སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2023
དཔྱད་འབུམ་ཁྲ་བོ། >>


ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ་བསྟན་པ

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །བྱ་བྱེད་སྨན་པའི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་གསུངས་(གསུང་)དུ་གསོལ། །ཞེས་ཞུས་པ་ལགས(ལས)། སྟོན་པས་གསུངས་པ།ཀྱེ་དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །དེ་ལྟར་གསོལ་(གསོ་)བར་བྱེད་པའི་གསོ་བ་པོ། །བྱ་བ་བྱེད་པ་སྨན་པའི་གནན་(གནས་)བསྟན་པ། །རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང༌། །ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན། །

རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང༌། །དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང༌། །བྱ་བ་ལ་བརྩོན་མི་ཆོས་མཁས་པ་དྲུག །དེ་ལ་དང་པོ་བློ་དང་ལྡན་པ་ནི། །བློ་ཆེ་བློ་བརྟན་བློ་གཟིགས་(གཟེག་)གསུམ་ལྡན་པས། །གསོ་དཔྱད་མདོར་རྒྱས་མ་ལུས་ཁོག་ཏུ་ཆུད། །ལག་ལེན་ཀུན་ལ་ཐོག་(ཐོགས་)རྡུགས་ཉམས་དང་(ཉམ་ང་)མེད། །རིག་པས་དཔྱོད་ཤེས་མངོན་ཤེས་ཕྲ་མོ་འཆར། །དེ་ནི་་རྒྱུ་ཡིན་(ཡི་)་ནང་ན་(ནས་)མཆོག་ཅེས་བྱས(བྱ)། །བསམ་པ་དཀར་བབྱང་ཆུབ་སེམས་དང་ལྡན། །སྦྱོར་བ་དངས་(དངོས་)གཞི་མཇུག་(འཇུག་)ལས་དང་པོ་ནི། །སྡུག་བསྔལ་མཐང་(མཐོང་)དང་ཕན་འདོག་(འདོགས་)དང་བ་(དད་པ་)དང༌། །བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །སྨོན་(པ་)བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང༌། །འཇུག་ནི་སྔགས་(བསྔགས་)པར་ལྟ་ཞིང་མཁོན་(འཁོན་)འཛིན་མེད། །དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་གྱུར(འགྱུར)། །དམ་ཚིག་ལྡན་པས་(་)བླ་(བློ་)བཞག་རྣམ་པ་དྲུག །བཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད། །དང་པོ་སློབ་དཔོན་གསུང་(གསུངས་)དང་གསོ་དཔྱད་དང༌། །མཆེད་དང་ནད་པ་རྣག་ཁྲག་རྣམ་དྲུག་ལ། །སངས་རྒྱས་གཤེན་རབ་གསུང་(གསུངས་)དང་བཀའ་རྒྱུད་དང༌། །གྲོགས་སྤུན་བུ་ཚ་ཁྱི་ཕག་ལྟ་བུ་ནི། །བློ་གཞོག་(བཞག་)པ་ཡི་དམ་ཚིག་དྲུག་བསྲུང་ལ། །གཉིས་པ་སྨན་གྱི་རིག་འཛིན་ཆ་དཔྱད་རྣམས། །བཀའ་སྲུང་ཕྱ་(ཕྱག་)རྒྱ་ལྟ་བུར་བཟུང་ཞིང་བསྲུང༌། །གསུམ་པ་སྨན་དང་ནོར་བུ་མཆོད་རྫས་དང༌། །བདུད་རྕིར་ཤེས་པར་བྱ་བ་གསུམ་ཡིན་ཏེ། །དགོང་(དགོས་)འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཕུད་ཀྱིས་རིག་འཛིན་མཆོད་པའི་རྫས་སུ་ཤེས། །དང་པོ་རིན་པོ་ཆེ་དེ་བཙལ་ལ་བཅང༌། །གཉིས་པ་ལེགས་པར་སྦྱར་ལ་བྱིན་གྱིས་བརླབ། །རང་ཉིད་བེ་དུར་(བཻཌཱུརྱ་)འོད་ཀྱི་རྒྱལ་པོར་བསམ། །སྨན་སྣོད་བདུད་རྩི་ལྷུང་བཟེད་ཉིད་དུ་བསམ། །སྨན་ལྷ་དྲང་སྲོང་རྣམས་ཀྱི་ཤིས་པ་བརྗོད། །འཚོ་བྱེད་སྨན་པའི་རྒྱལ་པོ་གཤེན་རབ་མཆོག །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ། །སྐུ་མདོག་མཐིང་ཁ་བེ་དུ་རྒྱའི་(བཻཌཱུརྱ་ཡི་)འོད། །སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱེད་(བྱད་)ལྡན། །རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལ། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །ཕྱག་གཡོན་བདུད་རྩིར་(རྩིའི་)ལྷུང་བཟེད་པར་བུ་རྣམས(བསྣམས)། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཚུད(ཆུད)། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེད(རྙེད)། །མངོན་ཤེས་སྙིང་རྗེས་(རྗེ་)འགྲོ་མཆོག་འདུ་བ་སྙོམས། །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་རྣམས་ཀྱི་ནི་གཙུག་གཏོར་(ཏོར་)ལྟ་བུ་དང༌། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུ་ནི། །ཁྱེད་ལ་སྨན་འདི་ཉེ་བར་གནས་འགྱུར་ཅིག །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང༌། །གནོད་པའི་བགེགས་རིགས་སྟོང་ཕྲགས་(ཕྲག་)བརྒྱད་བཅུ་(ཅུ་)དང༌། །ཡེ་འགྲོས་(འབྲོག་)སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམས་པའི་བར་དུ་གཅོད་པ་ཞི་བར་མཛད(མཛོ)། །བསྭོ་ཨཱོ་(ཨོཾ་)ཤེ་ཙུ་དེ་བ་རད་ཎ་གཡུང་དྲུང་གའུ་ཚེ་རྣི་ཛ། གུ་རེ་ཡེ་སངས་དྲུང་མུ་ནི་སྭ་(སྭཱ་)ཧཱ། ཨ་ཨཱོ་(ཨོཾ་)ཧཱུཾ་རེམ་ཛ་གའུ་ཚེ་རྣི་ལྷན་ནེ་འོད་འདུ་ཛ། །བསྭོ་ཨཱོ་(ཨོཾ་)བ་བ་དེ་ན་ར་ས་ཡ་ན་གཡུ་འབྲང་བདུད་རྩི་བསྭོ་ཐ། །བདུན་བཟླས་བདུད་རྩི་བསམས་ལ་རིགས་(རིག་)འཛིན་མཆོད། །དངོས་གྲུབ་བླངས་པ་རང་གི་ནད་གདོན་སེལ། །ནད་པས་བསྟེན་པས་འཆི་བ་སོས་པར་བསམ། །དམ་ལྡན་བྱིན་ཕོག་བཀྲ་ཤིས་བསོད་ནམས་འབྱུང༌། །རྣམ་པ་བཟོ་ལུས་ངག་ཡིད་དང་གསུམ། །ལག་པ་བདེ་བས་སྨན་དཔྱད་བཟོ་ལ་མཁས། །ངག་ཚིགས་(ཚིག་)སྙན་པས་ནད་ལ་(པ་)སྤྲོ་བསྐྱེད་ནུས། །རིགས་(རིག་)པ་བཀྲ་བས་ཡིད་ལ་མ་རྨོངས་གསལ། །དེ་ཤེས་བཟོ་རྣམས་ཀུན་གྱི་དཔོན་དུ་འགྱུར། །བྱ་བ་ལ་བརྩོན་བདག་གཞན་གཉིས་ཡིན་ཏེ། །བདག་ཉིད་བྱ་བ་ལ་བརྩོན་རྒྱུད་ལ་བསླབ། །རྐྱེན་བསྟེན་གྲགས་(གྲོགས་)ལ་བརྩོན་བྱ་གོམ་(གོམས་)པ་དབྱུང༌། །རྒྱུ་ཉིད་བྲིས་(འབྲི་)ཀློག་མཐའ་རུ་ཕྱིན་པར་བསླབ། །ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང༌། །དེ་རྐྱེན་སློབ་དཔོན་བརྟེན་(བསྟེན་)ཏེ་མཚན་ཉིད་དང༌། །བརྟེན་(བསྟེན་)པའི་ཐབས་དང་བརྟེན་(བསྟེན་)པའི་དགོངས་པ་གསུམ། །མཚན་ཉིད་རྒྱ་ཆེ་མཁས་དང་མན་ངག་ལྡན། །ངང་རིང་ཟོག་ཆུང་བརྩེ་ལ་བསྐུར་(བཀུར་)འོས་བསྟེན། །བརྟེན་(བསྟེན་)ཐབས་དགོངས་པ་མེད་པར་བློ་གཏད་ལ། །ངོས་(ངོ་)ལྐོག་མེད་པར་བྱ་བ་བསྒྲུབ་པར་བྱ། །སྤྱོད་པ་ཐམས་ཅད་དེ་ཡི་ཡུལ་དུ་བསྟུན། །དྲིན་དང་བཟོ་བ་རྒྱུད་དུ་བསྲིང་བར་བྱ། །དགོངས་པ་མྱུར་བར་བསླབ་དང་མཁས་པར་འགྱུར། །གྲོགས་ལ་བརྩོན་བྱ་དྲི་དང༌ཞུ་བ་དང་། །བཟུངས་(བཟུང་)དང་བསམ་དང་ལེ་ལོ་བྱ་བ་མིན། །ཅི་་ཕྱིར་ཞེ་ན་དེ་ཉིད་བར་ཆོད་དགྲ། །གོམས་པ་མཐར་དབྱུང་མཐོང་ཐོས་བསླབ་པ་དེས། །ཐམས་ཅད་ཞེན་འདྲིས་ཐེ་ཚོམ་སྤོང་(སྤང་)བར་བྱེད། །གཞན་གྱི་བྱ་བ་ལ་བརྩོན་ནད་པ་དེ། །དེ་ཕྱིར་དོན་བཤོལ་བར་དུ་མ་ཆོད་ན། །གྱང་ཐོག་མར་ཕོར་བོ་ན་གསོད་སྡིག་བཞིན། །སྨན་དཔྱད་དུས་ལ་(ལས་)མི་འདས་བརྩོན་པ་སྒྲིབས་(སྒྲིམས་)། །མི་ཡི་ཆོས་ལུགས་མཁས་པར་བྱ་བ་ནི། །མི་ཆོས་པ་དང་དམ་པ་ཐུན་མོང་གསུམ། །དང་པོ་མཁས་པར་སླབ་(བསླབ་)ལ་གཉེན་(གཉན་)གྱི་བཙའ། །གྱོང་གིས་འདུལ་གསུམ་ལྡན་དོན་འདོད་པ་འགྲུབ། །དམ་པའི་ཆོས་ལུགས་གསུམ་དུལ་འགྲོགས་པ་བདེ། །ཆོག་ཤེས་གྱུར་ན་རང་གཞན་ཕན་ཐོག་(ཐོགས་)འགྱུར། །ཐུན་མོངས་(མོང་)ཕོངས་པ་རྣམས་ལ་ཐུགས་རྗེས་བཟུང༌། །མཐོན་པོ་རྣམས་ལ་རང་གིས་མདོ་དོན་སྒྲུབ། །ཚོགས་པ་དྲུག་ལྡན་འབྲས་བུ་ཐེ་ཚོམ་མེད། །

ཉེས་པ་གནོད་བྱ་གཉེན་པོའི་མཚན་ཉིད་རྣམས། །ཅི་རིགས་ཁོང་དུ་ཆོད་(ཆུད་)ན་ངོ་བོར་འདོད། །

ངེས་ཚིགས་(ཚིག་)ནད་གསོ་ལུས་ལ་ཕན་ཕྱིར་སྨན། །ནད་སྟེང་དཔྱད་དཔའ་འགྲོ་ལ་ཕ་ལྟར་སྐྱོབས། །རྒྱལ་པོ་རྣམས་ཀྱིས་རྗེ་རུ་འཁུར་བར་བྱེད། །

དབྱེ་བ་སྨན་པ་བླ་ན་མེད་པ་དང༌། །ཁྱད་པར་ཅན་དང་ཕལ་པ་གསུམ་དུ་སྟེ། །དུག་གསུམ་རྒྱུ་འབྲས་ནད་སེལ་གོང་ན་མེད། །གཞན་རིག་མངོན་ཤེས་བྱམས་ལྡན་དྲངས་(དྲང་)པོར་སྲང་སྲོང༌། །གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན་ནས། །འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད། །འོན་ཀྱང་མཆོག་དང་ཐ་མར་གྲགས་པ་སྟེ། །གདུང་བཙུན་བློ་དང་ལྡན་ཞིང་དམ་ལ་གནས། །གཞུང་གི་དོན་མཁས་མན་ངག་གནད་དུ་རྡེག །གོམས་ཐོགས་(ཐོག་)གཙོ་བོར་ཆོས་གཉེར་འདོད་པ་སྤངས། །དུལ་ཞིང་བཟོ་མཁས་འགྲོ་ལ་བྱམས་སེམས་ཆེ། །གཡོལ་(གཡེལ་)མེད་གཞན་གྱི་དོན་ལ་རང་དོན་སེམས། །གསོ་དཔྱད་ཀུན་ལ་མ་(རྨོངས་)སྨན་པའི་མཆོག །འགྲོ་བ་ནད་པ་རྣམས་ཀྱི་མགོན་ཅིག་(གཅིག་)པུ། །རིག་འཛིན་དྲང་སྲོང་རྣམས་ཀྱི་རྒྱུད་འཛིན་སྲས། །འཚོ་མཛད་སྨན་པའི་རྒྱལ་པོའི་སྤྲུལ་པར་བཤད། །དེ་ལྟར་མི་ལྡན་སྨན་པ་ཐ་མའི་སྐྱོངས(སྐྱོན)། །རིགས་རྒྱུད་མེད་པའི་སྨན་པ་དེ། །ཝ་ཡིས་རྒྱལ་ས་བཟུང་བ་ལྟར། །ཀུན་གྱིས་སྤྱི་བོར་བཀུར་མི་འགྱུར། །གཞུང་དོན་མི་ཤེས་སྨན་པ་དེ། །དམུ་ལོང་(དམུས་ལོང་)དག་ལ་རྫས་བསྟན་བཞིན། །ནད་རིགས་བཅོས་ཐབས་ཤན་མི་ཕྱེད། །(མཐོང་གོམས་མེད་པའི་སྨན་པ་དེ། །རྒྱུས་མེད་ལམ་དུ་ཞུགས་པ་བཞིན། །ནད་རྟགས་དཔྱད་ལ་ཐེ་ཚོམ་འགྱུར། །བརྟག་ཐབས་མི་ཤེས་སྨན་པ་དེ།།)གཉེན་མེད་བྱེས་སུ་འཁྱམས་པ་འདྲ། །ནད་ངོ་ཤེས་པ་གཅིག་མི་འབྱུང༌། །རྩ་ཆུ་མི་ཤེས་སྨན་པ་དེ། །བྱ་བས་བྱ་གཏོང་མི་ཤེས་འདྲ། །ཚ་གྲང་ནད་ཀྱི་སྐད་མི་སྟེར། །ཁ་མར་(དམར་)མི་ཤེས་སྨན་པ་དེ། །གཙོ་བོས་སྨྲ་བ་མི་ཤེས་འདྲ། །རང་སྐྱེང་(སྐྱེངས་)དྲེགས་(གྲགས་)ངན་པ་འཕོག །བཅོས་ཚུལ་མི་ཤེས་སྨན་པ་དེ། །མུན་ཁུང་འབེན་ལ་བརྡེག་པ་འདྲ། །གཉེན་པོ་ནད་ཐོག་འབབ་མི་འགྱུར། །ཟས་སྤྱོད་མི་ཤེས་སྨན་པ་དང་(དེ)། །(རང་སྲིད་དགྲ་ལ་ལོག་པ་འདྲ།།)ནད་ཀྱི་སྟོབས་བསྐྱེད་ལུས་ཟུངས་འཇོམས། །ཞི་སྦྱོང་མི་ཤེས་སྨན་པ་དེ། །སོ་ནམ་མི་ཤེས་ཞིང་པ་འདྲ། །དམན་ལྷག་ལོགས་(ལོག་)པས་ནད་རྒྱུར་འགྱུར། །སྦྱོང་བྱེད་མི་ཤེས་སྨན་པ་དེ། །བྱེ་མའི་རི་ལ་ཆུ་འབེབས་འདྲ། །ནད་དང་ལུས་ཟུངས་མ་རུངས་བྱེད། །ཆ་དཔྱད་མེད་པའི་སྨན་པ་དེ། །གོ་མཚོན་མེད་པའི་དཔའ་བོ་འདྲ། །ནད་ཀྱི་དགྲ་དཔུང་འཇོམས་མི་འགྱུར། །གཏར་སྲེག་མི་ཤེས་སྨན་པ་དེ། །ནང་ཡན་མེད་པའི་རྐུན་པོ་འདྲ། །ནད་དང་དཔྱད་དུ་འཇོལ་a(འཛོལ་)བར་གྱུར(འགྱུར)། །དེ་ཕྱིར་སྨན་པ་ངན་པ་ནི། །ལྕི་ཡང་ལོགས་(ལོག་)པར་རྟོག་(རྟོགས་)པ་ཡིན། །གསོ་བ་ལག་(ལོག་)པ་དག་ཏུ་འགྱུར། །བདུད་ཉིད་སྨན་པའི་ཆ་བྱེད་(བྱད་)ཅན། །གཤིན་རྗེའི་ཞགས་པ་ཐོགས་པ་འདྲ། །འབྲེལ་བར་མི་བྱེད་གཉིས་ཕུང་འགྱུར། །

སྨན་པའི་ལས་ལ་ཐུན་མོང་ཁྱད་པར་གཉིས། །དང་པོ་ལུས་ངག་ཡིད་ཀྱི་བྱ་བའི་ལས། །ལུས་ཀྱིས་སྨན་དང་ཆ་བྱེད་(བྱད་)འཇོམས་(འཛོམས་)པར་བསག །ནད་པའི་བྱ་བ་གང་ཡིན་དོན་དུ་གཉེར། །ངག་གི་ལས་ནི་ཁ་མར་(དམར་)གདགས་པ་སྟེ། །རྟོགས་ན་ཁྲོམ་དུ་དུང་འབུད་ལྟ་བུར་གདག(གདགས)། །འཚོ་བར་ཁས་བླང་འཆི་བར་དུས་གདབ་གཅེས། །ཉམས་མ་ལོངས་ན་སྦྲུལ་ལྕ་(ལྕེ་)ལྟ་བུར་གདག(གདགས)། །གཉིས་ལ་ཞོན་ནས་གང་བཟང་སྟེང་དུ་འབྲོས(བྲོས)། །ཡང་ན་མཐུན་པར་སྣང་ལ་གསལ་གདབ་ཅིང༌། །བློ་ཡིས་ཆོད་པ་ཡུལ་དང་བསྟུན་བྱས་ལ། །སྲིད་པའི་སྒོ་མི་བགག་པར་རྫོང་ལ་བྲོས། །དང་པོ་ནད་པའི་དགོས་(དོགས་)པ་སྨན་པས་རྟོགས། །གཅིག་པར་མཐུན་ན་དེ་ཉིད་གསལ་བར་བརྗོད། །གཉིས་པ་ནད་པས་དུག་ཏུ་དོགས་པ་ལ། །གཞན་བཟུང་ཐོགས་(ཐོག་)ཏུ་མ་བྱུང་ཟེར་སྲིད་ཕྱིར། །བློ་བསྟུན་དེ་དག་ནད་གང་ཡིན་པས་བཅོས། །གསུམ་པ་འཚོ་འཆི་ཉེན་ཆེ་ཉེན་ཆུང་རྣམས། །རླུང་རྟ་ལས་དབང་བསོད་ནམས་རྐྱེན་དབང་གིས། །ཇི་འདྲ་འཆི་ལ་ཇི་འདྲ་འཚོ་བའི་ཕྱིར། །ཁ་མར་(དམར་)ཧ་ཅང་གསལ་བར་སྨྲ་མི་བཏུབ། །ཉེན་ཆེར་ཡང་(ཡོད་ཀྱང་)གསོ་རུང་ཡོད་(པར་)སྨྲ། །ཉེན་ཆུང་ཚོད་(ཚོར་)ཡང་བྱ་ར་དགོས་པར་སྨྲ། །སླར་ན་མི་ཆོས་འཇིག་དང་བསྟུན་པར་བྱ། །ཡིད་ལས་མ་འཁྲུལ་བརྩོན་པས་བསམ་ཞིང་གཞིག །ཁྱད་པར་ལས་ལ་ལྟ་སྒོམ་སྤྱོད་པ་གསུམ། །ལྟ་བ་བོན་རྣམས་ཀུན་གྱིས་དབུ་མར་རྟོགས། །དམན་མཐའ་ལྷགས་(ལྷག་)མཐའ་ལོགས་(ལོག་)པའི་འཐའ་(མཐའ་)སྤང་(སྤངས་)པས། །ཡང་དག་དབུ་མར་ལྟ་བ་ལྟ་བའི་མཆོག །སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས། །ལོག་པའི་གོལ་ས་བཞི་རུ་མ་ཤོར་གཅེས། །སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་སྤང༌། །སྨྱོ་འཆལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱོད། །

སྨན་པའི་འབྲས་བུ་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་འབྲས་བུ་ཚེ་འདིར་སྐྱིད་པ་དང༌། །དབང་ཐང་ལོངས་སྤྱོད་དགའ་བདེ་ལྡན་པར་འགྱུར། །དེ་དག་སྒྲུབ་པར་བྱེད་པ་སྨན་ཡིན་པས། །དེ་ཡང་རང་གི་ཡོན་ཏན་མི་ལ་འཕྱར། །འཚེ་བའི་མི་ལ་བསྟུན་ཅིང་བག་ཕབ་ལ། །བརྟག་ཅིང་ཚོད་བླང་སྤྱོད་པ་བསྟུན་ལ་བཅོས། །དེ་ཡིས་བསོད་ནམས་གྲགས་པ་ཐོབ་པར་འགྱུར། །འདོད་པའི་ཟས་དང་ལོངས་སྤྱོད་ཤུགས་ལས་འབྱུང༌། །འདི་དུས་བག་དང་ལྡན་པས་བཙའ་བར་བྱ། །དྲི་(དྲིན་)པའི་དུས་སུ་ཟས་ནོར་གཤེར་ཞིང་བླངས། །འགྱང་(འགྱངས་)ན་དྲན་པས་(བྱས་)བརྗེད་ནས་ལན་མི་ཕྲོལ(ཁྱེར་)། །མཐར་ཐུགས་(ཐུག་)འབྲས་བུ་གཡོ་རྒྱུ་(སྒྱུ་)འདོད་པ་རྣམས། །སྤངས་ནས་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ཡིན། །ཞེས་གསུངས་ནས།

གསོ་བྱེད་དཔྱད་འབུམ་ཁྲ་བོ་སྨན་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་བ་པོ་སྨན་པའི་ལེའུ་སྟེ་སུམ་ཅུ་རྕ་གཅིག་པའོ།།

གསོ་བྱེད་དཔྱད་འབུམ་ཁྲ་བོ་ཡན་ལག་བརྒྱད་པ་གསང་བའི་མན་ངག་གི་རྒྱུད་རྫོགས་སོ།། །།

བཀྲ་ཤིས།





 

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།