སུ་འཇམ་རྩི་ནི་རུ་ཧ། གཏར་ག །མེ་བཙའ། ཐུར་མ། ཆིངས་དང་དྲས་བྲུས་ལ་སོགས་པར་བྱང་པའི་བཟོ་ལ་མཁས་པ་དང༌། ངག་གི་བཟོ་ཚིག་སྙན་ཞིང་ཟློས་པར་མཁས་པས་ནད་པ་སྤྲོ་བ་སྐྱེད་ནུས་པ་དང༌། ཡིད་ཀྱི་བཟོ་རིག་པ་ཤིན་ཏུ་བཀྲ་བས་རྟགས་དང་སྨན་དཔྱད་སོགས་སོ་སོར་ཡིད་ལ་མ་རྨོངས་པར་གསལ་བ་སྟེ། དེ་རྣམས་ཤེས་པ་ནི་བཟོ་རྣམས་ཤེས་པ་ཀུན་གྱི་དཔོན་པོ་སྟེ་མཆོག་ཏུ་འགྱུར་བ་ཡིན་ནོ།།
སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་བྱ་བ་ལ་བརྩོན་པ་ཞེས་བྱ་བ་ལའང་བདག་གི་བྱ་བ་ལ་བརྩོན་པ་དང༌། གཞན་གྱི་བྱ་བ་ལ་བརྩོན་པ་གཉིས་ཏེ། དེ་ལ་དང་པོ་བདག་ཉིད་ཀྱི་བྱ་བ་ལ་བརྩོན་པ་ལའང་རྒྱུ་ལ་བསླབ་པ་དང༌། རྐྱེན་བསྟེན་པ་དང༌། གྲོགས་ལ་བརྩོན་པར་བྱ་བ་དང༌། གོམས་པ་མཐར་དབྱུང་བ་དང་རྣམ་པ་བཞིའོ།།
ཤེས་པར་བྱ་བའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ནི་ཡི་གེ་འདྲི་ཀློག་རྣམ་དག་ཤེས་པ་དེ་ཉིད་ཡིན་པས་ཐོག་མ་ཉིད་དུ་དེ་དག་མཐའ་རུ་ཕྱིན་ངེས་ཤེས་པར་བསླབ་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་རྒྱ་ཆེ་ཞིང་འཆད་རྩོད་རྩོམ་པ་ལ་མཁས་པ་ཆོད་པ་དང་མི་ཆོད་པ་ཡི་གེ་འདྲི་ཀློག་དེ་ལ་གཙོ་བོར་བསྟེན་ཞིང་རག་ལུས་པར་སྣང་བའི་ཕྱིར། དེ་ལྟར་ཡང༌། སུམ་ཅུ་པ་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། ཞེས་དང༌། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །ཅེས་གསུངས་སོ། །དེ་ལྟར་ཡི་གེ་འདྲི་ཀློག་མཁས་པར་གྱུར་ནས་སྨན་དཔྱད་ལ་མཁས་པར་བྱེད་པ་དེའི་རྐྱེན་དུ་སློབ་དཔོན་རྣམ་དག་བསྟེན་དགོས་ཏེ། དེ་ལའང་སློབ་དཔོན་གྱི་མཚན་ཉིད་དང༌། བསྟེན་པའི་ཐབས་དང་བསྟེན་པའི་དགོས་པ་གསུམ་ལས། དང་པོ་སློབ་དཔོན་གྱི་མཚན་ཉིད་ནི་ཤེས་བྱ་རིག་པའི་གཞུང་ལུགས་སྤྱི་དང༌། ཕྱི་ནང་འཕགས་བོད་ཙི་ན་སོགས་ཀྱི་གསོ་བ་རིག་པ་རྒྱུད་གཞུང་རྒྱ་ཆེ་བར་མཐོང་ཞིང་དེའི་ཚིག་དོན་ལ་མཁས་པ་དང༌། སྣ་གཅིག་མ་ཡིན་མན་ངག་གི་རིགས་གང་མང་དང་ལྡན་ཞིང་སེར་སྣ་མེད་པ་དང༌། ངང་རྒྱུད་རིང་ཞིང་གསོག་དང་གསོབ་སྟེ་གཡོ་སྒྱུ་དང་ཟོལ་ཟོག་ཆུང་བ། ནད་པ་དང་སློབ་མ་ལ་བརྩེ་ཞིང་རིགས་མཐོ་བ་ལ་སོགས་པ་སྒོ་དུ་མ་འཛོམ་ན་སྨོས་མི་དགོས། གཙོ་བོ་ཡོན་ཏན་གྱི་སྒོ་ནས་རང་གིས་བཀུར་བར་འོས་པ་འདི་ཉིད་བསྟེན་པར་བྱ་བ་དང༌། མཚན་ཉིད་དེ་དང་ལྡན་པའི་སློབ་དཔོན་རྙེད་ནས་བསྟེན་པའི་ཐབས་ནི། དེས་བསླབས་པའི་རིག་པ་གཞུང་ལུགས་ལ་སོགས་པར་ཡིན་ནམ། མིན་ནམ་སྙམ་པའི་ཡིད་གཉིས་ཀྱི་དོགས་པ་ཡེ་མེད་པར་གང་བསླབས་པ་དེ་ཉིད་དུ་བློ་རྩེ་གཅིག་ཏུ་གཏད་ལ། ངོ་ལྐོག་ཁྱད་མེད་པའི་སློབ་དཔོན་གྱི་བྱ་བ་དེ་གང་ཡིན་པ་དེའི་གསུང་བཞིན་དུ་བསྒྲུབ་པར་བྱ། དཔྱོད་པ་རྣམ་ཐར་ཐམས་ཅད་ཀྱང་དེའི་དགོངས་པའི་ཡུལ་དང་བསྟུན་ཞིང༌། བློ་སྐྱེད་ཅུང་ཟད་རེ་ལས་མ་བྱུང་ཡང་དེའི་དྲིན་ཁོ་ན་ཉིད་དུ་ཚོར་བར་བྱས་ནས་དུས་རྒྱུན་དུ་ངང་བསྲིང་བར་བྱ་དགོས་སོ། །དེ་ལྟར་བྱས་པའི་དགོས་པ་ནི། སྨན་དཔྱད་ཀྱི་གཞུང་ལུགས་སོགས་ཤེས་རབ་དང་བརྩོན་པས་མྱུར་དུ་ལོབས་ཤིང་བྱང་ཆུབ་པ་དང་མཁས་པར་འགྱུར་བ་ཡིན་ནོ། །སློབ་དཔོན་བསྟེན་པ་ཙམ་དུ་མ་ཟད་གྲོགས་མཆེད་རྣམས་ལའང་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་འདི་ལྟར་བྱ་སྟེ། འགའ་ཞིག་ལ་གཞུང་འདིའི་སྐབས་སུ་ཅི་ཞེས་ཞུ་བ་དང༌། ལ་ལ་ལ་འདི་དང་འདི་ཅི་ཞེས་འདྲི་བ་དང༌། དཔེ་དང་སློབ་དཔོན་སོགས་ཀྱི་ངག་ལས་བཟུང་བ་དང༌། དེ་རྣམས་ཀྱི་དོན་བསམས་པ་རྣམས་ལ་ལེ་ལོ་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་དེ་ཉིད་བསམ་པ་ལ་བར་དུ་གཅོད་པའི་དགྲ་བོ་དངོས་ཡིན་པའི་ཕྱིར་ན་རྣམ་པ་ཐམས་ཅད་དུ་བརྩོན་འགྲུས་དྲག་ཏུ་བརྩམ་པར་བྱའོ། །དེ་ལྟར་ཡི་གེ་འདྲི་ཀློག་དང་སློབ་དཔོན་བསྟེན་པ་དང་གྲོགས་ལ་བརྩོན་པ་ལྷུར་བླངས་པས་མཁས་པར་གྱུར་པས་གོམས་པ་དང་མཐར་དབྱུང་བ་ལ་ལེགས་པར་བཤད་པའི་ཆ་ཤས་འདུག་ན་མཆོག་དམན་སུ་ལ་འདུག་པ་མཐོང་ཐོས་ཀྱང་ཐབས་ཀྱིས་ཞུ་ཞིང་ཉམས་སུ་བླངས་བ་སྟེ། དེ་ལྟར་བྱས་པར་ཚིག་དོན་ཐམས་ཅད་ཡིད་ལ་ཞེན་ཞིང་འདྲིས་པས་ཐེ་ཚོམ་སྤོང་བར་བྱེད་དེ་གདེངས་དང་ལྡན་པར་འགྱུར་རོ།།
རང་གི་བྱ་བ་ལ་བརྩོན་པར་བྱས་པས་མཁས་པར་གྱུར་ནས་ད་ནི་གཞན་གྱི་བྱ་བ་ལ་བརྩོན་པར་བྱའོ། །དེའང་འདི་སྐབས་ཀྱི་གཞན་ཞེས་བྱ་བ་ནི་ནད་པ་སྟེ། དེའི་དོན་ལན་ཅིག་ཙམ་ལས་ཤི་གསོན་ཐག་མ་ཆོད་ཀྱི་བར་དུ་ཕྱི་བཤོལ་དང་བྱ་བ་གཞན་གྱིས་བར་དུ་མ་ཆོད་པར་རྩེ་གཅིག་ཏུ་བསྒྲིམ་པར་བྱ་དགོས་ཏེ། དཔེར་ན་གྱང་མཐོན་པོ་ཕྲ་ལ་རིང་བའི་ཐོག་ཏུ་མར་ཁུས་གང་བའི་ཕོར་པ་ཁུར་ནས་འགྲོ་བ་ལ་མར་བོ་ན་གསོད་པར་གདོན་མི་ཟའོ་ཞེས་བསྒྲགས་པའམ། བསྡིགས་ན་བསྒྲིམས་ཏེ་འགྲོ་བ་བཞིན་དུ་ནད་ཀྱི་ཚོད་ལས་དཔགས་པའི་སྨན་དཔྱད་དུས་དུས་ལས་མ་འགྱངས་པར་བརྩོན་པས་སྒྲིམས་ཤིག་ཅེས་སོ།།
རྒྱུ་ཐ་མ་མིའི་ཆོས་ལུགས་ལ་མཁས་པར་བྱ་བ་ནི་འདི་ལྟ་སྟེ། འཇིག་རྟེན་མི་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དམ་པ་ལྷ་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དེ་གཉིས་ཐུན་མོང་དུ་སྤྱད་པ་གསུམ་མོ། །དང་པོ་འཇིག་རྟེན་མི་ཆོས་དང་མཐུན་པར་སྤྱད་པ་དེ་ལ་ཐོག་མར་མཁས་པར་བསླབ་པ་དང༌། ཕན་གདགས་བྱའི་ཡུལ་དུ་གྱུར་པ་འགའ་ཞིག་ལ་ལུས་ངག་གཉེན་གྱི་སྒོ་ནས་བཙའ་བ་དེ་མགུ་བ་བསྐྱེད་པ་དང༌། ལ་ལ་ནི་རྒྱུད་གྱོང་པོའི་ཚུལ་དག་གིས་འདུལ་བ་གང་ལ་གང་འཚམ་པ་གསུམ་དང་ལྡན་ན་འདོད་པ་འགྲུབ་པར་འགྱུར་ཞིང༌། དེ་བཞིན་དུ་དམ་པའི་ཆོས་ལུགས་ལའང་སྣ་དུལ་ཏེ་ཤེས་རྒྱུད་དུལ་བ་དང་འགྲོགས་པ་བདེ་བ་དང་འདོད་པ་ལ་ཆོག་ཤེས་པར་གྱུར་ན་རང་གཞན་ཐམས་ཅད་ལ་ཕན་ཐོགས་པར་འགྱུར་ལ། དེ་གཉིས་ཀ་ཐུན་མོང་དུ་གྱུར་པ་ནི་ནད་ཀྱིས་ཉམ་ཐག་པ་རྣམས་དང༌། དབུལ་ཞིང་ཕོངས་པ་རྣམས་ལ་ལྷག་པར་སྙིང་བརྩེ་བས་གཙང་དམེ་མེད་པར་རྗེས་སུ་བཟུང་བའི་ཚེ་ན་འདི་ནི་སྨན་པ་བྱང་ཆུབ་སེམས་དཔའོ་ཞེས་བླ་དཔོན་མཐོན་པོ་རྣམས་ཀྱིས་རང་གི་མདོ་དོན་མཁོ་དགུ་སྒྲུབ་པར་འགྱུར་རོ། །དེ་ལྟར་ན་བློ་དང་ལྡན་པ་ལ་སོགས་པ་སྨན་པ་མཁས་པ་རྒྱུའི་ཚོགས་པ་དྲུག་དང་ལྡན་ན་ཚེ་འདིར་སྙན་གྲགས་དང་འདོད་ཡོན་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འོག་ནས་འབྱུང་བ་ལྟར་འགྲུབ་པར་ཐེ་ཚོམ་དང་སོམ་ཉི་མེད་པ་ཡིན་ནོ། །འདུལ་བ་གཞི་བམ་པོ་དྲུག་ཅུ་རྩ་གཉིས་པ་ལས། བཞི་གང་དག་ཅེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་འབྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འདི་ལྟ་བུ་དང༌། འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་འདི་ནི་རླུང་གིས་ཀུན་ནས་བསླང་བའམ། མཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ། འདུས་པ་ལས་གྱུར་པའོ་ཞེས་དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ། །ནད་འབྱུང་བ་སྤོང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་མིག་སྨན་ནམ། བསྐུ་མཉེའམ། སྐྱུག་སྨན་ནམ། བཀྲུ་སྨན་ནམ། སྣར་བླུགས་པའམ། དུ་བས་བདུགས་པའམ། ནད་རྩི་ལས་ཀྱིས་སྤོང་བར་འགྱུར་རོ་ཞེས་དེ་ལྟར་ནད་འབྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ། །ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང༌། འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་ཞེས་དེ་ལྟར་ན་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན། རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ་ཞེས་པ་ལྟར།
སྨན་པ་གང་ཞིག་ཉེས་པ་གསུམ་དང་གནོད་བྱ་བཅུ་དང་གཉེན་པོ་སྨན་དཔྱད་ཀྱི་མཚན་ཉིད་མཐའ་དག་རྣམས་དབང་པོ་རབ་འབྲིང་ཅི་རིགས་འཐད་པའི་ཚུལ་གྱིས་ཁོང་དུ་ཆུད་པའི་ཤེས་པ་དེ་ཉིད་སྨན་པའི་ངོ་བོ་ཡིན་པར་འདོད་དོ།།
སྨན་པ་ཞེས་པའི་ངེས་ཚིག་ནི་ནད་ཀྱི་ཟུག་རྔུ་ལས་གསོ་ཞིང་ལུས་ལ་ཕན་འདོགས་པའི་ཕྱིར་སྨན་དང༌། ནད་ཚབས་ཆེན་པོའི་སྟེང་དུ་ཐུར་མ་དང་འདྲལ་གཅོད་ཀྱི་དཔྱད་བྱེད་པའི་ཚེ་དཔའ་ཞིང་མི་ཞུམ་པས་ན་སྨན་པ་ཞེས་པ་དང༌། ཡང་ན་འགྲོ་བ་རྣམས་ལ་ཕ་ལྟར་སྐྱོབ་པས་སྨན་པ། གཞན་ཡང་རྒྱལ་པོ་རྣམས་ནི་འཇིག་རྟེན་ཀུན་གྱི་ལྷ་ཡིན་ཞིང༌། དེ་རྣམས་ཀྱིས་ཀྱང་རྗེ་རུ་འཁུར་བར་བྱེད་པས་ན་ལྷ་རྗེ་ཞེས་ཀྱང་བྱ་སྟེ་རྣམ་གྲངས་སོ། །ཡང་ན་སྨན་ནི་ཕན་པ་ཡིན་ལ། འདི་ཕན་པར་བྱེད་པ་པོ་ཡིན་པས་སམ། སྨན་ཞེས་པ་ལ་བདག་པོའི་སྒྲ་སྦྱར་བས་སྨན་པ་ཞེས་པ་སྟེ། དཔེར་ན་ཚོང་བྱེད་པ་པོ་ལ་ཚོང་པ་ཞེས་ཟེར་བ་བཞིན་ནོ།།
སྨན་པའི་དབྱེ་བ་ནི་སྨན་པ་བླ་ན་མེད་པ་དང༌། ཁྱད་པར་ཅན་དང་ཕལ་པ་གསུམ་དུ་ཡོད་པ་ཡིན་ཏེ། དེའང་གང་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དེའི་རྒྱུ་མ་རིག་པ་དང་འབྲས་བུ་རླུང་མཁྲིས་བད་ཀན་གྱི་ནད་རྣམས་སེལ་བའི་སྨན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་གོང་ན་སྨན་པ་གཞན་མེད་ཅེས་པའི་དོན་དང༌། གོང་དང་བླ་གཉིས་ཨུཏྟ་རའི་སྒྲ་ལས་དྲངས་ཏེ་དོན་གཅིག་པས་སོ། །འདི་ནི་སྒྱུ་འཕྲུལ་དྲ་བར། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པའི་དོན་དང་མཚུངས་པ་འོ། །ཁྱད་པར་ཅན་གྱི་སྨན་པ་ནི་གཞན་རྒྱུད་རིག་པའི་མངོན་པར་ཤེས་པ་དང་བྱམས་པ་དང་སྙིང་རྗེ་ཚད་མེད་པ་དང་ལྡན་པས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་བདེ་བ་ལ་སྦྱོར་ཞིང་རང་རྒྱུད་དྲང་པོར་སྲོང་བ་སྟེ། འདི་ནི་ཙ་ར་ཀར། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང༌། །མངོན་ཤེས་ལྔ་དང་ལྡན་འགྱུར་ཞིང༌། །རིག་པའི་གནས་མཆོག་བཅོ་བརྒྱད་ཤེས། །ཞེས་པ་དང་མཐུན་ནོ། །ཕལ་པའི་སྨན་པ་གཉིས་ལས་དང་པོ་ལ་དོན་དང་མཐུན་པའི་ཆོས་རྒྱལ་རིགས་གསུམ་མགོན་པོའི་སྤྲུལ་པ་རྣམས་ཀྱི་བླའི་སྨན་པར་གནང་བ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པ་དང༌། རྒྱལ་པོའི་བླ་སྨན་གྱི་རིགས་མ་ཡིན་ཡང་དེ་དག་གི་རྗེས་སུ་ཞུགས་ནས་གཞུང་ལུགས་ལ་ལེགས་པར་སྦྱངས་པའི་སྨན་པ་དང༌། གཞུང་ལུགས་ལ་སྦྱངས་པའི་ཡོན་ཏན་རྒྱ་ཆེན་པོ་དང་མི་ལྡན་ཀྱང༌། སློབ་དཔོན་གྱི་ཕྱག་ལེན་མཐོང་བ་བརྒྱུད་པའི་ལས་ལ་གོམས་པའི་སྨན་པ་དང་རྣམ་པ་གསུམ་པོ་ནི་འགྲོ་བ་རྣམས་ཀྱི་སྲོག་གི་གཉེན་པོ་ཡིན་ལ་ཅི་ཡང་མི་ཤེས་ཀྱང་ལྟོ་གོས་ཀྱི་འདོད་པས་འཕྲལ་དུ་སྨན་པའི་ཆ་ལུགས་བཟུང་བ་ནི་སྲོག་གི་གཤེད་མ་ཡིན་པས་སྨན་པ་ཞེས་མིང་ཙམ་དུ་ཟད་དོ། །འོན་ཀྱང་དབྱེ་བ་འདིའི་སྐབས་སུ་གནང་རིགས་རྗེས་སྦྱངས་ལས་གོམས་ཀྱི་སྨན་པ་གསུམ་མཆོག་དང༌། ཕྱི་མ་ལ་ཐ་མ་ཞེས་ཡོངས་སུ་གྲགས་པ་སྟེ། འཇིག་རྟེན་ཉིད་གཙོ་བོར་བྱས་པའི་དབྱེ་བའི་དབང་གིས་ཡིན་ནོ། །འདིར་མཁས་པར་གྲགས་པ་དག་གི་གནང་རིགས་རྗེས་སྦྱངས་ལས་གོམས་གྱི་སྨན་པ་གསུམ་ཡང་ཁྱད་པར་ཅན་དུ་འདྲེན་པ་ནི་རྣམ་པར་འཁྱམས་པའོ། །རྗེ་རིགས་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་གདུང་བཙུན་ལ་དོན་དང་དོན་མ་ཡིན་པ་སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཞིང་དམ་ཚིག་ལ་རྟག་ཏུ་གནས་པ། གཞུང་ལུགས་མདོ་རྒྱས་ཀྱི་ཚིག་དོན་ལ་མཁས་ཤིང་མན་ངག་ཟབ་མོ་གནད་དུ་ཁེལ་ངེས་ཤེས་པར་བརྡེག་པ། ལག་ལེན་མཐའ་དག་རབ་ཏུ་གོམས་པ་ཐོབ་ཅིང་གཙོ་བོར་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་པས་ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་པའི་འདོད་པ་སྤངས་པ། སྒོ་གསུམ་དུལ་ཞིང་ལུས་ངག་ཡིད་ཀྱི་བཟོ་མཁས་ལ་འགྲོ་བ་རྣམས་ལ་སྙིང་རྗེ་དང་བྱམས་སེམས་ལྷག་པར་ཆེ་བ་དང༌། དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་ནད་པ་ལ་སོགས་པ་གཞན་གྱི་དོན་ལ་རང་དོན་ལས་ཀྱང་གཅེས་པར་སེམས་པ། གསོ་དཔྱད་ཀྱི་གཞུང་ལུགས་མཐའ་དག་གི་ཚིག་དོན་ཀུན་ལ་རྨོངས་པ་མེད་པ་སྟེ། དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི་སྨན་པར་ཁས་འཆེ་བ་ཐམས་ཅད་ཀྱི་མཆོག་དམ་པ་དང༌། འགྲོ་བ་ནད་ཀྱིས་ཉམ་ཐག་པ་རྣམས་ཀྱི་མགོན་སྐྱབས་གཅིག་པུ་བ་དང༌། སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་ཀྱི་བརྒྱུད་པ་འཛིན་པའི་སྲས་པོ་དང་འཚོ་མཛད་སྨན་པའི་རྒྱལ་པོ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྤྲུལ་པ་ཡིན་པར་བདག་རིག་པའི་ཡེ་ཤེས་ཀྱིས་བཤད་པ་ཡིན་ནོ།།
བཤད་མ་ཐག་པའི་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་པའི་སྨན་པ་ཐ་མའི་སྐྱོན་ནི་འདི་ལྟར་མཐོང་སྟེ། རིགས་རྒྱུད་བཟང་པོ་མེད་པ་གདོལ་པ་དང་སྨྱིག་མ་མཁན་དང་ཡ་བཤན་ལ་སོགས་པ་རིགས་ངན་གྱིས་བྱས་པའི་སྨན་པ་དེ་ནི་ཝས་སེང་གེའི་རྒྱལ་ས་བཟུང་བ་ལྟར་ཀུན་གྱིས་སྤྱི་བོར་བཀུར་བར་མི་འགྱུར་རོ། །དེ་བཞིན་དུ་སྨན་དཔྱད་ཀྱི་གཞུང་དོན་མི་ཤེས་པའི་སྨན་པ་དེ་ནི་ནད་པར་བལྟ་བའི་ཚེ་དམུས་ལོང་དག་ལ་གསེར་ལ་སོགས་པའི་རྫས་བསྟན་པ་བཞིན་དུ་ནད་རིགས་གང་ཡིན་མི་ཤེས་ཤིང་དེ་ལ་བཅོས་ཐབས་གང་བྱེད་ཀྱང་ཤན་མི་ཕྱེད་དོ། །སློབ་དཔོན་གྱི་ཕྱག་ལེན་མཐོང་ཞིང་གོམས་འདྲིས་མེད་པའི་སྨན་པ་དེ་ནི་རྒྱུས་མེད་ལམ་དུ་ཞུགས་པ་བཞིན་དུ་ནད་རྟགས་འདི་ཇི་ལྟ་བུ་དང་དཔྱད་འདི་ལ་ཇི་ལྟར་བྱ་སྙམ་ཞིང་ཐེ་ཚོམ་དུ་འགྱུར་རོ། །ཡང་བལྟ་རེག་དྲི་བ་ལ་སོགས་པའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་གཉེན་བཤེས་མེད་པའི་ཕྱིས་ཡུལ་མཐའ་འཁོབ་ཀྱི་གནས་སུ་འཁྱམས་པ་ལ་ངོ་ཤེས་སུ་ཡང་མེད་པ་དང་འདྲ་བར་ནད་ངོ་ཤེས་པ་གཅིག་ཀྱང་མི་འབྱུང་ངོ༌། །ཁྱད་པར་དུ་རྩ་ཆུའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་བྱ་པས་བྱ་གཏོང་མི་ཤེས་པ་དང་འདྲ་སྟེ། །འདི་ཚ་བའོ་འདི་གྲང་བའོ་ཞེས་པའི་ནད་ཀྱི་སྐད་ཆ་སོ་སོར་མི་སྟེར་རོ། །དེ་དང་མཚུངས་པར་འཚོ་བ་དཀའ་སླ་ལ་སོགས་པའི་ཁ་དམར་གྱི་སྐབས་མི་ཤེས་པའི་སྨན་པ་དེ་ནི་ཡུལ་གྱི་གཙོ་བོས་སྨྲ་བ་མི་ཤེས་པ་དང་འདྲ་སྟེ། མང་པོའི་མདུན་དུ་རང་སྐྱེངས་ཤིང་གྲགས་པ་ངན་པ་ཕོག་པར་འགྱུར་རོ། །ཡང་ན་ངོ་ཤེས་ཀྱང་བཅོས་ཚུལ་མི་ཤེས་པའི་སྨན་པ་དེ་ནི་མུན་ཁུང་གི་འབེམ་ལ་མདའ་བརྡེག་པ་དང་འདྲ་སྟེ་གཉེན་པོའི་སྨན་དཔྱད་ནད་ཐོག་ཏུ་འབབ་པར་མི་འགྱུར་རོ། །ཟས་སྤྱོད་མི་ཤེས་པའི་སྨན་པ་དེ་ནི་རང་གི་སྲིད་དགྲ་ཕྱོགས་ལ་ལོག་པ་དང་འདྲ་སྟེ་ནད་ཀྱི་སྟོབས་བསྐྱེད་པའི་གྲོགས་བྱས་ནས་ལུས་ཟུངས་འཇོམས་པར་བྱེད་དོ། །ཐང་ལ་སོགས་པ་ཞི་བྱེད་ཀྱི་སྦྱོར་བ་མི་ཤེས་པའི་སྨན་པ་དེ་ནི། སོ་ནམ་མི་ཤེས་པའི་ཞིང་པས་ལོ་ཉེས་འཕྲལ་དུ་བཟོ་བ་དང་འདྲ་བར་དམན་ལྷག་ལོག་པར་སྦྱར་བས་སླར་ཡང་ནད་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་བཤལ་ལ་སོགས་པའི་སྦྱོང་བྱེད་མི་ཤེས་པའི་སྨན་པ་དེ་ནི་བྱེ་མའི་རི་ལ་ཆུ་འབེབས་པར་བྱེད་ན་ཆུ་དང་བྱེ་མ་གཉིས་ཀ་མེད་པ་དང་འདྲ་བར་ནད་དང་ལུས་ཟུངས་སོ་སོར་མ་རུངས་པར་བྱེད་དོ། །ཡང་གཙགས་བུ་ལ་སོགས་པའི་མཁོ་བའི་ཆ་བྱད་དང་སྨན་འཛོམ་པ་མེད་པའི་སྨན་པ་དེ་ནི་གོ་ཆ་དང་མཚོན་ཆ་མེད་པའི་དཔའ་བོ་དང་འདྲ་སྟེ་ནད་ཀྱི་དགྲ་དཔུང་ཆོམས་པར་མི་འགྱུར་རོ། །དེ་བཞིན་དུ་ཆ་བྱད་ཡོད་ཀྱང་གཏར་བསྲེག་མི་ཤེས་པའི་སྨན་པ་དེ་ནི་ནང་ཡན་མེད་པའི་རྐུན་མོ་བྱེད་པ་དང་འདྲ་སྟེ་ནད་དང་དཔྱད་གཉིས་ཕན་ཚུན་དུ་མི་ཕྲད་པར་འཛོལ་བར་འགྱུར་རོ། །རྒྱུ་མཚན་བཅུ་གཉིས་པོ་དེ་རྣམས་ཀྱི་ཕྱིར་སྨན་པ་ངན་པ་དེས་ནི་ནད་ལྕི་བ་དང་ཡང་བ་ལོག་པར་རྟོག་པའི་སྐྱོན་གྱིས་དེའི་གསོ་བ་ཡང་ལོག་པ་དག་ཏུ་འགྱུར་བ་དེས་ན་འཆི་བདག་གི་བདུད་ཉིད་སྨན་པའམ་ལྷ་རྗེ་ཞེས་པའི་ཆ་བྱད་དུ་བྱས་ཤིང་གཤིན་རྗེའི་ཞགས་པ་ཐོགས་ནས་རྒྱུ་བར་བྱེད་པས་ན་སྲོག་གི་མཁར་པོ་གཡེང་བར་བྱེད་པའི་གཟུ་བ་དངོས་ཡིན་པའི་ཕྱིར་དེའི་ཕྱོགས་དང་འབྲེལ་བ་ཙམ་ཡང་མི་བྱ་སྟེ་འཁོར་དང་བཅས་པ་རྣམས་ཕུང་བར་བྱེད་པས་སོ།།
གང་ཞིག་སྨན་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་ལས་ལ་ཐུན་མོང་བའི་ལས་དང་ཁྱད་པར་གྱི་ལས་ཏེ་རྣམ་པ་གཉིས་སོ། །སྨན་པའི་ལས་རྣམ་པ་གཉིས་ཀྱི་ནང་ནས་དང་པོ་ཐུན་མོང་བའི་ལས་དེ་ལའང་ལུས་ངག་ཡིད་ཀྱིས་ཕྱེ་བའི་བྱ་བའི་ལས་རྣམ་པ་གསུམ་ལས་དང་པོ་ལུས་ཀྱི་ལས་སུ་སྨན་དང་ཆ་བྱད་ཀྱི་རིགས་རྣམས་མཐའ་དག་ཚོགས་པར་བསགས་ཤིང༌། ནད་པའི་དོན་དུ་བརྩམས་པར་འོས་པའི་བྱ་བ་གང་ཡིན་པ་དེ་ཉིད་དོན་དུ་གཉེར་བར་བྱ་བ་དེ་བཞིན་དུ་ངག་གི་ལས་ནི་འཚོ་འཆི་ནད་སྟོབས་ཆེ་ཆུང་ལ་སོགས་པ་དགེ་མི་དགེའི་ཁ་དམར་གདགས་པ་སྟེ། དེའང་ནད་གང་ཡིན་པ་དེ་ཉིད་ཚུལ་བཞིན་དུ་རྟོགས་ན་ཁྲོམ་དུ་དུང་འབུད་པ་ལྟ་བུར་ཀུན་གྱིས་རྟོགས་པའི་ཁ་དམར་གདགས་ཏེ་འཚོ་བའི་ནད་རིགས་ཡིན་ན་སྐྱོན་མེད་པར་ཁས་བླངས་པའམ། མིན་ན་འདི་ཙམ་ནས་འཆི་བར་འདུག་ཅེས་པའི་དུས་བཏབ་པ་གཅེས་ཤིང༌། ནད་ཇི་ལྟ་བ་ཉམས་སུ་མ་ལོངས་ན་སྦྲུལ་ལ་ལྕེ་གཉིས་ཡོད་པ་བཞིན་ཁ་དམར་ཡང་མི་འདྲ་བ་གཉིས་ལྟ་བུར་གདགས་དགོས་ཏེ། བཟང་ངན་གཉིས་ཀྱི་ཚིག་ལ་ཞོན་ནས་རིམ་པས་བབས་གང་དང་གང་མཐུན་པ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་བཟང་བ་ཡིན་པས་དེའི་སྟེང་དུ་བྲོས་པར་བྱའོ། །ཡང་ན་ནད་པ་དང་སྨན་པ་ཕན་ཚུན་མཐུན་པར་སྣང་བ་གསལ་གདབ་ཅིང་བཤད་པ་དང༌། སྨན་པའི་བློས་ཆོད་ཀྱང་ཡུལ་ནད་པ་དང་བསྟུན་པ་དང༌། བཟང་ངན་གང་ཡང་སྲིད་པའི་སྒོ་མི་བགག་པར་རྫོང་ལ་འབྲོས་པ་སྟེ་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་བྱའོ། །དེ་ལའང་དང་པོ་ནད་པ་རང་ཉིད་ཀྱིས་དོགས་ནས་ནད་འདི་ཡིན་ནམ་སྙམ་ཞེས་སྨྲས་པ་དང་སྨན་པས་རྟོགས་པའི་ནད་དེ་གཅིག་པར་གཉིས་ཀ་མཐུན་ན་དེ་ཉིད་ཁོ་ན་ཡིན་ཚུལ་གསལ་པོར་བརྗོད་པར་བྱ་ཞིང༌། གཉིས་པ་ཡུལ་དང་བསྟུན་པ་ལ་ནད་པས་རང་གི་ནད་དེ་དུག་ཡིན་དུ་དོགས་ནས་སྨྲས་པ་ལ་སྨན་པས་གཞན་དུ་བཟུང་ནས་དུག་མིན་ཞེས་བརྗོད་ན་ཐོག་ཏུ་མ་བྱུང་བས་མི་མཁས་ཞེས་ཟེར་བ་སྲིད་པའི་ཕྱིར་ན་ནད་པའི་བློ་དང་བསྟུན་ནས་ནད་པས་དོགས་པའི་ནད་དེ་ཡིན་པར་བློས་བརྟགས་ནས་དོན་དུ་ནད་གང་ཡིན་པ་དེའི་བཅོས་ལུགས་བྱའོ། །གསུམ་པ་རྫོང་ལ་འབྲོས་པ་ནི། ནད་པ་དེ་འཚོ་བ་དང་འཆི་བ་སོགས་ཉེན་ཆེ་ཉེན་ཆུང་ཇི་ལྟར་སྣང་བ་རྣམས་ཀྱང་སྨན་པ་དང་ནད་པ་གཉིས་ཀའི་ཀླུང་རྟ་ལས་དབང་བསོད་ནམས་ཀྱི་ཤུགས་དང་རྐྱེན་དབང་གིས་ཇི་འདྲ་འཆི་ལ་ཇི་འདྲ་འཚོ་བ་སྟེ་ངེས་པ་ནམ་ཡང་མེད་པའི་ཕྱིར་ན་ཁ་དམར་ཧ་ཅང་གསལ་བ་རྟབ་རྟབ་ལ་སྨྲར་མི་བཏུབ་སྟེ། ཉེན་ཆེ་བའི་རྣམ་པར་ཡོད་ཀྱང་གསོ་རུང་ཡོད་པ་ལྟར་སྨྲ་ཞིང༌། དེ་བཞིན་དུ་ཉེན་ཆུང་བར་ཚོར་ཡང་འབད་པས་བྱ་ར་དགོས་པར་སྨྲ་ཞིང་གསོ་བར་བྱའོ། །དེ་བས་ན་ལར་ཡང་མི་ཆོས་འཇིག་རྟེན་པ་མཐའ་དག་དང་བསྟུན་ཞིང་ཡིད་ཀྱི་ལས་ནི་བྱ་བ་གང་དང་གང་གི་སྐབས་སུ་ཡང་མ་འཁྲུལ་བར་བརྩོན་འགྲུས་དང་ལྡན་པས་ཡང་ཡང་བསམ་ཞིང་གཞིགས་ལ་འཇུག་པ་དེ་ལྟར་བྱ་དགོས་སོ།།
སྨན་པས་ཁྱད་པར་དུ་སྤྱད་པར་བྱ་བའི་ལས་ནི་ལྟ་བ་དང་སྒོམ་པ་དང་སྤྱོད་པ་གསུམ་ཉམས་སུ་བླང་བར་བྱའོ། །དེ་ལྟར་ལྟ་སྒོམ་ཞེས་པར་སྤྲོ་ན་བསམ་ལས་འདས་ཤིང་ནང་དོན་རིག་པ་དང་སྦྱར་བ་ནི་བཻ་ཌཱུར་དཀར་པོ་མ་བུ་སོགས་གཞན་དུ་བཤད་པ་ལས་ཤེས་པར་བྱ་ཞིང་སྐབས་འདིར་སྨན་པ་ཁོ་ན་སྟེ། ཁྱད་པར་གྱི་ལས་ལྟ་སྒོམ་སྤྱོད་གསུམ་ཡོད་པའི་ལྟ་བ་ནི་ཉམས་སུ་བླང་བར་བྱ་བའི་ཆོས་རྣམས་མ་ལུས་པ་ཀུན་ལ་དབུ་མ་སྟེ་དྲང་པོ་ཁོ་ནར་རྟོགས་པར་བྱ་སྟེ། དེའང་ནད་ངོས་འཛིན་དང་སྨན་དཔྱད་སོགས་དམན་པའི་མཐའ་དང་ལྷག་པའི་མཐའ་དང་ལོག་པའི་མཐའ་སྟེ་རྣམ་པ་གསུམ་སྤངས་པའི་ཉམས་སུ་ལེན་ཚུལ་ཡང་དག་པ་དབུས་སུ་དྲང་པོའམ་དབུ་མར་ལྟ་བ་ནི་ལྟ་བའི་ཚུལ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །སྨན་པ་རྣམས་ཀྱིས་ཉམས་སུ་བླང་བ་ཁྱད་པར་དུ་བྱ་བ་ནི་སྒོམ་པ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་ནས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག་སྙམ་དུ་ཚད་མེད་བཞིའི་ངང་དུ་གནས་པར་བྱའོ། །དེའང་ཕྱོགས་རིས་ཅན་དུ་སོང་ན་ལོག་པའི་གོལ་ས་ཡིན་པས་བྱས་པ་མི་གཟོ་བ་རྣམས་ལ་བྱམས་པ་དང༌། བསྟན་པ་དང་སེམས་ཅན་ལ་སྡང་བ་རྣམས་ལ་སྙིང་རྗེ་བ་དང༌། སྨན་པ་གཞན་གྱིས་བལྟས་པའི་ནད་པ་ཤི་བ་ལ་དགའ་བ་དང༌། ནད་པ་ཤི་གསོན་གང་ལའང་བཏང་སྙོམས་སུ་གནས་པ་སྟེ་བཞི་རུ་མ་ཤོར་བ་གཅེས་སོ། །སྨན་པ་རྣམས་ཀྱི་ཁྱད་པར་དུ་སྤྱད་པར་བྱ་བའི་སྤྱོད་པ་ནི་སྤང་བར་བྱ་བ་དང༌། བླང་བར་བྱ་བ་གཉིས་ལས་དང་པོ་ནི་སྲོག་གཅོད་པ་སོགས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤང་བར་བྱ་ཞིང༌། དེར་མ་ཟད་པའི་མ་རབས་ཀྱི་རྣམ་ཐར་སྨྱོ་སྤྱོད་དང་འཆལ་གཏམ་དང་ཐོ་ཆོ་དང་སྡིག་ལབ་ལ་སོགས་པ་ཡ་རབས་ཡོན་ཏན་ཅན་རྣམས་དང་བསྲེ་མི་རུང་བའི་ངན་སྤྱོད་རྣམས་དོར་བར་བྱའོ། །གཉིས་པ་ཉམས་སུ་བླང་བྱ་ནི་བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་རྣམས་དང་ཤུགས་ལས་བསམ་གཏན་དང་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡོངས་སུ་སྤྱད་པར་བྱ་དགོས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་བཞག་པ་རྒྱས་པར་ནི་ཚོགས་མཆོད་བཅའ་བསྒྲིགས་སོགས་གཞན་དུ་བཤད་པ་ལས་ཤེས་པར་བྱ་ཞིང་མཚོན་ཙམ་གང་ཞིག་དོན་དུ་གཉེར་བ་ལ་སེར་སྣ་མེད་པར་གཏོང་བ་ནི་སྦྱིན་པ་ཡིན་ལ་དེ་ལ་ཐ་ན་ཆོས་ཀྱི་དོན་ཤློ་ཀ་གཅིག་འཆད་པ་དང་ཉན་དུ་འཇུག་པ་སོགས་ཆོས་ཀྱི་སྦྱིན་པ་དང༌། ངན་སོང་གསུམ་དུ་སྐྱེ་འགྱུར་གྱི་གནས་ལས་ལྡོག་ཅིང་སྲོག་དང་སྡུག་བསྔལ་སྐྱོབ་པ་ནི་མི་འཇིགས་པའི་སྦྱིན་པ། དུག་དང་མཚོན་སོགས་མ་ཡིན་པའི་ནོར་ལོངས་སྤྱོད་ལ་ཕོངས་པ་མེད་པ་ཟང་ཟིང་གི་སྦྱིན་པ། སེམས་ཅན་ཐམས་ཅད་སྡུག་ཅིང་ཕོངས་པ་ལ་ལྷག་པར་དུ་བྱམས་པ་བྱམས་པའི་སྦྱིན་པ་སྟེ་བཞིའོ། །དགེ་བའི་མི་མཐུན་པའི་ཕྱོགས་སྤོང་བའི་སེམས་དེ་ཚུལ་ཁྲིམས་ཡིན་པས་དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བཅུ་སྤོང་བ་རྣམས་སྡོམ་པའི་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ལ་དགེ་བ་མ་སྐྱེས་པ་སྐྱེད་པར་བྱེད་ཅིང་སྐྱེས་པ་གོང་དུ་སྤེལ་བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཚུལ་ཁྲིམས་གཙང་མའི་སྒོ་ནས་སེམས་ཅན་གྱི་དོན་ཅི་རིགས་སུ་བསྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །གཞན་གྱི་གནོད་པ་སོགས་ལ་ཇི་མི་སྙམ་པ་ནི་བཟོད་པ་ཡིན་པས་དེ་ལ་གནོད་བྱེད་ལ་ཇི་མི་སྙམ་པ་མི་ཁྲོ་བའི་བཟོད་པ། ཆོས་ཀྱི་དོན་དུ་ངལ་དུབ་ལ་ཇི་མི་སྙམ་པ་དཀའ་སྤྱད་ཀྱི་བཟོད་པ། ནད་ལ་སོགས་པའི་སྡུག་བསྔལ་དང་ལེན་གྱི་བཟོད་པ། གནས་ལུགས་ལ་མི་སྐྲག་པར་ཟབ་མོ་ངེས་པར་སེམས་པའི་བཟོད་པ་བཞིའོ། །དགེ་བ་ལ་ཡང་དག་པར་སྤྲོ་བ་ནི་བརྩོན་འགྲུས་ཡིན་ལ། དེ་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཁུར་འཁུར་བ་གོ་ཆའི་བརྩོན་འགྲུས་དང༌། རང་གཞན་གྱི་དོན་ངོས་དྲག་ལ་ཡུན་རིང་དུ་རྩོམ་པར་སྦྱོར་བའི་བརྩོན་འགྲུས་ཏེ་གཉིས་སོ། །དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་ཡིན་པས་དེ་ལ་ལུས་སེམས་ཤིན་སྦྱངས་ཀྱི་སྒོ་ནས་བདེ་བ་ཁྱད་པར་ཅན་སྟེར་བ་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན། མངོན་ཤེས་དང་རྫུ་འཕྲུལ་སོགས་བསྒྲུབ་པ་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་བསམ་གཏན་བསམ་གཏན་གྱི་སྒོ་ནས་གཞན་དོན་ལྷུར་ལེན་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ཏེ་གསུམ་མོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ནི་ཤེས་རབ་ཡིན་པས་དེ་ལ་གཙོ་བོར་ཆོས་ཀྱི་མིང་ལ་དམིགས་པ་ཐོབ་པའི་ཤེས་རབ་མིང་དོན་མཉམ་དུ་དམིགས་པ་བསམ་པའི་ཤེས་རབ། དོན་ལ་གཙོ་བོར་དམིགས་པ་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ་གསུམ་མོ་ཞེས་སོགས་རྒྱ་ཆེར་བཤད་པ་ལྟར་རོ།།
བཤད་ཟིན་པའི་རིམ་པ་རྒྱུ་དང་ངོ་བོ་ལ་སོགས་པ་ཡོངས་སུ་རྫོགས་པའི་སྨན་པ་དེའི་འབྲས་བུ་ནི་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་རྣམ་པ་གཉིས་སོ། །སྨན་པའི་འབྲས་བུ་གཉིས་ཀྱི་ནང་ནས་གནས་སྐབས་ཀྱི་འབྲས་བུ་ནི། ཚེ་འདིར་སྐྱིད་པ་དང་ཀུན་གྱིས་བཀུར་ཞིང་དབང་ཕྱུག་དང་ལོངས་སྤྱོད་དགའ་བ་དེའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །དེ་དག་ཀྱང་ཉེ་བར་སྒྲུབ་པར་བྱེད་པའི་ཐབས་ནི་སྨན་དེ་ཕན་པར་བྱེད་པ་ཡིན་པས་ན་དེ་ལ་ཡང་རང་གི་ཡོན་ཏན་རྣམས་སྦ་གསང་མེད་པར་མི་ལ་འཕྱར་ཏེ་ཀུན་གྱིས་གོ་བར་བྱས་ལ་འཚེ་ཞིང་གནོད་པར་བྱེད་པའི་མི་རྣམས་ལ་འང་རང་གི་སྤུན་བཞིན་དུ་བག་ཕབ་ལ་ཤེས་རྒྱུད་ཅི་ལྟ་བུ་བརྟག་ཅིང་ཚོད་བླང་བའི་སྒོ་ནས་གཞན་གྱི་སྤྱོད་པ་དང་བསྟུན་ལ་མི་ཆོས་ཤིན་ཏུ་མཁས་པའི་ཚུལ་གྱིས་བཅོས་ན་རྒྱུ་དེ་རྣམས་ཀྱིས་རང་གི་བསོད་ནམས་དང་སྙན་པའི་གྲགས་པ་ཐོབ་པར་འགྱུར་ཞིང༌། ཇི་ལྟར་འདོད་པའི་ཟས་དང་ལོངས་སྤྱོད་ནི་ཤུགས་ལས་འབྱུང་བར་འགྱུར་རོ། །སྨན་པས་འདིའི་དུས་སུ་ཁེངས་པ་དང་བརྐམ་ཆགས་མི་བྱ་བར་བག་དང་ལྡན་པའི་སྒོ་ནས་ཡོན་ཏན་བཙའ་ཞེས་པ་ཅང་ཤེས་པར་བྱ་བའི་དོན་ཏེ། ཡོན་ཏན་ཆུད་མི་གསོན་ཞེས་པའོ། །གཞན་ཡང་ནད་པ་ལ་རང་ཉིད་བྲིན་ཞིང་མཁོ་བའི་དུས་སུ་ཟས་ནོར་ལ་སོགས་པའི་གཏང་རག་ཇི་ལྟར་འཚམ་པ་དགོས་ཞེས་ངག་གི་གཤེར་ཞིང་བླང་དགོས་ཏེ། དེ་ལས་འགྱངས་ནས་ནད་པ་སོས་ཟིན་པའི་སྐབས་སུ་སྨན་པའི་དྲིན་བྱས་པ་བརྗེད་ནས་ལན་ཙམ་ཡང་མི་ཁྱེར་རོ། །དེ་ལྟར་སྨན་པའི་རྒྱུ་དང་ངོ་བོ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལ་གནས་སྐབས་ཀྱི་འབྲས་བུ་དེ་ཙམ་དུ་མ་ཟད།
མཐར་ཐུག་གི་འབྲས་བུ་ཡང་གཡོ་སྒྱུ་རང་འདོད་གཙོ་བོར་བྱེད་པ་རྣམས་སྤངས་ནས་ཉམ་ཐག་པའི་འགྲོ་བ་ནད་པ་རྣམས་གསོ་བ་ལ་འཇུག་པའི་སྨན་པ་དེ་ནི་བླ་ན་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ས་ལ་མྱུར་དུ་བགྲོད་པར་འགྱུར་རོ་ཞེས་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད་ཀྱིས་བཤད་པ་ཡིན་པས་ཐར་འདོད་རྣམས་ཀྱིས་ཉམས་སུ་ལོང་ཞིག་ཅེས་གསུངས་ནས་རྣམ་པར་སྣང་མཛད་ཀྱི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་དེ་ཉིད་སྨན་པའི་རྒྱལ་པོའི་དབུའི་གཙུག་ཏུ་ཐིམ་པར་གྱུར་ཏོ། །དེ་ལྟར་ཡང་རྒྱུད་ཆུང་ལས། མཐར་ཐུག་འབྲས་བུ་རྫོགས་སངས་རྒྱས། །མཆོད་པས་མཉེས་དང་ཐོབ་པའི་རྒྱུ། །སེམས་ཅན་ཕན་པ་མཆོག་ཡིན་པར། །ང་དང་སངས་རྒྱས་ཀུན་གྱིས་བཤད། །ཅེས་དང༌། བདུད་རྩི་སྙིང་པོ་ཞེས་ལེའུ་བརྒྱ་དང་གཅིག་པ་ལས། འདིར་བསླབས་བརྟགས་དང་ཉམས་སུ་བླངས་གྱུར་པས། །ཚེ་དང་ནོར་དང་བདེ་དང་གྲགས་པ་ཐོབ། །གཡོ་སྒྱུ་འདོད་སྤངས་བྱང་ཆུབ་སེམས་དང་ལྡན། །གང་ཞིག་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་པར་འགྱུར། །ཞེས་དང༌། འདུལ་པ་ལུང་ལས། འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་རིག་པ་འདི་ཉིད་ལ་བརྟེན་ནས་བདེན་པ་མཐོང་བར་གསུངས་ཤིང༌། སློབ་དཔོན་ཞི་བ་ལྷས། སེམས་ཅན་ནད་པ་ཇི་སྙེད་པ། །ནད་སོས་གྱུར་གྱི་བར་དག་ཏུ། །སྨན་དང་སྨན་པ་ཉིད་དང་ཡང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་ནད་པ་ལ་ཕན་གདགས་པ་ལས་བསོད་ནམས་ཆེས་ཕུལ་དུ་བྱུང་བ་གཞན་མེད་པར་བཤད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྫོགས་པར་སྤྱོད་ཅིང་གཞན་དོན་ལྷུར་ལེན་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྗེས་སུ་མཐུན་པས་ལྷ་མིའི་ལུས་ལ་བརྟེན་ནས་ས་ལམ་རིམ་པས་བགྲོད་པར་འགྱུར་ཞིང༌། མཐར་རྡོ་རྗེ་ཐེག་པ་ཁོ་ན་ལ་མ་བརྟེན་པའི་འཚང་རྒྱ་བ་མེད་པས། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་གྱུར་པ་ཌཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་བས་རྡོ་རྗེ་འཛིན་པ་མ་ཧཱ་གུ་ཎ་ལ་སྩལ་བའི་སྙིང་ཐིག་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་སྨིན་གྲོལ་ལ་འབད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མཆོག་ཚེ་འདིའམ་བར་དོ་ཐ་མའང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་ཐོབ་པར་གདོན་མི་ཟ་བས་ལམ་གཞན་ལ་མ་ལྟོས་ཤིང་ལོགས་ནས་བཙལ་མི་དགོས་པའི་ཉེ་ལམ་ཀུན་དང་ཐུན་མོང་མ་ཡིན་པ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀ་འཛོམ་པའི་རིག་པ་འདི་ལ་ནན་ཏན་དུ་བྱ་དགོས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་བ་པོ་སྨན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཅེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པའི་བདག་ཉིད་ཅན་ཡང་དག་པར་བསྟན་པ་རྫོགས་སོ།། །།
སྨྲས་པ། ཚུལ་འདི་ཡིད་དུ་ངེས་དང་ཀློག་པས་ཀྱང༌། །རིག་བྱེད་སྤྱི་དང་ཁྱད་པར་འཆི་གསོས་ཀྱི། །གཞུང་དོན་དཔག་དཀའ་རྒྱ་ཆེ་སྐུ་ལྟ་བུའི། །རྒྱུད་ཆེན་ཉི་ཟླའི་སྣང་བ་ཆེས་འཕྲོག་པ། །བཤད་པའི་རྒྱུད་འདིར་ལུགས་ངན་འཁྱོག་བཤད་དང༌། །དགོངས་དོན་ལམ་བཟང་ལག་མཐིལ་ལྟར་མཉམ་པ། །ཚིག་སྙན་ནགས་ཀླུངས་འཐུག་པོས་འགགས་པ་ཀུན། །ལུང་རིགས་དཔྱད་པའི་མེ་ཡིས་དེ་བཅོམ་ཞིང༌། །དགོངས་དོན་ཟླ་བའི་བཞིན་རས་ཀྱིས་བཀྲ་བའི། །རྒྱུད་ཚིག་ལུས་ཕྲ་ལྡེམ་པའི་ལང་ཚོ་ཅན། །ལེགས་བཤད་མཛེས་མ་མགྲོན་དུ་བོས་ཟིན་གྱི། །བློ་གསལ་སྲེད་ལྡན་མཆིས་སམ་དཔྱད་བྱར་འོས། །ཞེས་སྐུ་ལྟ་བུའི་རྒྱ་ཆེ་བ་བཤད་པའི་རྒྱུད་རྫོགས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
ཨོཾ་སྭསྟི།
ཕྱག་ན་པདྨོ་ཐུབ་བསྟན་རྒྱ་མཚོ་ཡི། །ཐུགས་བསྐྱེད་མཐའ་བྲལ་ཀུན་གསལ་ཡངས་པའི་ཀློང༌། གང་འདུལ་ཕྲིན་ལས་ཉིན་བྱེད་འོད་སྣང་གིས། །བསྟན་འགྲོ་ཕན་བདེ་པདྨོ་ཅི་ཡང་འཛུམ། །བཅོམ་ལྡན་འཚོ་མཛད་སྨན་པའི་རྒྱལ་པོ་ཡི། །ཏནྟྲ་རྣམ་བཞིའི་འགྲེལ་ཆེན་བཻ་ཌཱུ་རྱ། །འཇམ་མགོན་མི་ཡི་རྣམ་རོལ་འཁོར་ལོས་སྒྱུར། །ཁྲི་སྲོང་གཉིས་པ་དེ་མོ་རྒྱལ་བས་བསྐྲུན། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ། །སྤངས་རྟོགས་རིན་ཆེན་གདེངས་ཀ་དབྱིངས་སུ་བཏེག །བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །ཞེས་འགྲོ་མགོན་པཎ་ཆེན་ྋས་སྐྱོང་བུདྡྷའི་ཞབས་ཀྱིས་མཛད་པའི་གསོ་རིག་འཕྲིན་ལས་རྣམ་བཞིའི་འགྲེལ་ཆེན་བསྟན་བཅོས་བཻ་ཌཱུརྱ་སྔོན་པོ་འདི་ཉིད་འཕྲིན་ལས་ཤིན་ཏུ་རྒྱས་པའི་དབང་གིས་ཡི་གེའི་ཚོགས་རྣམས་མི་གསལ་བར་བརྟེན་རབ་ཚེས་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་སྐབས་པར་བྱང་སྨོན་ཚིག་ཏུ་ཆོས་ཀྱི་སེང་གེས་སོ།། །།པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས།།
མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:38 AM
<< སྔ་མ།