སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ་བཤད་པ།

བཞི་པ་གསོ་བ་པོ་སྨན་པ་བཤད་པ་ལ་གསུམ་སྟེ། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གནས་བཅུ་པ་གསོ་བྱེད་ཐབས་ཀྱི་གནས་རྫོགས་པར་བསྟན་ཟིན་པའི་རྗེས་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་གུས་པ་དང་བཅས་པའི་སྒོ་ནས་མཚན་ནས་བོས་ཏེ། གནས་བཅུ་གཅིག་པ་བྱ་བྱེད་སྨན་པའི་གནས་ཞེས་བྱ་བ་ལ་ཇི་ལྟར་བསླ་བར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་ལེགས་པར་བཤད་དུ་གསོལ། ཞེས་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་ལ་གཉིས་ཏེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་དྲུག་གིས་བསྟན་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ཇི་ལྟར་དྲིས་པའི་ལན་དུ་སྟོན་པས་གསུངས་པ། དེའང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས། དེ་ལྟར་ཁྱོད་ཀྱིས་དྲིས་པའི་དོན་གྱིས་གང་གསོ་བར་བྱེད་པའི་གསོ་བ་པོ་ནད་པའི་དོན་དུ་ཕན་པའི་བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ་ལ་འདི་ལྟར་སྨན་པའི་རྒྱུ་དང་ངོ་བོ་དང་ངེས་ཚིག་དང་དབྱེ་བ་དང་ལས་དང་འབྲས་བུ་སྟེ་རྣམ་པ་དྲུག་གི་སྒོ་ནས་བཤད་པར་བྱའི། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྨན་པའི་རྒྱུ་བཤད་པ་ལའང་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། དང་པོ་ནི། རྒྱུ་ནི་ཞེས་པ་ནས་མཁས་དང་དྲུག་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པ་མཁས་པའི་རྒྱུའི་གཙོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པ་དང༌། སེམས་ཅན་མཐའ་དག་ལ་ཕན་པར་འདོད་པའི་ལྷག་པའི་བསམ་པ་མཆོག་ཏུ་དཀར་བ་དང༌། འོག་ནས་ཇི་སྐད་འཆད་འགྱུར་གྱི་དམ་ཚིག་དང་ལྡན་ཞིང༌། ལུས་ངག་ཡིད་གསུམ་གྱི་རྣམ་པ་བཟོ་བ་དང༌། བགྱི་བར་འོས་པའི་བྱ་བ་དུས་ལས་མི་ཡོལ་བའི་བརྩོན་འགྲུས་དང༌། འཇིག་རྟེན་མིའི་ཆོས་ལུགས་ལ་མཁས་པ་དང་རྣམ་པ་དྲུག་གོ་གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་བློ་དང་ལྡན་པ་ནི། དེ་ལ་ཞེས་པ་ནས་མཆོག་ཅེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པ་མཁས་པའི་རྒྱུ་དྲུག་པོ་དེ་ལས་དང་པོ་བློ་དང་ལྡན་པ་ཞེས་པ་ནི། སྤྱིར་བློ་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བྱའི། བློ་གྲོས་ཞེས་ཀྱང་ཡོངས་སུ་གྲགས་པ་ལས་གཙུག་ལག་མཐའ་དག་གི་དོན་ཁོང་དུ་ཆུད་ནུས་པའི་བློ་ཆེ་བ་དང༌། རྐྱེན་གང་གིས་ཀྱང་བསྐྱོད་མི་ནུས་པའི་བློ་བརྟན་པ་དང༌། གང་ལའང་བརྟག་དཔྱད་སྔོན་དུ་གཏོང་བའི་བློ་གཟེག་པ་སྟེ་བློ་འདི་གསུམ་དང་ལྡན་པའི་སྒོ་ནས་གསོ་དཔྱད་གཙོ་བོར་གྱུར་པའི་གཞུང་ལུགས་མདོར་བསྡུས་དང་རྒྱས་བཤད་ཀྱི་དོན་མ་ལུས་པ་འཁྲུལ་མེད་དུ་ཁོང་དུ་ཆུད་པ་ལ་བརྟེན་ནས་ཉམས་སུ་བླང་བར་འོས་པའི་ལག་ལེན་ཀུན་ཐོགས་རྡུགས་ཉམ་ང་བ་སྤུ་ཙམ་ཡང་མེད་པར་བདེ་བླག་ཏུ་འཇུག་པ་དང༌། གཞུང་ལས་མ་གསུངས་པའི་དོན་རྣམས་ལའང་རིག་པ་དྲི་མ་མེད་པས་དཔྱོད་ཤེས་པའི་མངོན་པར་ཤེས་པ་ལྟ་བུ་ཕྲ་མོ་གང་ལ་གང་འཚམ་པར་འཆར་བ་དེ་ཉིད་ནི་རྒྱུ་དྲུག་པོ་རྣམས་ཀྱི་ནང་ནས་མཆོག་དམ་པ་ཡིན་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཆུང་བ་ལས། བློ་ལྡན་དཔའ་སྔར་མཛངས་དང་གསུམ། །མངོན་ཤེས་འདྲ་བའི་འབྲས་བསྐྱེད་པའོ། །ཞེས་སོ། །གཉིས་པ་བསམ་པ་དཀར་བ་ནི། བསམ་པ་ཞེས་པ་ནས་གྲོགས་སུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། སྐབས་འདིའི་བསམ་པ་དཀར་བ་ཞེས་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་སྟེ། དོན་འདི་ལ་སྦྱོར་བ་དངོས་གཞི་དང་མཇུག་གསུམ་ལས། དང་པོ་བསམ་སྦྱོར་ནི་ཁམས་གསུམ་པོ་འདི་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཏུ་མཐོང་བ་དང༌། ཕ་མར་མ་གྱུར་པ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་འདོད་ཀྱི་བློ་རྒྱུན་ཆགས་པ་དང༌། དཀོན་ཅོག་གསུམ་པོ་ལ་མི་བསླུ་བའི་སྐྱབས་ཀྱིས་དད་པ་དང༌། གསེར་དང་བོང་བ་ལ་བཟང་ངན་དང་དགྲ་གཉེན་ལ་བྱམས་སྡང་སོགས་ཞེ་ཐག་པ་ནས་སྙོམས་པའི་སྒོ་ནས་ངན་འགྲོའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་དང༌། འགྲོ་བ་བུ་གཅིག་པའི་མ་ལྟར་བརྩེ་བའི་བྱམས་པ་དང༌། གང་དག་སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང༌། ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པ་སྟེ་ཚངས་པའི་གནས་བཞི་ལ་གནས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། དེ་ནས་དངོས་གཞི་གཞན་ཕན་འབའ་ཞིག་ལ་འཇུག་པ་དུས་དང་གྲངས་འདི་དང་འདི་རྣམས་ཚད་དང་རིགས་མེད་པར་ཉམས་སུ་བླང་བར་བྱ་ཞིང༌། དེ་ལྟར་བྱས་པའི་མཇུག་ཏུ་ཡང་ནི་གསོ་དཔྱད་ཀྱི་དོན་ལ་བསྔགས་པར་བལྟ་ཞིང་ནད་པ་སོགས་སུ་ལའང་ཁོན་འཛིན་མེད་པའི་ལྷག་བསམ་དེ་ལྟ་བུ་དང་ལྡན་ན་གང་བལྟ་བའི་ནད་པ་རྣམས་གསོ་སླ་ཞིང་འཚོ་བ་ཤིན་ཏུ་མང་པོ་འབྱུང་བའི་གྲོགས་སུ་འགྱུར་བ་ཞིག་དགོས་པ་ཡིན་ནོ། །དེ་ལྟར་ཡང་ཆོ་གས་མ་ཟིན་པའི་སྨོན་འཇུག་གི་སེམས་བསྐྱེད་འདི་ལྟ་བུ་ནི་སྨན་པ་རྣམས་ལ་གྲགས་པ་ཙམ་དུ་ཟད་ལ། སྔ་རབས་པ་རྣམས་ཀྱིས་ནི་ནད་པ་ཁོ་ན་ལ་སྦྱར་བ་དག་ཀྱང་སྣང་ངོ༌། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བ་སེམས་ཙམ་པ་དང་དབུ་མ་བའི་ལུགས་གང་ཡང་རུང་བའི་ཆོ་གས་ཟིན་པ་ཞིག་ཅི་ནས་ཀྱང་དགོས་སོ།།

གསུམ་པ་དམ་ཚིག་དང་ལྡན་པ་ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དམ་ཚིག་ཅེས་པ་ནས་གསུམ་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་དམ་ཚིག་དང་ལྡན་པ་ཞེས་པའང་བློ་བཞག་གི་རྣམ་པ་དྲུག་དང་གཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་བློ་བཞག་དྲུག་བཤད་པ་ནི། དང་པོ་ཞེས་པ་ནས་དྲུག་བསྲུང་བྱ་ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གསུམ་གྱི་དང་པོ་ནི་རང་གི་སློབ་དཔོན་དང༌། དེའི་གསུང་དང༌། གསོ་དཔྱད་ཀྱི་གཞུང་དང༌། རང་གི་གྲོགས་མཆེད་དང༌། ནད་པ་དང༌། ནད་པའི་རྣག་ཁྲག་སྟེ་རྣམ་པ་དྲུག་ལ་རིམ་པ་བཞིན་དུ་སངས་རྒྱས་དངོས་དང་དྲང་སྲོང་གི་གསུང་དང༌། རྒྱལ་བའི་བཀའ་དངོས་ཀྱི་རྒྱུད་དང༌། རྡོ་རྗེའི་སྤུན་གྲོགས་དང༌། བུ་ཚ་དང༌། ཁྱི་ཕག་གི་སྤྱོད་པ་ལྟ་བུར་ནི་བློ་བཞག་པའི་དམ་ཚིག་དྲུག་བསྲུང་བར་བྱའོ། །གཉིས་པ་གཟུང་བྱ་གཉིས་ནི། གཉིས་པ་ཞེས་པ་ནས་གཟུང་ཞིང་བསྲུང་ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གཉིས་པ་ནི་སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་དང་གཙགས་བུ་ལ་སོགས་པའི་ཆ་བྱད་རྣམས་ལ་རིམ་པ་ལྟར་སྨན་གྱི་བཀའ་སྲུང་དང་དེའི་ཕྱག་ཆ་ལྟ་བུར་གཟུང་ཞིང་བསྲུང་བར་བྱའོ། །གསུམ་པ་ཤེས་བྱ་གསུམ་བཤད་པ་ལའང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསུམ་པ་ཞེས་པ་ནས་རྗེས་སུ་ཤེས་ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གསུམ་པ་ནི་སྨན་ཐམས་ཅད་ནོར་བུ་དང་བདུད་རྩི་དང་མཆོད་པའི་རྫས་སུ་ཤེས་པར་བྱ་བ་དང་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སྨན་ལ་བརྟེན་ནས་དགོས་འདོད་ཐམས་ཅད་ཤུགས་ལ་འབྱུང་བས་ཡིད་བཞིན་གྱི་ནོར་བུར་ཤེས་པར་བྱ་བ་དང༌། དེས་ནད་རྣམས་བདེ་བླག་ཏུ་སེལ་བར་བྱེད་པས་འཆི་མེད་ཀྱི་བདུད་རྩིར་ཤེས་པར་བྱ་བ་དང༌། སྨན་དེ་ལེགས་པར་སྦྱར་བའི་ཕུད་ཀྱིས་རིག་པ་འཛིན་པའི་དྲང་སྲོང་རྣམས་མཆོད་པས་མཆོད་རྫས་སུ་ཤེས་པར་བྱ་བའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། དང་པོ་ཞེས་སོགས་རྐང་པ་གཅིག་སྟེ། ཤེས་པར་བྱ་བའི་དམ་ཚིག་གསུམ་གྱི་ནང་ནས་དང་པོ་སྨན་རྣམས་ནོར་བུར་ཤེས་པར་བྱ་བ་ནི་རང་གཞན་གྱི་དོན་འབད་མེད་དུ་བསྒྲུབ་པའི་སྨན་རྣམ་པ་སྣ་ཚོགས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་དང་འདྲ་བ་དེ་རྣམས་འཛོམ་པར་བཙལ་ལ་འབྲལ་མེད་དུ་བཅང་བར་བྱའོ། །གཉིས་པ་བདུད་རྩིར་ཤེས་པར་བྱ་བ་དེ་ལའང་བཞི་སྟེ། ལྷར་བསྒོམ་པ། བསྟོད་པ་བྱ་བ། ཤིས་པ་བརྗོད་པ། སྔགས་བཟླས་པའོ། །དང་པོ་ནི། གཉིས་པ་ཞེས་པ་ནས་ཤིས་པ་བརྗོད་ཅེས་པའི་བར་གྱིས་བསྟན་ཏེ། ཤེས་པར་བྱ་བའི་དམ་ཚིག་གཉིས་པ་ནི་ཞི་སྦྱང་གི་སྨན་གང་ཡིན་འཕྱུགས་མེད་རྣམ་པར་དག་པའི་ཕྱག་ལེན་དང་ལྡན་པས་ལེགས་པར་སྦྱར་ལ་བདུད་རྩིར་བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་བཻཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་རྣམ་པར་རྒྱལ་བ་འཛིན་ཞིང༌། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྦྲས་པ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྡེ་བཞིའི་དྲང་སྲོང་བཀའ་སྲུང་དང་བཅས་པས་བསྐོར་བ་ཞིག་ཏུ་གསལ་བཏབ། སྨན་བདུད་རྩི་དང་སྨན་གྱི་སྣོད་ལྷུང་བཟེད་དེ་བདུད་རྩིས་གང་བའི་ལྷུང་བཟེད་དུ་བསམས་ཤིང་སྨན་བླ་ལ་འཁོར་སྡེ་བཞིའི་དྲང་སྲོང་གིས་བསྐོར་བ་རྣམས་ཀྱིས་ཤིས་པ་བརྗོད་པར་བསྒོམ་མོ། །གཉིས་པ་བསྟོད་པ་བྱ་བའང་གཉིས་ཏེ། གཙོ་བོ་ལ་བསྟོད་པ་དང༌། འཁོར་ལ་བསྟོད་པའོ། །དང་པོ་ལ་སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་ནི། དཀའ་བའི་གནས་མཚན་དང་དཔེ་བྱད་ལྡན་ཞེས་པ་ནི། རྗེ་བཙུན་བྱམས་པས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ཞབས་ཤིན་ཏུ་འཇམ་དང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་ཞིང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་པ་སྤུ་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །བ་སྤུ་རེ་རེ་ནས་སྐྱེས་གཡས་ཕྱོགས་འཁྱིལ། །ཞལ་ནི་མཛོད་སྤུས་བརྒྱན་པར་བྱས་པ་དང༌། །རོ་སྟོད་སེང་གེ་ལྟ་བུར་ཤིན་ཏུ་ཡངས། །དཔུང་མགོ་ཟླུམ་ཞིང་ཐལ་གོང་རྒྱས་པ་དང༌། །འདི་ལ་རོ་མོ་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་གདུགས་ལྟར་མཐོ་ཞིང་ལྗགས་རིང་མཛེས། །ཚངས་པའི་དབྱངས་ལྡན་སེང་གེའི་འགྲམ་པ་འདྲ། །ཚེམས་དཀར་ཚད་མཉམ་ཐགས་བཟང་བཞི་བཅུར་མཉམ། །སྤྱན་ནི་མཐོན་མཐིང་བ་ཡི་རྫི་མཆོག་འདྲ། །འདི་དག་མཚན་ནི་སུམ་ཅུ་རྩ་གཉིས་སོ། །ཞེས་དང༌། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་དང་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་པ། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་ཤིང་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡང་ཞིང་བཟང༌། །གོམ་སྙོམས་སྤྱན་ནི་དག་པ་དང༌། །ཤིན་ཏུ་གཞོན་མདོག་ཆགས་པ་དང༌། །སྐུ་ནི་མ་ཞུམ་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་རྣམ་པར་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱེད་མ་རྙོངས་པ། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་པ་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་སྙན་པ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་མཐོ་དང་ཤངས་མཐོ་དང༌། །མཆོག་ཏུ་དད་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་འཐུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་པ། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིངས་དང༌། །མི་བཤོར་སྐྱེས་བུ་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་བཀྲ་ཤིས་དང༌། །དགའ་བ་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ཚིག་གི་དོན་ནི། འཚོ་མཛད་ཅེས་པ་ནས་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བརྗོད་མ་ཐག་པའི་དམིགས་པ་དེ་རྣམས་བྱས་ནས་ངག་ཏུ་འགྲོ་བ་སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་སྲོག་འཚོ་བར་མཛད་པའི་སྨན་པ་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཏེ། དེས་འདོད་ཆགས་ལ་སོགས་པ་དུག་གསུམ་འབྲས་བུ་དང་བཅས་པའི་ནད་མཐའ་དག་ཅིག་ཅར་དུ་སེལ་བས་སངས་རྒྱས་སྨན་གྱི་བླ་མ་ཞེས་སྐུ་མདོག་མཐིང་ཁ་ནོར་བུ་བཻ་ཌཱུརྱ་སྔོན་པོའི་འོད་ཟེར་ལྟ་བུ་འཕྲོ་བ་ལ། རྣམ་པ་མཆོག་གི་སྤྲུལ་པའི་སྐུ་ངོ་བོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་གོང་དུ་བཤད་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བརྒྱད་ཅུར་ལྡན་པ། དར་དམར་པོའི་ཤམ་ཐབས་དང་སྟོད་གཡོགས་ཀྱིས་མཛེས་པར་བྱས་ལ། དུག་གསུམ་གྱི་ཀུན་ནས་ཉོན་མོངས་པའི་འགྲོ་བ་རྣམས་རླུང་མཁྲིས་བད་ཀན་གྱི་ནད་ཀྱིས་གདུངས་པ་རྣམས་སྐྱོབ་པའི་བརྡར་ནད་ཀྱི་གཉེན་པོར་ཕྱག་གཡས་ན་ཨ་རུ་ར་བསྣམས་པ། འཆི་བ་མེད་པ་ཚེའི་དངོས་གྲུབ་སྦྱིན་པའི་སླད་དུ་ཕྱག་གཡོན་ན་བདུད་རྩིས་གང་བའི་ལྷུང་བཟེད་དམ་པར་བུ་བསྣམས་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་སྨན་བླ་བཻ་ཌཱུརྱའི་འོད་འཕྲོ་བ་དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་འཁོར་ལ་བསྟོད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། རིག་པའི་གནས་ཆེན་གཙོ་བརྒྱད་ཅེས་པ་ལ། སྔ་ཕྱིའི་སྨན་པ་མཐའ་དག་ཞལ་གཅིག་ཏུ་གྱུར་པ། བདུད་རྩི་བམ་པོ་བརྒྱད་པར། ཚེ་སྔ་ཕྱི་བར་གསུམ་ཤེས་པས་དུས་རིག་པ། འགྲོ་བའི་མཚན་ཉིད་ཤེས་པས་བཅུད་རིག་པ། བྲཱ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་ཤེས་པས་སྒྲ་རིག་པ། འཇིག་རྟེན་ཤེས་པས་བཟོ་རིག་པ། མཐོ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ། ཟས་ཀྱི་ཚོད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ། རྟག་ཆད་ཤེས་པས་ཚེ་རིག་པ། གནས་མཐོ་དམན་ཤེས་པས་ལམ་རིག་པ། གཞན་གྱི་བསམ་པ་ཤེས་པས་ཡིད་རིག་པ། ཐེག་པ་དང་ལམ་ཤེས་པས་ཆོས་རིག་པ། འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་རིག་པ། དབང་པོ་རབ་འབྲིང་གསུམ་དུ་ཤེས་པས་ཤེས་རབ་རིག་པ། ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ། རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ། ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ། རང་གཞན་གྱི་ལུས་ལེན་པ་སོགས་གང་སྐྱེ་བའི་བདེ་སྡུག་ཅི་འབྱུང་ཤེས་པས་སྐྱེ་གནས་རིག་པ། མཐར་འཇིག་པའི་སྐྱོན་ཤེས་པས་འཆི་བ་རིག་པ། ཐམས་ཅད་བྱིན་གྱིས་བརླབ་པར་ནུས་པས་སྔགས་རིག་པ་སྟེ། དེ་དག་ནི་བླ་ན་མེད་པའི་དྲང་སྲོང་སངས་རྒྱས་ལ་ཕུན་སུམ་ཚོགས་པར་མངའ་ལ། ཁྱད་པར་ཅན་གྱི་དྲང་སྲོང་འཕགས་པ་རྣམས་དང་ཚངས་པ་དང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་རྣམས་ལའང་ཅི་རིགས་པར་ཡོད་ཅིང༌། སོ་སོ་སྐྱེ་བོ་རྣམས་ལ་དེ་དག་དངོས་སུ་མེད་ཀྱང་གསོ་དཔྱད་ཀྱི་གཞུང་ལུགས་བསྟེན་ནས་ཆ་མཚུངས་སུ་ཡོད་པར་རུང་ངོ༌། །ཞེས་མགྲིན་གཅིག་ཏུ་སྨྲ་བར་བྱེད་དོ། །དེ་དག་གི་ལུང་ཁུངས་དང་ཚིག་རིགས་འཐད་མི་འཐད་ལ་དཔྱད་མ་དགོས། མཐའ་དག་རི་བོང་གི་ཅལ་བཞིན་དུ་རྒྱུག་པ་འདི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འདུལ་བ་ལུང་གི་རྣམ་འབྱེད་ལས། དེ་ལ་རིག་པའི་གནས་བཅོ་བརྒྱད་ནི་འདི་ལྟ་སྟེ། གསང་སྔགས་ཀྱི་རྒྱུད་དང༌། ཆོ་ག་ཞིབ་མོ་དང༌། གཏན་ཚིགས་རིག་པ་དང༌། རིག་བྱེད་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ཤེས་རབ་གསལ་བ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་བསྡུས་པ་དང༌། སྐར་མའི་རིག་པ་དང༌། རྟོག་བྱེད་ཀྱི་རིག་པ་དང༌། ཆུར་ལྷུང་གི་རིག་པ་དང༌། ཆེས་སྤྱོད་ཀྱི་རིག་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང༌། བྱེ་བྲག་པའི་རིག་པ་དང༌། རྒྱུད་དྲུག་ཅུ་པའི་རིག་པ་དང༌། ཁྱུར་མིག་གི་རིག་པ་དང༌། གནས་ལུགས་ཀྱི་རིག་པ་སྟེ་བཅོ་བརྒྱད་བློ་ལ་བྱང་བར་གྱུར་ཏོ། །ཞེས་པ་དང༌། བཀས་བཅད་ཆེན་མོ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས་ཀྱང༌། རོལ་མོ། འཁྲིག་ཐབས། འཚོ་ཆིས། གྲངས་ཅན། སྒྲ། ཆོས་ལུགས། བཟོ། འཕོངས་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་དཔྱད། རྩིས། མིག་འཕྲུལ། སྔོན་རབས། ཆོས་འབྱུང༌། གསོ་དཔྱད་བཅོ་བརྒྱད། ཅེས་པ་དང༌། སློབ་དཔོན་དྷརྨ་ཀིརྟིས་སྐྱེས་རབས་ཀྱི་རྒྱ་ཆེར་འགྲེལ་དུ། རིག་པའི་གནས་བཅོ་བརྒྱད་ནི་འདི་ལྟ་སྟེ། རོལ་མོ་དང༌། འཁྲིག་ཐབས་དང༌། འཚོ་ཆིས་དང༌། གྲངས་ཅན་དང༌། སྒྲ་དང༌། གསོ་བའི་དཔྱད་དང༌། བཟོ་དང༌། འཕོངས་དཔྱད་དང༌། གཏན་ཚིགས་ཀྱི་སྦྱོར་བ་དང༌། རྣལ་འབྱོར་དང༌། ཐོས་ཤིང་དྲན་པ་དང༌། སྐར་མའི་དཔྱད་དང༌། རྩིས་དང་མིག་འཕྲུལ་དང༌། སྔོན་གྱི་རབས་དང༌། དེ་བཞིན་དུ་བྱེ་བྲག་པ་དང༌། དོན་གྱི་འཕྲེང་བ་དང༌། རིག་པའི་བསྟན་བཅོས་ཡོངས་སུ་བརྟག་པའོ། །ཞེས་དང༌། གཞན་ཡང༌། སློབ་དཔོན་དབྱིག་གཉེན་གྱིས་མཛོད་རང་འགྲེལ་དུ། རོལ་མོ་འཁྲིག་ཐབས་འཚོ་ཆིས་གྲངས་དང་སྒྲ། །གསོ་དཔྱད་ཆོས་ལུགས་བཟོ་འཕོངས་གཏན་ཚིགས་དང༌། །རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། རྩིས་མིག་འཕྲུལ་འཁོར་སྔ་རབས་སྔོན་བྱུང་རིག །འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་དོ། །ཞེས་འདི་ལྟར་བཤད་བཞིན་དུ་གཞན་ཉམས་སུ་ལེན་པ་ནི། ཇི་སྐད་དུ་ས་སྐྱ་པཎྜི་ཏས། འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་མཚོ་འགྲམ་དུ། །བ་ཚྭའི་ཁྲོན་པ་བརྐོ་བྱེད་ཡིན། །ཞེས་བཤད་པའི་ཚུལ་དང་མཚུངས་པའོ། ། དེ་བཞིན་དུ་མངོན་ཤེས་ལའང་སྟོང་གསུམ་གྱི་སྟོང་གཅིག་ཚུན་གཟུགས་མཐོང་བ་ཤའི་སྤྱན། ནམ་མཁའི་མཐའ་གཏུགས་པའི་འཇིག་རྟེན་ཁམས་ཀྱི་གཟུགས་མཐོང་བ་ལྷའི་སྤྱན། ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས་ཤིང་ཆོས་ལ་བདག་མེད་པ་ཐུགས་སུ་ཆུད་པ་ཤེས་རབ་ཀྱི་སྤྱན།འཕགས་པ་དང་སོ་སོ་སྐྱེ་བོའི་སེམས་ཤེས་ཤིང་གང་ཟག་ལ་བདག་མེད་པ་ཐུགས་སུ་ཆུད་པ་ཆོས་ཀྱི་སྤྱན། ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པ་སངས་རྒྱས་ཀྱི་སྤྱན་དང་ལྡན་པའོ། །ཞེས་སངས་རྒྱས་ཀྱི་སྤྱན་ལྔའི་བཤད་པ་བྱས་ཤིང༌། སྙིང་རྗེ་གསུམ་གྱི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དེའང་མཚན་ཉིད་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པས་འདི་སྐབས་ཀྱི་དྲང་སྲོང་རྣམས་ལ་སྦྱོར་བ་སོགས་ངོ་ཚ་བའི་གནས་དུ་མ་ཞིག་སྣང་མོད། འདི་དག་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་ལེགས་བྱས་མཐའ་གཏུགས་པའི་དོན་གྱིས། ལྟར་སྣང་གི་མཁས་པ་རིག་གནས་ཕྱོགས་རེ་བ་མ་གཏོགས་སྨན་པས་སྡེ་སྣོད་དང་ཐ་སྙད་ཀྱི་རིག་པ་རྣ་བས་མ་ཐོས་ཤིང༌། མཁས་པ་གཞན་གྱིས་གསོ་དཔྱད་ཕྱོགས་ཙམ་མ་རྟོགས་ཀྱང་རློམ་པའི་ང་རྒྱལ་དང་བཅས་ཏེ་འཆད་རྩོད་རྩོམ་པ་ལ་ཞུགས་པས་ནོངས་སོ། །དེ་ཅིའི་སླད་དུ་ཞེ་ན། འགྲེལ་བྱེད་པ་གཞན་རྣམས་ལས་ཆེས་ཕུལ་དུ་བྱུང་ཞིང༌། པཎྜི་ཏ་ཆེན་པོར་འདོད་པ་ཆགས་ཀྱང་རྣམ་པ་ཀུན་ཏུ་ལེགས་པར་མ་བཤད་ཅིང༌། འདི་སྐབས་སུའང་སྤྲུལ་པའི་དྲང་སྲོང་རྣམས་གསལ་བཏབ་ནས་རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད་ཅིང་ཞེས་སོགས་སྦོམ་ཚོད་དུ་བྱས་མོད། སྤྲུལ་པའི་དྲང་སྲོང་ནི་རིགས་ལྔའི་ངོ་བོ་མཆོག་གི་དྲང་སྲོང་ལས་གཞན་དུ་མ་མཆིས་ན་རིག་གནས་བཅོ་བརྒྱད་ཐུགས་སུ་ཆུད་མ་ཆུད་ཀྱི་བསྟོད་པས་ཅི་ཞིག་བྱ། རིག་གནས་བཅོ་བརྒྱད་ནི་འདུལ་བ་ལུང་དང་སྐྱེས་རབས་ཀྱི་འགྲེལ་པ་སོགས་ལས་བྲམ་ཟེ་རྣམས་ཀྱིས་བསླབ་པར་བྱ་བའི་ཆོས་ཡིན་པར་བཤད་པས་ཐུན་མོང་གི་དྲང་སྲོང་རྣམས་ལ་བསྟོད་པའི་སྐབས་ཡིན་ལ་ཤེས་བྱེད་ཀྱང༌། ཙ་ར་ཀས། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང༌། །མངོན་ཤེས་ལྔ་དང་ལྡན་གྱུར་ཅིང༌། །རིག་པའི་གནས་མཆོག་བཅོ་བརྒྱད་ཤེས། །ཞེས་འབྱུང་ལ། ལྷའི་མིག་ལྷའི་རྣ་བ་ཕ་རོལ་གྱི་སེམས་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་སྟེ། ཐུན་མོང་མངོན་ཤེས་ལྔ་པོ་དང་ལྡན་པའི་དོན་ཡིན་ཞིང༌། དྲུག་པ་ཟག་པ་ཟད་པའི་མངོན་ཤེས་ནི། སངས་རྒྱས་ལས་གཞན་ལ་མི་མངའ་ཞིང༌། རིག་གནས་བཅོ་བརྒྱད་པོ་རང་ཉིད་ཀྱི་མིང་ཙམ་གྱིས་ཀྱང་བློ་གྲོས་དང་ལྡན་ན་ངེས་པར་རྟོགས་པའི་ཕྱིར། འོན་ཏེ་རིག་གནས་བཅོ་བརྒྱད་པོ་རང་འདི་ཡིན་ཆ་མ་འཚལ་ཞིང་ལོག་པར་འདྲེན་པ་འབའ་ཞིག་ཏུ་གྱུར་པས་ཅི་བྱར་ཡོད་དེ་མེད་པས་སོ། །དེས་ན་འདི་ནི་རགས་པ་ཙམ་སྟེ་ཞིབ་ཏུ་སྐབས་འདི་ཁོ་ནར་ཡང་ཇི་སྙེད་ཅིག་མཆིས་ཀྱང་མཐའ་དག་དགག་པའི་སྤྲོས་པས་མ་ལང་ངོ༌། །གཉིས་པ་ཚིག་གི་དོན་ནི། རིག་པའི་ཞེས་པ་ནས་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། རོལ་མོ་དང་འཁྲིག་ཐབས་ལ་སོགས་པ་རིག་པའི་གནས་མཆོག་བཅོ་བརྒྱད་པོ་མཐའ་དག་ཐུགས་སུ་ཆུད་ཅིང༌། ཚེ་ལ་རང་དབང་དུ་གྱུར་པའི་བཅུད་ལེན་རིལ་བུ་ལ་སོགས་པ་གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་མཐའ་དག་བརྙེས་པས་ཐུན་མོང་གི་མངོན་ཤེས་ལྔ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ། སྙིང་རྗེ་ཆེན་པོ་སྟེ་སྙིང་རྗེ་གསུམ་རྗེས་མཐུན་པ་དང་བཅས་པས་འགྲོ་བ་མཆོག་མི་ལུས་ཀྱི་འདུ་བ་མ་སྙོམས་པ་རྣམས་སྙོམས་པར་མཛད་པའི་དྲང་སྲོང་ཁྱད་པར་ཅན་སྨན་རིག་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ།།

གསུམ་པ་ཤིས་པ་བརྗོད་པ་ནི། ལྷ་རྣམས་ཞེས་པ་ནས་ཞི་བར་མཛོད་ཅེས་པའི་བར་གྱིས་བསྟན་ཏེ། ཆོ་ག་བཞིན་དུ་སྦྱར་བའི་སྨན་འདི་ཉིད་ལྷ་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་འཆི་མེད་ཀྱི་ནི་བདུད་རྩི་ལྟ་བུ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱི་གཙུག་རྒྱན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང༌། ཚེ་ལ་དབང་བའི་དྲང་སྲོང་རྣམས་ཀྱི་བཅུད་ལེན་གྲུབ་པའི་རིལ་བུ་ལྟ་བུར་ནི་གྱུར་ནས་ནད་པ་ཁྱོད་ཀྱི་ལུས་ལ་སྨན་མཆོག་འདི་ཉིད་ཉེ་བར་གནས་པར་གྱུར་ཅིག དེ་ལྟར་གྱུར་ནས་རླུང་མཁྲིས་བད་ཀན་ལས་གྱུར་པ་གོང་དུ་ནད་ཀྱི་དབྱེ་བའི་སྐབས་སུ་བཤད་པའི་བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ལུས་ངག་ཡིད་གསུམ་ལ་གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་སྟེ། མདོར་ན་ཇི་ལྟར་བསམས་པའི་དོན་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག་ཅེས་དོན་དྲན་བཞིན་པའི་སྒོ་ནས་བརྗོད་དོ། །འདི་སྐབས་ཀྱི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཞེས་པའི་རྐང་གྲངས་དང་ཁུངས་གང་ལས་བཤད་ཁོ་བོས་ནི་མ་རྟོགས་སོ།།

བཞི་པ་སྔགས་བཟླ་བ་ནི། ཨོཾ་ལ་སོགས་པའི་ཡི་གེ་དྲུག་ཅུ་སྟེ། དེ་ལ་ཨོཾ་ཞེས་པ་དེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མགོན་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པས་སྐབས་འདིར་བཀྲ་ཤིས་པའི་དབང་དུ་བྱས་པ་ཡིན་ལ། ན་མོ་ནི་ཕྱག་འཚལ་བ། བྷ་ག་ཝ་ཏེ་ནི། བཅོམ་ལྡན་འདས། བྷཻ་ཥ་ཛྱེ་ནི། སྨན་གྱི། གུ་རུ་ནི། བླ་མ། བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ནི། བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ་ནི། དེ་བཞིན་གཤེགས་པ། ཨརྷ་ཏེ་ནི། དགྲ་བཅོམ་པ། སམྱཀྶཾ་བུདྔྷཱ་ཡ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཏ་དྱ་ཐཱ་ནི། འདི་ལྟ་སྟེ། ཨོཾ་ནི་གོང་བཞིན། བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་གཉིས་ནི་སྨན་པ་སྨན་པ་ཞེས་བོད་པ། མཧཱ་བྷཻ་ཥ་ཛྱེ་ནི། སྨན་པ་ཆེན་པོ། བྷེ་ཥ་ཛྱེ་རཱ་ཛཱ་ཡ་ནི། སྨན་པའི་རྒྱལ་པོ་ཞེས་ནན་གྱིས་བོད་པ། ས་མུངྒ་ཏེ་ནི། ཡང་དག་པར་འཕགས་མ་ཞེས་སླར་ཡང་བོད་པ། སྭཱ་ཧཱ་ནི། ལེགས་པའི་གཞི་ཚུགས་ཞེས་པ་སྟེ། བསྡོམས་ན་བཀྲ་ཤིས་པར་གྱུར་ཅིག བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། བཀྲ་ཤིས། སྨན་པ་སྨན་པ། སྨན་པ་ཆེན་པོ། སྨན་པའི་རྒྱལ་པོ། ཡང་དག་འཕགས་མ་ལེགས་པའི་གཞི་ཚུགས་སོ་ཞེས་པའོ། །འོ་ན་རྒྱ་སྐད་དུ་བཟླས་པས་ཅི་ཞིག་བྱ། བོད་སྐད་གོ་བདེ་བ་ཉིད་དུ་བརྗོད་པས་ཆོག་མོད་སྙམ་ན་དེ་ནི་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་འདི་ཉིད་སྨན་བྱིན་གྱིས་བརླབས་པའི་སྔགས་སུ་སཾསྐྲྀཏའི་སྐད་དུ་བྱིན་གྱིས་བརླབས་པ་མ་གཏོགས་བོད་སྐད་དུ་མ་གསུངས་པས་རྒྱ་སྐད་སོར་བཞག་འདོན་དགོས་ཏེ། དཔེར་ན་རྟེན་འབྲེལ་སྙིང་པོ་ལྟ་བུའོ། །གསུམ་པ་སྨན་མཆོད་རྫས་སུ་ཤེས་པར་བྱ་བ་ནི། བདུན་བཟླས་ཞེས་པ་ནས་བསོད་ནམས་འབྱུང་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་བསྟོད་པ་དང་ཤིས་བརྗོད་ཀྱི་མཇུག་ཏུ་གཟུངས་དེ་ཉིད་ལན་བདུན་བཟླས་པས་སྨན་དེ་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པ་ཞིག་ཏུ་གྱུར་པར་བསམས་ཏེ། ཕུད་ནམ་མཁའ་ལ་གཏོར་ཏེ་སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་མཆོད་ཅིང༌། དེ་རྗེས་རང་གི་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླངས་པས་རང་གི་ནད་གདོན་བར་ཆད་ཐམས་ཅད་བསལ། དེ་ནས་སྨན་དེ་ནད་པས་བསྟེན་པས་ཚེ་ལ་བར་དུ་གཅོད་པའི་འཆི་བ་སོས་པར་བསམས་ཏེ། དེ་ལྟར་བྱས་པའི་དམ་ཚིག་དང་ལྡན་ཞིང་ཡེ་ཤེས་ཀྱི་བྱིན་རླབས་ཕེབས་པ་དང༌། རྟག་ཏུ་བཀྲ་ཤིས་དང་བསོད་ནམས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ་ཞེས་པའོ། །སྨན་བྱིན་གྱིས་བརླབས་ཚུལ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་ཀྱང་འདི་སྐད་ཅེས་གསུངས་ཏེ། ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། ཚངས་པའི་གཟུགས་སམ། བརྒྱ་བྱིན་གྱི་གཟུགས་སམ། རྒྱལ་པོ་ཆེན་པོ་བཞིའི་གཟུགས་ཁྲིའུ་དང་ཟ་མ་ཏོག་ཏུ་ཕྱག་རྒྱ་བཞི་བགྱིས་ནས་བཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་དང༌། སྤོས་སྣ་ཚོགས་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། དབང་ཕྱུག་ཆེན་པོ་དང༌། གནོད་སྦྱིན་གྱི་སྡེ་དཔོན་དང༌། གནོད་སྦྱིན་སྟོབས་པོ་ཆེ་དང༌། འཕྲོག་མ་ལ་སོགས་པའི་མིང་གིས་དཀོན་ཅོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་ཀྱི་སྟོབས་དང་དབང་ཕྱུག་དང་བྱིན་རླབས་ཀྱིས་བདག་བདེ་ལེགས་སུ་གྱུར་ཅིག བདག་ལ་བསྲུང་བར་གྱུར་ཅིག །ནད་པ་ཐམས་ཅད་ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག ནད་པའི་ཟས་དང་སྐོམ་དང་སྨན་རྣམས་ཀྱང་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང༌། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡིས་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་མཆོག །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་མཆོག །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང༌། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང༌། །ལོག་དད་སེལ་གྱི་ཏིང་འཛིན་དང༌། །གསེར་ཞེས་བྱ་བའི་ཡེ་ཤེས་དང༌། །འོད་སྲུངས་ཀྱིས་ནི་རྫུ་འཕྲུལ་དང༌། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱིས། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་ལ་བཀླག་པར་གྱིས། །སྱཱདྻ་ཐེ་དན། ཁ་ཊེ་ཁ་ཊེ་བི་ཁ་ཌེ། བི་མ་ལེ་བི་ལ་མ་བེ། བ་ལེ་བ་ལ་བ་ཏེ། ཙནྡྲེ་ཙ་ར་ཎེ་ཨ་མྲྀ་ཏ་ནི་རྒྷོ་ཥེ་སྭཱཧཱ། སཾ་གྷ་ས་པ་རི་ཝཱ་ར་དཱ་ན་པ་ཏིས་པ་རི་ཝཱ་ར་སྱ་ཙ། སརྦ་བྱཱ་དྷི་ཤིནྟཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། བདག་ལ་རྟག་ཏུ་བདེ་ལེགས་ཤོག །ཅེས་གསུངས་སོ། །ཡན་ལག་བརྒྱད་པར་ནི། ཚངས་པ་སྐྱེ་རྒུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང༌། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང༌། །འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་བསྲུང་བར་ཤོག །དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང༌། །ལྷ་རྣམས་ཀྱིས་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ཅེས་གཟུངས་བཟླ་བ་དང་བཅས་པ་སྐྱུག་སྨན་གྱི་སྐབས་སུ་བྱ་བར་བཤད་དོ། །དེ་བཞིན་དུ་བདུད་རྩི་བུམ་པ་ལས་ཀྱང་མི་འདྲ་བའི་ཁྱད་པར་གསུངས་ཤིང༌། འཚོ་བྱེད་སྔ་རབས་པ་རྣམས་ཀྱིས་ཟུར་དུ་བཀོད་པ་དག་ཀྱང་ཡོད་མོད། རྒྱས་པ་ལ་སྤྲོ་ན་ཕྱག་རྒྱ་བཞི་ལ་སོགས་པའི་ཆོ་གས་ཁྱད་པར་དུ་བྱས་པ་ཞིག་གཡུ་ཐོག་སྙིང་ཐིག་གི་ཡན་ལག་ཏུ་ཁོ་བོས་བརྩམ་པར་བྱའོ། །དེ་ལྟར་བཤད་པའི་དམ་ཚིག་བློ་བཞག་དྲུག་ལ་སོགས་པ་ནི་མཆོག་གི་ཉེ་ལམ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས་ཀྱང༌། དམ་ཚིག་བསྲུང་བའི་རིམ་པ་ནི་གསུམ་སྟེ། ཕྱི་ནང་གསང་བའོ། །དང་པོ་ལ་བློ་བཞག་དྲུག གཟུང་བྱ་གཉིས། ཤེས་བྱ་གསུམ་མོ། །དེ་དག་ནི་སློབ་དཔོན་ལ་སངས་རྒྱས་ཀྱི་བློ་བཞག དེའི་གསུང་ལ་དྲང་སྲོང་གི་གསུང་དུ་བློ་བཞག གསོ་དཔྱད་ལ་དམ་པའི་ཆོས་སུ་བློ་བཞག མཆེད་གྲོགས་ལ་སྤུན་གྱི་བློ་བཞག་ནད་པ་ལ་བུ་ཚའི་བློ་བཞག རྣག་ཁྲག་ལ་ཁྱི་ཕག་གི་བློ་བཞག་པ་དང་དྲུག་གོ།

གཟུང་བྱ་གཉིས་ནི། སྨན་གྱི་བརྒྱུད་པའི་རིག་འཛིན་རྣམས་བཀའ་སྲུང་དུ་བཟུང་ལ་གསོལ་མཆོད་དང་རེ་བལྟོས་བྱ། ཆ་དཔྱད་རྣམས་ཡི་དམ་གྱི་ཕྱག་ཆ་ལྟར་བཟུང་སྟེ་མི་འབྲལ་བར་བཅང་ངོ༌། །ཤེས་བྱ་གསུམ་ནི། སྨན་རྣམས་དགོས་འདོད་འབྱུང་བའི་ནོར་བུ། རིག་འཛིན་མཆོད་པའི་མཆོད་རྫས། ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱའོ། །ཞེས་ཀྱང་གསུངས་ཤིང༌། ནང་དང་གསང་བའི་དམ་ཚིག་ནི་འདིར་བཤད་པར་བྱ་བའི་སྐབས་མ་ཡིན་པས། འདི་གཉིས་ཀྱི་དམ་ཚིག་རྡོ་རྗེའི་རྒྱ་མདུད་དུ་ཤེས་པར་བྱ་ཞིང༌། དེའི་ཚེ་ན་སྨིན་གྲོལ་གྱི་རིམ་པ་ལ་གཞོལ་བར་གྱིས་ཤིག་ཅེས་གདམས་སོ། །འདིར་སྨྲས་པ། སྐད་ཅིག་མཁའ་ལ་སྤྱོད་པ་གྲུབ་པའི་གྲི། །འདི་མཚུངས་ཉེ་ལམ་གསང་དོན་ཅི་ཞིག་ཡོད། །གང་འདིས་མ་ཟིན་སྨན་པ་ཁོལ་པོ་བཞིན། །དེ་ཕྱིར་ཁོ་བོ་བདེ་བས་མ་མྱོས་སམ། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་རྣམ་པ་བཟོ་པ་ནི། རྣམ་པ་ཞེས་པ་ནས་དཔོན་དུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་རྣམ་པ་བཟོ་བ་ཞེས་པ་ལའང་ལུས་བཟོ་བ་དང་ངག་བཟོ་བ་དང་ཡིད་བཟོ་བ་སྟེ་གསུམ་མོ། །དེ་ལ་དང་པོ་ལུས་ཀྱི་ཆ་ཤས་ལག་པས་བཟོ་བ་སྨན་དང་དཔྱད་ཀྱི་སྐབས་སུ་གཅེའུ་དང་གཙག་ཆ་དང་སྒྱོགས་ཁྲ་བྱི་ཟེ་ལ་སོགས་པའི་བཟོ་ལ་མཁས་པ་དང༌། ངག་གི་བཟོ་ཚིག་སྙན་ཞིང་ཟློས་པར་མཁས་པས་ནད་པ་སྤྲོ་བ་སྐྱེད་ནུས་པ་དང༌། ཡིད་ཀྱི་བཟོ་རིག་པ་ཤིན་ཏུ་བཀྲ་བས་ན་རྟག་པར་སྨན་དཔྱད་སོགས་སོ་སོར་ཡིད་ལ་མ་རྨོངས་པར་གསལ་བ་སྟེ། དེ་རྣམས་ཤེས་པ་ནི་བཟོ་རྣམས་ཤེས་པ་ཀུན་གྱི་དཔོན་པོ་སྟེ་མཆོག་ཏུ་གྱུར་པ་ཡིན་ནོ།།

ལྔ་པ་བྱ་བ་ལ་བརྩོན་པ་ལ་གཉིས་ཏེ། རང་གི་བྱ་བ་ལ་བརྩོན་པ་དང༌། གཞན་གྱི་བྱ་བ་ལ་བརྩོན་པའོ། །དང་པོ་ལ་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱ་བ་ཞེས་པ་ནས་གོམས་མཐར་དབྱུང་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པའི་རྒྱུ་བྱ་བ་ལ་བརྩོན་པ་ཞེས་བྱ་བ་ལའང་བདག་གི་བྱ་བ་ལ་བརྩོན་པ་དང༌། གཞན་གྱི་བྱ་བ་ལ་བརྩོན་པ་གཉིས་ཏེ། དེ་ལ་དང་པོ་བདག་ཉིད་ཀྱི་བྱ་བ་ལ་བརྩོན་པ་ལའང་རྒྱུ་ལ་བསླབ་པ་དང་རྐྱེན་བསྟེན་པ་དང་གྲོགས་ལ་བརྩོན་པར་བྱ་བ་དང་གོམས་པ་མཐར་དབྱུང་བ་དང་རྣམ་པ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་པ་ནས་བསྟེན་པར་སྣང་ཞེས་པའི་བར་གྱིས་བསྟན་ཏེ། ཤེས་པར་བྱ་བའི་ཡོན་ཏན་ཏམས་ཅད་ཀྱི་རྒྱུ་ནི་ཡེ་གེ་འབྲི་ཀློག་རྣམ་དག་ཤེས་པ་དེ་ཉིད་ཡིན་པས་ཐོག་མ་ཉིད་དུ་དེ་དག་མཐའ་རུ་ཕྱིན་ངེས་ཤེས་པར་བསླབ་དགོས་ཏེ། དེ་ཅིའི་ཕྱིར་ན་ཡོན་ཏན་རྒྱ་ཆེ་ཞིང་འཆད་རྩོད་རྩོམ་པ་ལ་མཁས་པ་ཆོད་པ་དང་མི་ཆོད་པ་ཡི་གེ་འབྲི་ཀློག་ལ་གཙོ་བོར་བསྟེན་ཞིང་རག་ལས་པར་སྣང་བའི་ཕྱིར། དེ་ལྟར་ཡང་སུམ་ཅུ་པ་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་པ་བཤད་པར་བྱ། །ཞེས་དང༌། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །ཅེས་གསུངས་སོ།།

གཉིས་པ་རྐྱེན་བསྟེན་པ་ནི། དེ་རྐྱེན་ཞེས་པ་ནས་མཁས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཡི་གེ་འབྲི་ཀློག་མཁས་པར་གྱུར་ནས་སྨན་དཔྱད་ལ་མཁས་པར་བྱེད་པ་དེའི་རྐྱེན་དུ་སློབ་དཔོན་རྣམ་དག་བསྟེན་དགོས་ཏེ། དེ་ལའང་སློབ་དཔོན་གྱི་མཚན་ཉིད་དང༌། བསྟེན་པའི་ཐབས་དང༌། བསྟེན་པའི་དགོས་པ་གསུམ་ལས། དང་པོ་སློབ་དཔོན་གྱི་མཚན་ཉིད་ནི། རང་གཞན་གྱི་གཞུང་ལུགས་རྒྱ་ཆེ་བར་མཐོང་ཞིང་དེའི་ཚིག་དོན་ལ་མཁས་པ་དང༌། སྣ་གཅིག་མ་ཡིན་པའི་མན་ངག་གང་མང་དུ་ལྡན་ཞིང་སེར་སྣ་མེད་པ་དང༌། ངང་རྒྱུད་རིང་ཞིང་གསོག་དང་གསོབ་སྟེ་གཡོ་རྒྱུ་དང་ཟོལ་ཟོག་ཆུང་པ། ནད་པ་དང་སློབ་མ་ལ་བརྩེ་ཞིང་རིགས་མཐོ་བ་ཀུན་གྱིས་གོང་དུ་བཀུར་བར་འོས་པ་ཉིད་བསྟེན་པར་བྱ་བ་དང༌། མཚན་ཉིད་དེ་དང་ལྡན་པའི་སློབ་དཔོན་རྙེད་ནས་བསྟེན་པའི་ཐབས་ནི། འདི་དཔྱིས་ཕྱིན་པ་སློབ་བམ་མི་སློབ་ཅེས་པ་ལ་སོགས་པའི་དོགས་པ་ཡེ་མེད་པར་བློ་རྩེ་གཅིག་ཏུ་གཏད། ངོས་ལྐོག་ཁྱད་མེད་པའི་སློབ་དཔོན་གྱི་བྱ་བ་དེ་གང་ཡིན་པ་དེའི་གསུང་བཞིན་དུ་སྒྲུབ་པ་དང༌། སྤྱོད་པ་རྣམ་ཐར་ཐམས་ཅད་ཀྱང་དེའི་དགོངས་པའི་ཡུལ་དང་བསྟུན་ཞིང༌། བློ་སྐྱེད་ཅུང་ཟད་རེ་ལས་མ་བྱུང་ཀྱང་དེའི་དྲིན་ཁོ་ནར་ཚོར་བར་བྱས་ནས་རྒྱུན་ངང་དུ་བསྲིང་བར་བྱ་དགོས་སོ། །དེ་ལྟར་བྱས་པའི་དགོས་པ་ནི། སྨན་དཔྱད་ཀྱི་གཞུང་ལུགས་མྱུར་དུ་སློབས་ཤིང་མཁས་པར་འགྱུར་བ་ཡིན་ནོ། །གསུམ་པ་གྲོགས་ལ་བརྩོན་བར་བྱ་བ་ནི། གྲོགས་ལ་ཞེས་པ་ནས་བར་གཅོད་དགྲ་ཞེས་པའི་བར་གྱིས་བསྟན་ཏེ། སློབ་དཔོན་བསྟེན་པ་ཙམ་དུ་མ་ཟད་གྲོགས་མཆེད་རྣམས་ལའང་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་འདི་ལྟར་བྱ་སྟེ། འགའ་ཞིག་ལ་གཞུང་འདིའི་སྐབས་སུ་ཅི་ཞེས་ཞུ་བ་དང༌། ལ་ལ་ལ་འདི་དང་འདི་ཅི་ཞེས་འདྲི་བ་དང༌། དཔེ་དང་སློབ་དཔོན་སོགས་ཀྱི་ངག་ལས་གཟུང་བ་དང་དེ་རྣམས་ཀྱི་དོན་ལ་བསམས་པ་རྣམས་ལ་ལེ་ལོ་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་དེ་ཉིད་བསམ་པ་ལ་བར་དུ་གཅོད་པའི་དགྲ་བོ་དངོས་ཡིན་པའི་ཕྱིར་ན་རྣམ་པ་ཐམས་ཅད་དུ་བརྩོན་འགྲུས་དྲག་ཏུ་བརྩམ་པར་བྱའོ། །བཞི་པ་གོམས་པ་མཐར་དབྱུང་བ་ནི། གོམས་པ་ཞེས་པ་ནས་སྤོང་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཡི་གེ་འབྲི་ཀློག་དང་སློབ་དཔོན་བསྟེན་པ་དང་གྲོགས་ལ་བརྩོན་པ་ལྷུར་བླངས་པས་མཁས་པར་གྱུར་པ་མཐར་དབྱུང་བ་ལ་ལེགས་པར་བཤད་པའི་ཆ་ཤས་འདུག་ན་མཆོག་དམན་སུ་ལ་འདུག་ཀྱང་ཐབས་ཀྱིས་ཞུ་ཞིང་ཉམས་སུ་བླང་བ་སྟེ། དེ་ལྟར་བྱས་པས་ཚིག་དོན་ཐམས་ཅད་ཡིད་ལ་ཞེན་ཞིང༌། དྲིས་པས་ཐེ་ཚོམ་སྤོང་བར་བྱེད་དེ་གདེང་དང་ལྡན་པར་འགྱུར་རོ། །སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟེན་ཚུལ་སོགས་རྒྱས་པར་སྨན་གྱི་ཆོས་འབྱུང་དུ་ཤེས་པར་བྱའོ།།

གཉིས་པ་གཞན་གྱི་བྱ་བ་བརྩོན་པ་ནི། གཞན་གྱི་ཞེས་པ་ནས་བརྩོན་པས་བསྒྲིམ་ཞེས་པའི་བར་གྱིས་བསྟན་ཏེ། རང་གི་བྱ་བ་ལ་བརྩོན་པར་བྱས་པས་མཁས་པར་གྱུར་ནས་ད་ནི་གཞན་གྱི་བྱ་བ་ལ་བརྩོན་པར་བྱའོ། །དེའང་འདི་སྐབས་ཀྱི་གཞན་ཞེས་བྱ་བ་ནི་ནད་པ་སྟེ། དེའི་དོན་ལན་ཅིག་ཙམ་ལས་ཤི་གསོན་ཐག་མ་ཆོད་ཀྱི་བར་དུ་ཕྱི་བཤོལ་དང་བྱ་བ་གཞན་གྱིས་བར་དུ་མ་ཆོད་པར་རྩེ་གཅིག་ཏུ་བསྒྲིམ་པར་བྱ་དགོས་ཏེ། དཔེར་ན་གྱང་མཐོན་པོ་ཕྲ་ལ་རིང་བའི་ཐོག་ཏུ་མར་ཁུས་གང་བའི་ཕོར་པ་ཁུར་ནས་འགྲོ་བ་ལ་མར་བོ་ན་གསོད་པར་གདོན་མི་ཟའོ། །ཞེས་བསྡིགས་ན་བསྒྲིམས་ཏེ་འགྲོ་བ་བཞིན་དུ་ནད་ཀྱི་ཚོད་ལས་དཔགས་པའི་སྨན་དཔྱད་དུས་དུས་ལས་མ་འགྱངས་པར་བརྩོན་པས་སྒྲིམས་ཤིག་ཅེས་པའོ། །འདིའི་སྐབས་སུ་སྔ་རབས་པ་རྣམས་ཀྱི་གཏམ་རྒྱུད་དག་མིན་མ་དག་མིན་དང་སྦྱར་ནས་བཤད་པ་ཕལ་ཆེར་ཡང་དོན་འདི་ཙམ་གྱིས་སྟོན་ནུས་པར་འགྱུར་བས་མ་སྤྲོས་ལ། ཅིས་ཀྱི་དགའ་ན། བུ་སྟོན་ཆོས་འབྱུང་གི་དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་ཐར་གྱི་སྐབས་སུ་བལྟ་བར་བྱའོ། །དྲུག་པ་མི་ཆོས་མཆོག་མཁས་པར་བྱ་བ་ནི། མི་ཡི་ཞེས་པ་ནས་ཐེ་ཚོམ་མེད་ཅེས་པའི་བར་གྱིས་བསྟན་ཏེ། རྒྱུ་ཐ་མ་མིའི་ཆོས་ལུགས་ལ་མཁས་པར་བྱ་བ་ནི་འདི་ལྟ་སྟེ། འཇིག་རྟེན་མི་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དམ་པ་ལྷ་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དེ་གཉིས་ཐུན་མོང་དུ་སྤྱད་པ་གསུམ་མོ། །དང་པོ་འཇིག་རྟེན་མི་ཆོས་དང་མཐུན་པར་སྤྱད་པ་དེ་ལ་ཐོག་མར་མཁས་པར་བསླབ་པ་དང༌། ཕན་གདགས་བྱའི་ཡུལ་དུ་གྱུར་པ་འགའ་ཞིག་ལ་ལུས་ངག་གཉེན་པོའི་སྒོ་ནས་བཅའ་བ་དེ་མགུ་བ་བསྐྱེད་པ་དང༌། ལ་ལ་ལ་རྒྱུད་གྱོང་པོའི་ཚུལ་གྱིས་འདུལ་བ་གང་ལ་གང་འཚམ་པ་གསུམ་དང་ལྡན་ན་འདོད་པ་འགྲུབ་པར་འགྱུར་ཞིང༌། དེ་བཞིན་དུ་དམ་པའི་ཆོས་ལུགས་ལའང་སྣ་དུལ་ཏེ་ཤེས་རྒྱུད་དུལ་བ་དང་འགྲོག་པ་བདེ་བ་དང་འདོད་པ་ལ་ཆོག་ཤེས་པར་གྱུར་ན་རང་གཞན་ཐམས་ཅད་ལ་ཕན་ཐོགས་པར་འགྱུར་ལ། དེ་གཉིས་ཀ་ཐུན་མོང་དུ་གྱུར་པ་ནི་ནད་ཀྱི་ཉམ་ཐག་པ་རྣམས་དང༌། དབུལ་ཞིང་འཕོངས་པ་རྣམས་ལ་ལྷག་པར་སྙིང་བརྩེ་བས་གཙང་དམེ་མེད་པར་རྗེས་སུ་བཟུང་བའི་ཚེ་ན་འདི་ནི་སྨན་པ་བྱང་ཆུབ་སེམས་དཔའ་འོ་ཞེས་བླ་དཔོན་མཐོན་པོ་རྣམས་ཀྱིས་རང་གི་འདོད་དོན་མཁོ་དགུ་བསྒྲུབ་པར་འགྱུར་རོ། །དེ་ལྟར་ན་བློ་དང་ལྡན་པ་ལ་སོགས་པ་སྨན་པ་མཁས་པ་རྒྱུའི་ཚོགས་པ་དྲུག་དང་ལྡན་ན་ཚེ་འདིར་སྙན་གྲགས་དང་འདོད་ཡོན་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འོག་ནས་འབྱུང་བ་ལྟར་འགྲུབ་པར་ཐེ་ཚོམ་དང་སོམ་ཉི་ཡོད་པ་མ་ཡིན་ནོ། །དེ་ལྟར་ཀྱང་ཡོངས་གཏད་ལས། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱི། །ཞེས་འབྱུང་ངོ༌། །གཉིས་པ་སྨན་པའི་ངོ་བོ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། འདུལ་པ་གཞི་བམ་པོ་དྲུག་ཅུ་རྩ་གཉིས་པ་ལས། བཞི་གང་དག་ཅེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་འབྱུང་བ་སྤང་བ་ལ་མཁས་པ་ཡིན།སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འདི་ལྟ་བུ་དང༌། འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །

ནད་ཀུན་ནས་སློང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་འདི་ནི་རླུང་གིས་ཀུན་ནས་བསླང་བའང་མཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ། འདུས་པ་ལས་གྱུར་པའོ་ཞེས་དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ། །ནད་འབྱུང་བ་སྤོང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་མི་སྨན་ནམ། བསྐུ་མཉེ་འམ་སྐྱུག་སྨན་ནམ། བཀྲུ་སྨན་ནམ། རྣར་བླུག་པའམ། དུ་བས་བདུག་པའམ། ནད་རྩི་ལས་ཀྱིས་སྤང་བར་འགྱུར་རོ་ཞེས་དེ་ལྟར་ནད་འབྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ། །ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང༌། འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་ཞེས་དེ་ལྟར་ན་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན། རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་ཚིག་གི་དོན་ནི། ཉེས་པ་ཞེས་པ་ནས་ངོ་བོར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པ་གང་ཞིག་ཉེས་པ་གསུམ་དང་གནོད་བྱ་བཅུ་དང་གཉེན་པོ་སྨན་དཔྱད་ཀྱི་མཚན་ཉིད་མཐའ་དག་རྣམས་དབང་པོ་རབ་འབྲིང་ཅི་རིགས་འཐད་པའི་ཚུལ་གྱིས་ཁོང་དུ་ཆུད་པའི་ཤེས་པ་དེ་ཉིད་སྨན་པའི་ངོ་བོ་ཡིན་པར་འདོད་དོ། །གསུམ་པ་སྨན་པའི་ངེས་ཚིག་ནི། ངེས་ཚིག་ཅེས་པ་ནས་འཁུར་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པ་ཞེས་པའི་ངེས་ཚིག་ནི་ནད་ཀྱི་ཟུག་རྔུ་ལས་གསོ་ཞིང་ལུས་ལ་ཕན་འདོགས་པའི་ཕྱིར་སྨན་དང༌། ནད་ཚབས་ཆེན་པོའི་སྟེང་དུ་ཐུར་མ་དང་འདྲལ་གཅོད་ཀྱི་དཔྱད་བྱེད་པའི་ཚེ་དཔའ་ཞིང་མི་ཞུམ་པས་ན་སྨན་པ་ཞེས་པ་དང༌། ཡང་ན་འགྲོ་བ་རྣམས་ལ་ཕ་ལྟར་སྐྱོབ་པས་སྨན་པ། གཞན་ཡང་རྒྱལ་པོ་རྣམས་ནི་འཇིག་རྟེན་ཀུན་གྱི་ལྷ་ཡིན་ཞིང༌། དེ་རྣམས་ཀྱིས་ཀྱང་རྗེ་རུ་འཁུར་བར་བྱེད་པས་ན་ལྷ་རྗེ་ཞེས་ཀྱང་བྱ་སྟེ་རྣམ་གྲངས་སོ། །ཡང་ན་སྨན་ནི་ཕན་པ་ཡིན་ལ། འདི་ཕན་པར་བྱེད་པ་པོ་ཡིན་པས་སམ། སྨན་ཞེས་པ་ལ་བདག་པོའི་སྒྲ་སྦྱར་བས་སྨན་པ་ཞེས་པ་སྟེ། དཔེར་ན་ཚོང་བྱེད་པ་པོ་ལ་ཚོང་པ་ཞེས་ཟེར་བ་བཞིན་ནོ། །བཞི་པ་སྨན་པའི་དབྱེ་བ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྱེ་བ་ཞེས་པ་ནས་གྲགས་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པའི་དབྱེ་བ་ནི་སྨན་པ་བླ་ན་མེད་པ་དང༌། ཁྱད་པར་ཅན་དང༌། ཕལ་པ་གསུམ་དུ་ཡོད་པ་ཡིན་ཏེ། དེའང་གང་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དེའི་རྒྱུ་མ་རིག་པ་དང་འབྲས་བུ་རླུང་མཁྲིས་བད་ཀན་གྱི་ནད་རྣམས་སེལ་བའི་སྨན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་གོང་ན་སྨན་པ་གཞན་མེད་ཅེས་པའི་དོན་དང༌། གོང་དང་བླ་གཉིས་ཨུཏྟ་རའི་སྒྲ་ལས་དྲངས་ཏེ་དོན་གཅིག་པས་སོ། །འདི་ནི་སྒྱུ་འཕྲུལ་དྲ་བར། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ནད་དོ་ཅོག་གི་སྒྲ་ཆེ་བ། །ཞེས་པའི་དོན་དང་མཚུངས་པའོ། །ཁྱད་པར་ཅན་གྱི་སྨན་པ་ནི་གཞན་རྒྱུད་རིག་པས་མངོན་པར་ཤེས་པ་དང་བྱམས་པ་དང་སྙིང་རྗེ་ཚད་མེད་པ་དང་ལྡན་པས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་བདེ་བ་ལ་སྦྱོར་ཞིང་རང་རྒྱུད་དྲང་པོར་སྲོང་བ་སྟེ།

འདི་ནི་ཙ་ར་ཀར། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང༌། །མངོན་ཤེས་ལྔ་དང་ལྡན་འགྱུར་ཞིང༌། །རིག་པའི་གནས་མཆོག་བཅོ་བརྒྱད་ཤེས། །ཞེས་པ་དང་མཐུན་ནོ། །ཕལ་པའི་སྨན་པ་གཉིས་ལས། དང་པོ་ལ་དོན་དང་མཐུན་པའི་ཆོས་རྒྱལ་རིགས་གསུམ་མགོན་པའི་སྤྲུལ་པ་རྣམས་ཀྱི་བླའི་སྨན་པར་གནང་བ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པ་དང༌། རྒྱལ་པོའི་བླ་སྨན་གྱི་རིགས་མ་ཡིན་ཡང་དེ་དག་གི་རྗེས་སུ་ཞུགས་ནས་ལེགས་པར་གཞུང་ལུགས་ལ་ལེགས་པར་སྦྱངས་པའི་སྨན་པ་དང༌། གཞུང་ལུགས་ལ་སྦྱངས་པའི་ཡོན་ཏན་རྒྱ་ཆེན་པོ་དང་མི་ལྡན་ཀྱང༌། སློབ་དཔོན་གྱི་ཕྱག་ལེན་མཐོང་བ་བརྒྱུད་པའི་ལས་ལ་གོམས་པའི་སྨན་པ་དང་རྣམ་པ་གསུམ་པོ་ནི་འགྲོ་བ་རྣམས་ཀྱི་སྲོག་གི་གཉེན་པོ་ཡིན་ལ་ཅི་ཡང་མི་ཤེས་ཀྱང་ལྟོ་གོས་ཀྱི་འདོད་པས་འཕྲལ་དུ་སྨན་པའི་ཆ་ལུགས་བཟུང་བ་ནི་སྲོག་གི་གཤེད་མ་ཡིན་པས་སྨན་པ་ཞེས་མིང་ཙམ་དུ་ཟད་དོ། །འོན་ཀྱང་དབྱེ་བ་འདིའི་སྐབས་སུ་གནང་རིགས་རྗེས་སྦྱངས་ལས་གོམས་ཀྱི་སྨན་པ་གསུམ་མཆོག་དང༌། ཕྱི་མ་ལ་ཐ་མ་ཞེས་ཡོངས་སུ་གྲགས་པ་སྟེ། འཇིག་རྟེན་ཉིད་གཙོ་བོར་བྱས་པའི་དབྱེ་བའི་དབང་གིས་ཡིན་ནོ། །འདིར་མཁས་པར་གྲགས་པ་དག་གིས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་གསུམ་ཡང་ཁྱད་པར་ཅན་དུ་འདྲེན་པ་ནི་རྣམ་པར་འཁྱམས་པའོ། །སྐབས་འདིར་སྔ་རབས་པ་རྣམས་ན་རེ། གནང་བ་རིགས་ཀྱི་སྨན་པ་ཞེས་པ་རྒྱལ་པོ་རྣམས་ཀྱིས་སྨན་པར་གནང་བ་སྦྱིན་ནས་སྨན་པའི་རིགས་རྒྱུད་དང་ལྡན་པ་སྟེ། རྒྱ་གར་ན་འཚོ་བྱེད་གཞོན་ནུ་ལྟ་བུ་དང༌། བོད་ན་བྲང་ཏི་རྒྱལ་མཉེས་ལྟ་བུ་དང༌། རྗེས་འཇུག་སྦྱངས་པའི་སྨན་པ་ཞེས་པ་མཁས་པ་རྣམས་ཀྱི་རྗེས་སུ་ཞུགས་ནས་སྦྱངས་པ་སྟེ། རྒྱ་གར་ན་དཔལ་ལྡན་ཕ་ཁོལ། བོད་ན་གཡུ་ཐོག་པ་དང་མི་ཉག་ལྟ་བུ། འདུས་བྱས་ལས་ལ་གོམས་པའི་སྨན་པ་ཞེས་པ་གཞུང་གི་དོན་མི་ཤེས་ཀྱང་གདམས་ངག་གི་སྐོར་ལ་བརྟེན་ནས་སློབ་དཔོན་གྱི་ཕྱག་བཞེས་མཐོང་བ་ལ་གོམས་པ་དང་རང་གི་ཉམས་སུ་མྱོང་བ་ལ་གོམས་པའི་སྨན་པ་དེ་བྲང་ཏི་སྲས་བུ་དང༌། གཉའ་བ་དཀོན་རྟེན། མཐའ་བཞི་དར་པོ་ལྟ་བུའོ། །འདོད་པས་འཕྲལ་བསླབས་ཀྱི་སྨན་པ་ནི་སྦྱངས་གོམས་མེད་ནའང་འདོད་པས་གདུངས་ནས་སྨན་པའི་ཆ་ལུགས་འཛིན་ཏེ། དེ་ལ་བཞི། ནད་པ་རྒན་གོམས་ཀྱི་སྨན་པ། ཤོག་བུ་མཚམས་འབྱེད་ཀྱི་སྨན་པ། ཡིག་སྣ་བྲུལ་སྒྲུག་གི་སྨན་པ། རྒྱ་པ་ཕྱོགས་གཏོགས་ཀྱི་སྨན་པའོ། །དང་པོ་ནི། ནད་པ་རང་ཉིད་ལ་ཕན་གོམས་གང་བྱུང་གི་རྗེས་སུ་དཔགས་ནས་གཞན་གྱི་ནད་འཆོས་པ་དང༌། གཉིས་པ་ནི། མན་ངག་གི་ཤོག་དྲིལ་ཟབ་ཟབ་མོ་འགའ་ཞིག་མཐོང་བ་ལ་བརྟེན་ནས་སྨན་པ་བྱེད་པ་དང༌། གསུམ་པ་ནི། གཞན་ཟེར་དང་ཡིག་མཁན་དང་ཇག་པ་བྱས་པའི་ཡིག་སྒུམ་དང་སྨན་སྒུམ་ལ་བརྟེན་པས་སྨན་པ་བྱེད་པ་དང༌། བཞི་པ་ནི། སྟོད་སྨད་ཀྱི་སྨན་ཚོང་བྱས་པས་སྨན་འདི་ནི་འདི་ལ་ཕན་ནོ། །ཞེས་འགའ་ཞིག་ཤེས་པ་ལ་བརྟེན་ནས་སྨན་པ་བྱེད་པ་རྣམས་ནི་སྲོག་གི་གཤེད་ཡིན་ནོ། །ཞེས་གྲགས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཆོག་གི་སྨན་པ་བཤད་པ་དང༌། ཐ་མའི་སྨན་པ་བཤད་པའོ། །དང་པོ་ནི། གདུང་བཙུན་ཞེས་པ་ནས་སྤྲུལ་པར་བཤད་ཅེས་པའི་བར་གྱིས་བསྟན་ཏེ། རྗེ་རིགས་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་གདུང་བཙུན་ལ་དོན་དང་དོན་མ་ཡིན་པ་སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཞིང་དམ་ཚིག་ལ་རྟག་ཏུ་གནས་པ་གཞུང་ལུགས་མདོ་རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་མན་ངག་ཟབ་མོ་གནད་དུ་ཁེལ་ངེས་ཤེས་པར་བརྡེག་པ། ལག་ལེན་མཐའ་དག་རབ་ཏུ་གོམས་པ་ཐོབ་ཅིང་གཙོ་བོར་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་བས་ཆོས་བརྒྱད་ཀྱིས་ཀུན་ནས་བླངས་པའི་འདོད་པ་སྤངས་པ། སྒོ་གསུམ་དུལ་ཞིང་ལུས་ངག་ཡིད་ཀྱི་བཟོ་མཁས་ལ་འགྲོ་བ་རྣམས་ལ་སྙིང་རྗེ་དང་བྱམས་སེམས་ལྷག་པར་ཆེ་བ་དང༌། དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་ནད་པ་ལ་སོགས་པ་གཞན་གྱི་དོན་ལ་རང་དོན་ལས་ཀྱང་གཅེས་པར་སེམས་པ། གསོ་དཔྱད་ཀྱི་གཞུང་ལུགས་ལུགས་སྡེ་མཐའ་དག་གི་ཚིག་དོན་ཀུན་ལ་རྨོངས་པ་མེད་པ་སྟེ། དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི་སྨན་པར་ཁས་འཆེ་བ་ཐམས་ཅད་ཀྱི་མཆོག་དམ་པ་དང༌། འགྲོ་བ་ནད་ཀྱིས་ཉམ་ཐག་པ་རྣམས་ཀྱི་མགོན་སྐྱབས་གཅིག་པུ་བ་དང༌། སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་ཀྱི་བརྒྱུད་པ་འཛིན་པའི་སྲས་པོ་དང༌། འཚོ་མཛད་སྨན་པའི་རྒྱལ་པོ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྤྲུལ་པ་ཡིན་པར་བདག་རིག་པའི་ཡེ་ཤེས་ཀྱིས་བཤད་པ་ཡིན་ནོ། །གཉིས་པ་ཐ་མའི་སྨན་པ་བཤད་པ་ནི། དེ་ལྟར་ཞེས་པ་ནས་འཁོར་རྣམས་ཕུང་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་པའི་སྨན་པ་ཐ་མའི་སྐྱོན་ནི་འདི་ལྟར་མཐོང་སྟེ། རིགས་རྒྱུད་བཟང་པོ་མེད་པ་གདོལ་པ་དང་སྨྱིག་མ་མཁན་དང་ཡ་བཤན་ལ་སོགས་པ་རིགས་ངན་གྱིས་བྱས་པའི་སྨན་པ་དེ་ནི་ཝ་ཡིས་སེང་གེའི་རྒྱལ་ས་བཟུང་བ་ལྟར་ཀུན་གྱིས་སྤྱི་བོར་བཀུར་བར་མི་འགྱུར་རོ། །དེ་བཞིན་དུ་སྨན་དཔྱད་ཀྱི་གཞུང་དོན་མི་ཤེས་པའི་སྨན་པ་དེ་ནི་ནད་པ་བལྟ་བའི་ཚེ་དམུས་ལོང་དག་ལ་མར་ལ་སོགས་པའི་རྫས་བསྟན་པ་བཞིན་དུ་ནད་རིགས་གང་ཡིན་མི་ཤེས་ཤིང་དེ་ལ་བཅོས་གང་བྱེད་ཀྱང་ཤན་མི་ཕྱེད་དོ། །སློབ་དཔོན་གྱི་ཕྱག་ལེན་མཐོང་ཞིང་གོམས་འདྲིས་མེད་པའི་སྨན་པ་དེ་ནི་རྒྱུས་མེད་ལམ་དུ་འཇུག་པ་བཞིན་དུ་ནད་རྟགས་འདི་ཇི་ལྟ་བུ་དང་དཔྱད་འདི་ལ་ཇི་ལྟར་བྱ་སྙམ་ཞིང་ཐེ་ཚོམ་དུ་འགྱུར་རོ། །ཡང་བལྟ་རེག་དྲི་བ་ལ་སོགས་པའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་གཉེན་བཤེས་མེད་པའི་བྱེས་ཡུལ་མཐའ་འཁོབ་ཏུ་འཁྱམས་པ་ལ་ངོ་ཤེས་སུ་ཡང་མེད་པ་དང་འདྲ་བར་ནད་ངོ་ཤེས་པ་གཅིག་ཀྱང་མི་འབྱུང་ངོ༌། །ཁྱད་པར་དུ་རྩ་ཆུའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་བྱ་བས་བྱ་གཏོང་མི་ཤེས་པ་དང་འདྲ་སྟེ། འདི་ཚ་བའོ་འདི་གྲང་བའོ་ཞེས་པའི་སྐད་ཆ་སོ་སོར་མི་སྟེར་རོ། །དེ་དང་མཚུངས་པར་འཚོ་བ་དཀའ་སླ་ལ་སོགས་པའི་ཁ་དམར་གྱི་སྐབས་མི་ཤེས་པའི་སྨན་པ་དེ་ནི་ཡུལ་གྱི་གཙོ་བོས་སྨྲ་མི་ཤེས་པ་དང་འདྲའོ། །མང་པོའི་མདུན་དུ་རང་སྐྱེངས་ཤིང་གྲགས་པ་ངན་པ་འཕོག་པར་འགྱུར་རོ། །ཡང་ན་ངོ་ཤེས་ཀྱང་བཅོས་ཚུལ་མི་ཤེས་པའི་སྨན་པ་དེ་ནི་མུན་ཁུང་གི་འབེན་ལ་མདའ་བརྡེག་པ་དང་འདྲ་སྟེ་གཉེན་པོའི་སྨན་དཔྱད་ནད་ཐོག་ཏུ་འབབ་པར་མི་འགྱུར་རོ། །ཟས་སྤྱོད་མི་ཤེས་པའི་སྨན་པ་དེ་ནི་རང་གི་སྲིད་དགྲ་ཕྱོགས་སུ་ལོག་པ་དང་འདྲ་སྟེ་ནད་ཀྱི་སྟོབས་བསྐྱེད་པའི་གྲོགས་བྱས་ནས་ལུས་ཟུངས་འཇོམས་པར་བྱེད་དོ། །ཐང་ལ་སོགས་པ་ཞི་བྱེད་ཀྱི་སྦྱོར་བ་མི་ཤེས་པའི་སྨན་པ་དེ་ནི། སོ་ནམ་མི་ཤེས་པའི་ཞིང་བས་ལོ་ཉེས་འཕྲལ་དུ་བཟོ་བ་དང་འདྲ་བར་དམན་ལྷག་ལོག་པར་སྦྱར་བས་སླར་ཡང་ནད་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་བཤལ་ལ་སོགས་པའི་སྦྱོང་བྱེད་མི་ཤེས་པའི་སྨན་པ་དེ་ནི་བྱེ་མའི་རི་ལ་ཆུ་འབེབས་པར་བྱེད་ན་ཆུ་དང་བྱེ་མ་གཉིས་ཀ་མེད་པ་དང་འདྲ་བར་ནད་དང་ལུས་ཟུངས་སོ་སོར་མ་རུངས་པར་བྱེད་དོ། །ཡང་གཙག་བུ་ལ་སོགས་པའི་མཁོ་བའི་ཆ་བྱད་མེད་པའི་སྨན་པ་དེ་ནི་གོ་ཆ་དང་མཚོན་ཆ་མེད་པའི་དཔའ་བོ་དང་འདྲ་སྟེ་ནད་ཀྱི་དགྲ་དཔུང་ཆོམས་པར་མི་འགྱུར་རོ། །དེ་བཞིན་དུ་ཆ་བྱད་ཡོད་ཀྱང་གཏར་བསྲེག་མི་ཤེས་པའི་སྨན་པ་དེ་ནི་ནང་ཡན་མེད་པའི་རྐུན་མོ་བྱེད་པ་དང་འདྲ་སྟེ་ནད་དང་དཔྱད་གཉིས་ཕན་ཚུན་དུ་མི་འཕྲད་པར་འཛོལ་བར་འགྱུར་རོ། །རྒྱུ་མཚན་བཅུ་གཉིས་པོ་དེ་རྣམས་ཀྱི་ཕྱིར་སྨན་པ་ངན་པ་དེས་ནི་ནད་ལྕི་བ་དང་ཡང་བ་ལོག་པར་རྟོགས་པ་དེའི་སྐྱོན་གྱིས་དེའི་གསོ་བ་ཡང་ལོག་པ་དག་ཏུ་འགྱུར་བ་དེས་ན་འཆི་བདག་གི་བདུད་ཉིད་སྨན་པའི་ཆ་བྱད་དུ་བྱས་ཤིང་གཤིན་རྗེའི་ཞགས་པ་ལྷ་རྗེ་ཞེས་པའི་མིང་གི་ཚུལ་དུ་ཐོགས་ནས་རྒྱུ་བར་བྱེད་པས་ན་སྲོག་གི་མཁར་པོ་གཡེང་བར་བྱེད་པའི་གཟུ་བ་དངོས་ཡིན་པའི་ཕྱིར་དེའི་ཕྱོགས་དང་འབྲེལ་བ་ཙམ་ཡང་མི་བྱ་སྟེ་འཁོར་དང་བཅས་པ་རྣམས་ཕུང་བར་བྱེད་པས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་ཟེར་ལས། སྨན་པ་ངན་པས་ནད་རྣམས་ནི། །ལྕི་བ་ཡང་བར་ཡོངས་རྟོགས་ཤིང༌། །ནད་ཉུང་དག་ཏུ་བརྟགས་པ་ཡིས། །གསོ་བ་ལོག་པ་དག་ཏུ་འགྱུར། །ཞེས་བྱ་བ་ལ། གང་སྨན་པ་ངན་ཞིང་མི་ཤེས་པ་དེས་ནད་ཀྱི་དབྱིབས་ཙམ་མཐོང་བ་ལས་ནད་ལྕི་བ་ཡང་བ་ལྟ་བུར་རྟོགས་ཤིང་ངེས་པར་བྱེད་དེ། ནད་ཉུང་པར་བརྟགས་པས་ནད་ཀྱི་ཚད་ཆུང་བར་ངེས་པར་བྱ་བའི་ཕྱིར་གསོ་བ་ལོག་པར་བྱེད་པར་འགྱུར་ལ། ནད་ཆུང་དག་ནད་ཆེ་བ་དང་ནད་ཚབས་ཆེ་བའི་ཉེས་པ་ལྟར་བྱེད་དེ། དེ་ལྟར་ན་ནད་ཡང་བ་ནི་ལྕི་བ་ལྟ་བུར་ཉེས་པ་མང་བར་རྟོགས་ལ། ལྕི་བ་ནི་ཡང་བ་ལྟ་བུར་རྟོགས་པས་ནད་ཆུང་བ་ལ་ནི་ལྕི་བ་ལ་འོས་པའི་སྨན་སྟེར་བར་བྱེད་ཅིང༌། ནད་ལྕི་བ་ལ་ནི་ནད་ཡང་བ་ལ་འོས་པའི་སྨན་སྟེར་བས་གསོ་བ་ལོག་པ་དག་ཏུ་འགྱུར་རོ། །དེ་བས་ཆུང་བའམ་སྟོབས་ཆུང་བ། །དཀྱེལ་ཆེན་ནད་ལ་རབ་ཏུ་སྦྱོར། །སྦྱང་བ་ཆུང་ངུ་སྦྱར་བ་ཡིས། །ནད་ནི་ཤིན་ཏུ་སློང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལྟར་བྱེད་པ་དེ་བས་ན་ཚད་ཆུང་བས་ཆུང་བའམ་སྟོབས་ཆུང་བའམ་ནད་ཀྱི་དཀྱེལ་ཆུང་བར་བརྟགས་པས་ནད་ཀྱི་དཀྱེལ་ཆེན་པོ་སྟོབས་དང་ལྡན་པ་ལ་སྨན་དེ་རབ་ཏུ་སྦྱར་ཞིང་སྟེར་བར་བྱེད་པས། སྦྱོང་བ་ཆུང་ངུར་སྦྱར་ཞིང་བཏང་བས་ནད་དེ་ཤིན་ཏུ་སློང་ཞིང་དཀྲུགས་པས་སླར་ཐུ་བར་བྱེད་པར་འགྱུར། སྦྱོང་བའང་ལྷག་པར་སྦྱོར་དང༌། །ལོག་པར་སྦྱོར་བས་ཕྱིན་ཅི་ལོག །དྲི་མ་འབྱུང་བར་མ་ཟད་ཀྱི། །ལུས་ཀྱང་ཤིན་ཏུ་མ་རུངས་འགྱུར། །ཞེས་བྱ་བ་ལ། ཡང་སྦྱོར་བར་བྱེད་པས་ན་ནད་ཤས་ཆེ་བར་བརྟགས་ནས་ལྷག་པར་ཤས་ཆེ་བའི་སྦྱོར་བར་བྱེད་པ་དང༌། ལོག་པར་སྦྱོར་བ་སྟེ་ནད་ཆུང་ངུ་ལ་ཕྱིན་ཅི་ལོག་ཏུ་སྦྱོང་བ་ལ་སྦྱོར་བར་བྱེད་པའོ། །ཅིའི་ཕྱིར་ཕྱིན་ཅི་ལོག་ཡིན་ཞེ་ན། རང་བཞིན་ཆུང་ཞིང་སྟོབས་ཆུང་བ་ལས་ཚད་ཆེ་བ་དང་སྟོབས་ཆེ་བའི་སྦྱོང་བ་ལ་སྦྱོར་བ་ནི་ལྷག་པར་སྦྱོར་བ་ཡིན་པས་དེས་དྲི་མ་འབའ་ཞིག་འབྱུང་ཞིང་ཟད་པར་འགྱུར་བར་མ་ཟད་ཀྱི་ལུས་ཀྱང་ཤིན་ཏུ་འཇིག་ཅིང་མ་རུངས་པ་ཉིད་དུ་འགྱུར་རོ། །ཞེས་བཤད་པ།།

ལྔ་པ་སྨན་པའི་ལས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྨན་པའི་ཞེས་སོགས་རྐང་པ་གཅིག་སྟེ། གང་ཞིག་སྨན་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་ལས་ལ་ཐུན་མོང་བའི་ལས་དང་ཁྱད་པར་གྱི་ལས་ཏེ་རྣམ་པ་གཉིས་སོ། །གཉིས་པར་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ནི། དང་པོ་ཞེས་པ་ནས་བསམ་ཞིང་གཞིག་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པའི་ལས་རྣམ་པ་གཉིས་ཀྱི་ནང་ནས་དང་པོ་ཐུན་མོང་བའི་ལས་དེ་ལའང་ལུས་ངག་ཡིད་ཀྱིས་ཕྱེ་བའི་བྱ་བའི་ལས་རྣམ་པ་གསུམ་ལས་དང་པོ་ལུས་ཀྱི་ལས་སུ་སྨན་དང་ཆ་དཔྱད་ཀྱི་རིགས་རྣམས་མཐའ་དག་ཚོགས་པར་བསགས་ཤིང༌།ནད་པའི་དོན་དུ་བརྩམ་པར་འོས་པའི་བྱ་བ་གང་ཡིན་པ་དེ་ཉིད་དོན་དུ་གཉེར་བར་བྱ་བ་དེ་བཞིན་དུ་ངག་གི་ལས་ནི་དགེ་མི་དགེའི་ཁ་དམར་གདགས་པ་སྟེ། དེའང་ནད་གང་ཡིན་པ་དེ་ཉིད་ཚུལ་བཞིན་དུ་རྟོགས་ན་ཁྲོམ་དུ་དུང་འབུད་པ་ལྟ་བུར་ཀུན་གྱིས་རྟོགས་པའི་ཁ་དམར་གདགས་ཏེ་འཚོ་བར་ཁས་བླངས་པའམ། མིན་ན་འདི་ཙམ་ནས་འཆི་ཞེས་པའི་དུས་བཏབ་པ་གཅེས་ཤིང༌། ནད་ཇི་ལྟ་བ་ཉམས་སུ་མ་ལོངས་ན་སྦྲུལ་ལ་ལྕེ་གཉིས་ཡོད་པ་བཞིན་ཁ་དམར་ཡང་མི་འདྲ་བ་གཉིས་ལྟ་བུར་གདགས་དགོས་ཏེ། བཟང་ངན་གཉིས་ཀྱི་ཚིག་ལ་ཞོན་ནས་རིམ་པས་གང་དང་གང་མཐུན་པ་དེ་ཉིད་བཟང་བ་ཡིན་པས་དེའི་སྟེང་དུ་འབྲོས་པར་བྱའོ། །ཡང་ན་ནད་པ་དང་སྨན་པ་ཕན་ཚུན་མཐུན་པར་སྣང་བ་གསལ་གདབ་ཅིང་བཤད་པ་དང་སྨན་པའི་བློ་ཡིས་ཆོད་ཀྱང་ཡུལ་ནད་པ་དང་བསྟུན་པ་དང་། བཟང་ངན་གང་ཡང་སྲིད་པའི་སྒོ་མི་དགག་པར་རྫོང་ལ་འབྲོས་པ་སྟེ་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་བྱའོ། །དེ་ལའང་དང་པོ་ནད་པ་རང་ཉིད་ཀྱིས་ནད་འདི་ཡིན་ནམ་སྙམ་ཞེས་སྨྲས་པ་དང་སྨན་པས་རྟོགས་པའི་ནད་དེ་གཅིག་ཅིང་མཐུན་པར་འདུག་ན་དེ་ཉིད་ཁོ་ན་ཡིན་ཚུལ་གསལ་པོར་བརྗོད་པར་བྱ་ཞིང༌། གཉིས་པ་ཡུལ་དང་བསྟུན་པ་ལ་ནད་པས་རང་གི་ནད་དེ་དུག་ཡིན་དུ་དོགས་ནས་སྨྲས་པ་ལ་སྨན་པས་གཞན་དུ་བཟུང་ནས་དུག་མིན་ཞེས་བརྗོད་ན་ཐོག་ཏུ་མ་བྱུང་བས་མི་མཁས་ཞེས་ཟེར་བ་སྲིད་པའི་ཕྱིར་ན་ནད་པའི་བློ་དང་བསྟུན་ནས་ནད་པས་དོགས་པའི་ནད་དེ་ཉིད་ཡིན་པར་བློས་བརྟགས་ནས་དོན་དུ་ནད་གང་ཡིན་པ་དེའི་བཅོས་ལུགས་བྱའོ།།

གསུམ་པ་རྫོང་ལ་འབྲོས་པ་ནི། ནད་པ་དེ་འཚོ་བ་དང་འཆི་བ་ཉེན་ཆེ་ཉེན་ཆུང་ཇི་ལྟར་སྣང་བ་རྣམས་ཀྱང་སྨན་པ་དང་ནད་པ་གཉིས་ཀའི་རླུང་རྟ་དང་ལས་དབང་བསོད་ནམས་ཀྱི་ཤུགས་དང་རྐྱེན་དབང་གིས་ཇི་འདྲ་འཆི་ལ་ཇི་འདྲ་འཚོ་བ་དེ་ངེས་པ་ནམ་ཡང་མེད་པའི་ཕྱིར་ན་ཁ་དམར་ཧ་ཅང་གསལ་བ་རྟབ་རྟབ་ལ་སྨྲར་མི་བཏུབ་སྟེ། ཉེན་ཆེ་བའི་རྣམ་པར་ཡོད་ཀྱང་གསོ་རུང་ཡོད་པ་ལྟར་སྨྲ་ཞིང༌། དེ་བཞིན་དུ་ཉེན་ཆུང་བར་ཚོར་ཡང་འབད་པས་བྱ་ར་དགོས་པར་སྨྲ་ཞིང་གསོ་བར་བྱའོ། །དེ་བས་ན་ལར་ཡང་མི་ཆོས་འཇིག་རྟེན་པ་མཐའ་དག་དང་བསྟུན་ཞིང་ཡིད་ཀྱི་ལས་ནི་བྱ་བ་གང་དང་གང་གི་སྐབས་སུ་ཡང་མ་འཁྲུལ་བར་བརྩོན་འགྲུས་དང་ལྡན་པས་ཡང་ཡང་བསམས་ཤིང་གཞིགས་ལ་འཇུག་པ་དེ་ལྟར་བྱ་དགོས་སོ། །སྐབས་འདིར་སྔ་རབས་པའི་འགྲེལ་པ་རྣམས་སུ་ལུས་ཀྱི་ལས་ནི་སྨན་མི་རྙེད་པའི་དཀའ་བ་ཐམས་ཅད་ཚང་བར་བསགས། དཔྱད་གང་ལ་དགོས་པའི་ཆ་དཔྱད་ཐམས་ཅད་ཚང་བར་བསགས། ནད་པ་བརྟག་པ་དང་བསྐོར་བ་དང་སྨན་སྦྱར་བ་དང་དཔྱད་བྱེད་པ་སོགས་ལ་བརྩོན་པར་བྱའོ། །ངག་གི་ལས་ནི་ཁ་དམར་གདགས་པ་སྟེ་གཉིས་སུ་གདགས་པ་དང་གསུམ་དུ་གདགས་པའོ། །དང་པོ་ནི་འཚོ་འཆི་གང་ཡིན་པ་གཅིག་ཏུ་རྟོགས་ན་ནད་པའི་འཁོར་ཐམས་ཅད་ཀྱི་མདུན་དུ་ཁ་དམར་གསལ་བར་འདོགས་ཏེ་འདི་འཚོ་ཞེས་ཁས་བླང༌། འདི་འཆི་ཞེས་འཆི་བའི་དུས་འདེབས་དང༌། དེ་ལ་བླ་མའི་གདམས་ངག རང་གི་ཉམས་མྱོང༌། བསོད་ནམས་ཀྱི་རྟ་ཁ་གསུམ་འཛོམས་དགོས་ཏེ། མཐོར་གཏོང་དམར་གཏོང་གི་གནད་ཡོད་པའོ། །ཉམས་མ་ལོངས་ན་སྦྲུལ་ལྕེ་ལྟ་བུར་གཉིས་འཛིན་གདགས་དགོས་ཏེ། ནང་གི་མི་རྣམས་ལ་སོས་ཡོང༌། ཕྱིའི་མི་རྣམས་ལ་ཉེན་ཆེ་ཞེས་སྨྲས་པས་སོས་ན་ཕྱི་མི་རྣམས་ན་རེ། སྨན་པ་རང་ཡང་བྲེད་འདུག་པ་ཡིན་ཏེ། སོས་པ་འདི་མཁས་ཟེར་འོང༌། ནང་གི་མི་རྣམས་ན་རེ། ཁས་བླངས་པ་བཞིན་སོས་བྱུང་ཟེར། ཤི་ན་ཕྱི་མི་རྣམས་ན་རེ། སྔར་ནས་ཉེན་ཆེ་ཟེར་འདུག ཁྱེད་ནང་མི་རྣམས་ལ་བཤད་མ་ནུས་པ་ཡིན་ཟེར། ནང་མི་རྣམས་ན་རེ། སྨན་པས་སོས་འོང་ཟེར་ཏེ་སེམས་གསོ་ཡིན་འདུག་ཟེར་ཏེ་མི་ཤེས་པའི་ཡ་ག་མི་ཡོང་བ་ཡིན། ཁ་དམར་གསུམ་གདགས་པ་ནི་མཐུན་སྣང་གསལ་འདེབས་ཀྱི་ཁ་དམར་དང༌། བློ་ཆོད་ཡུལ་དང་བསྟུན་པའི་ཁ་དམར་དང༌། སྲིད་པའི་སྒོ་མི་དགག་པར་རྫོང་ལ་འབྲོས་པའི་ཁ་དམར་གསུམ། དང་པོ་ནི། ནད་པ་དེ་དུག་ཏུ་དོགས་པ་གཅིག་ལ་སྨན་པས་ཀྱང་དུག་ཏུ་རྟོགས་པ་སྟེ་དེ་གཉིས་མཐུན་པར་སྣང་ན་འདི་དུག་གི་ནད་ཡིན་ཏེ་རྟགས་འདི་ལྟ་བུ་འབྱུང་ཞེས་ཁ་ལ་ཡོད་པའི་རྟགས་བརྗོད་པས་ངེས་ཤེས་སྐྱེ། གཉིས་པ་ནི་ནད་པས་ངའི་འདི་དུག་ཡིན་ཟེར་ཏེ་བློ་མི་གཏོད་པ་སྲིད་པའི་ཕྱིར། སྨུག་པོ་ལྟ་བུ་ཡིན་འདུག་ཀྱང་ཁྱོད་ཀྱི་འདི་དུག་ཡིན་པར་འདུག་ཅེས་ཁོའི་བློ་དང་བསྟུན་པས་ཡིད་ཆེས་ཏེ་འོང༌། རང་འཆོས་པའི་སྐབས་སུ་ནད་གང་ཡིན་པ་དེ་བཅོས་སོ། །གསུམ་པ་ནི། ནད་པ་དང་སྨན་པ་གཉིས་ཀའི་བསོད་ནམས་དར་གུད། ནད་པའི་སྲོག་དར་རྒུད། སྨན་པའི་རླུང་རྟ་དར་གུད། མཐུན་རྐྱེན་འཛོམས་མ་འཛོམས་ཀྱི་རྐྱེན་གྱིས་ཉེན་ཆེ་ཞིང་འཆི་བར་རྟོགས་པ་ལ་སོས་པ་མང་པོ་ཡོད་པས་འཆོས་པའོ། །ཇི་ལྟར་ཉེན་ཆུང་ཞིང་འཚོ་བར་རྟོགས་པ་ལའང་འཆི་བ་འབྱུང་བ་དེས་ན་རང་གི་རྟོགས་ཚད་རང་སྨྲ་མི་བཏུབ་སྟེ། ཇི་ལྟར་ཉེན་ཆེ་ཞིང་འཆི་བར་མཐོང་ཡང་གསོ་ཐབས་ཡོད་པས་བཅོས་ཀ་བསྒྱུར་གྱིན་བྱེད། མི་དང་རྟ་ལ་མ་ཤི་བར་དཔྱད་བྱ་བ་ཡིན། སེམས་གསོ་ཞིང་འཆོས་པའོ། །ཇི་ལྟར་ཉེན་ཆུང་ཞིང་འཚོ་བར་ཆོད་ཀྱང་དེ་གར་བཞག་པས་སྐྱོན་ཡོང་ཉེན་ཡོང་བས་ལེ་ལོ་སོར་གཅིག་ལ་ཉེས་པ་འདོམ་གང་བྱ་བ་ཡིན། སྨན་གདོན་རོ་མེད་པར་སྦྱར་བའོ། །དེ་རྣམས་རང་ལ་བློ་གཏད་ནས་འཆོས་པའི་ཁ་དམར་ཡིན། སྨན་པ་གཉིས་བར་དུ་བཅུག་པ་ལྟ་བུ་ཡིན་ན། འཆི་འཆི་འདྲ་ལ་ཁག་ཕར་བསྐུར། སོས་སོས་འདྲ་ན་ཞིམ་ཁ་རང་གིས་ལེན་ཤེས་དགོས་ཏེ། ལར་ན་མི་ཆོས་མཁས་པར་ཤེས་པར་བྱ་དགོས་སོ། །ཞེས་བཤད་དོ།།

གཉིས་པ་ཁྱད་པར་གྱི་ལས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ཞེས་སོགས་རྐང་པ་གཅིག་སྟེ། སྨན་པས་ཁྱད་པར་དུ་སྤྱད་པར་བྱ་བའི་ལས་ནི་ལྟ་བ་དང་སྒོམ་པ་དང་སྤྱོད་པ་གསུམ་ཉམས་སུ་བླང་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ལའང་སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ཆོས་ཐེག་པ་རིམ་པ་དགུ་ཡོད་པ་དེ་རྣམས་ཀྱི་ནང་ནས་དབུ་མ་དང་མཐུན་པར་རྟོགས་ཏེ། དབུ་མ་ནི་མཐའ་དང་བྲལ་བ་ལ་ཟེར་བ་ཡིན་པས་འདིར་ཡང་དམན་ལྷག་ལོག་པའི་མཐའ་གསུམ་དང་བྲལ་ཏེ་ཡང་དག་པར་དབུ་མ་བལྟ་བའོ། །དེའང་ནད་བརྟག་པའི་དུས་ན་ནད་ཆེན་པོ་ལ་ཆུང་བར་རྟོགས་པ་དམན་པ། ཆུང་བ་ལ་ཆེན་པོར་རྟོགས་པ་ལྷག་པ། ཚ་བ་ལ་གྲང་བར་རྟོགས་པ་ནི་ལོག་པ། དེ་གསུམ་དང་བྲལ་ཏེ་ཡང་དག་པར་རྟོགས་པ་ནི་དབུ་མའི་ལྟ་བའོ། །གསོ་བའི་དུས་སུ་ནད་མ་ཆོམས་པ་ནི་དམན་པ། ནད་དེ་ཟད་ནས་གཞན་བསླང་བ་ནི་ལྷག་པ། ཚ་བ་དྲོད་ཀྱིས་བཅོས་ན་ལོག་པ་སྟེ། མཐའ་དེ་གསུམ་དང་བྲལ་བ་ནས་ཡང་དག་པའི་གསོ་བ་ཤེས་པ་ནི་དབུ་མའི་ལྟ་བའོ། །ཞེས་ཟེར་རོ། །དེ་ལ་ཐེག་པ་རིམ་པ་དགུ་ཞེས་པ་ནི་གཞན་གྱི་ཆོས་སྐད་ཡིན་པས་འདིར་ལྟ་བའི་སྐབས་སུ་མི་འཐད་ལ། ཁྱད་པར་དུ་དམན་ལྷག་ལོག་པ་གསུམ་དང་བྲལ་བའི་བརྟག་པ་དང་གསོ་བ་ཡང་དག་པ་ཤེས་པ་དེ་དབུ་མའི་ལྟ་བར་ནམ་ཡང་མི་རུང་སྟེ། དེ་ལྟར་སྨན་པ་མཁས་པ་ཁོ་ན་ཙམ་མ་གཏོགས་གཞན་སུ་ལའང་དབུ་མའི་ལྟ་བ་མི་འབྱུང་བར་ཐལ་བའི་ཕྱིར་དང༌། དབུ་མའི་ལྟ་བ་དེ་དང་མཐའ་དང་བྲལ་བ་མ་ཡིན་པར་འགྱུར་ཏེ། ནད་ཡང་དག་པར་རྟོགས་པ་དང་ཡང་དག་པའི་གསོ་བ་ཤེས་པ་དེ་དབུ་མའི་ལྟ་བར་ཁས་བླངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ལྟ་བ་རྣམ་པར་དག་པ་ནི་ཆོས་རྣམས་ཀུན་ལ་ལུང་རིགས་ཀྱིས་དཔྱད་དེ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མར་རྟོགས་པར་བྱ་ཞིང༌། སྨན་པ་རང་གི་རྟག་ཆད་སྤོང་ཚུལ་ཡང་སྦྱོར་བ་དམན་པའི་མཐའ་དང་ལྷག་པའི་མཐའ་ལོག་པའི་མཐའ་སྤང་བའི་ལྟ་བའོ། །ཡང་དག་པའི་དབུ་མའི་ལྟ་བ་ལ་གཉིས་ཏེ། རྗེས་ཐོབ་ནས་དོན་དམ་པར་ཡོད་པ་དང༌། དོན་དམ་པར་མེད་པའི་ཆོས་རྣམས་རྗེས་ཐོབ་ནས་ཤན་འབྱེད་པ་ནི་རྗེས་ཐོབ་ཤན་འབྱེད་པའི་ལྟ་བ་དང༌།

མཉམ་གཞག་རང་ལ་བལྟོས་ཏེ་ཆོས་གང་ཡང་སྨྲ་བསམ་བརྗོད་མེད་དུ་སྟོན་པ་ནི་མཉམ་གཞག་ལ་བཟླ་བའི་ལྟ་བ་སྟེ། དབུ་མ་པའི་ལྟ་བའི་མཆོག་དེ་དག་ཤེས་པར་བྱ་ཞེས་པའོ། །ཞེས་དང༌། དེ་བཞིན་དུ་སྐབས་འདིར་ཚིག་གི་ལྟ་བ་རྣམས་ཀྱི་མཐར་ཐུག་པ་དབུ་མའི་ལྟ་བ་སྟོན་པ་ཡིན་ནོ། །ཞེས་སོགས་ཟེར་རོ། །འདི་གཉིས་ཀས་ཚིག་ཙམ་ལ་འཁྲུལ་བ་ཡིན་ཏེ། དེ་ལྟར་ན་ཧ་ཅང་ཐལ་ཆེས་ཤིང༌། འདིར་དབུ་མ་ཞེས་པའི་མཚན་ཉིད་དུ། དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤངས་པ་ཞེས་བྱུང་བས་འདི་ལྟ་བུའི་དབུ་མའི་ལྟ་བ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གང་ནས་བཤད། དེ་གཉིས་ལས་མ་གསུངས་པའི་དབུ་མའི་ལྟ་བ་ནི་ངོ་མཚར་བའི་གནས་ཡིན་ནོ། །དེས་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བའི་ལམ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་པའི་ཚུལ་དང་ཇི་ལྟར་སྦྱོར། དེ་དང་མི་མཐུན་པའི་དབུ་མའི་ལྟ་བ་གཞན་ཞིག་ཁས་ལེན་ན་ནི། ས་པཎ་གྱིས། ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་བཤད་པས་དེ་ལྟ་བ་རྣམ་དག་ཏུ་མི་འགྱུར་རོ། །དེས་ན་འདི་སྐབས་ཀྱི་ལྟ་སྒོམ་སྤྱོད་པ་ཞེས་པ་ནི་སྨན་པ་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་པས་སྨན་པ་རང་ཉིད་ལ་སྦྱར་བ་འོས་ཀྱི། རྡོ་རྗེ་ཐེག་པ་ནས་གསུངས་པའི་ལྟ་སྒོམ་གྱི་སྤྱོད་པ་དང་ཚུལ་གཅིག་ཏུ་འཆད་ན་གཞུང་དོན་ཕྱིན་ཅི་ལོག་ཏུ་བཀྲལ་པས་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ལྟ་བ་ཞེས་པ་ནས་ལྟ་བའི་མཆོག་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པ་རང་གི་ཁྱད་པར་གྱི་ལས་ལྟ་སྒོམ་སྤྱོད་གསུམ་ཡོད་པའི་ལྟ་བ་ནི་ཉམས་སུ་བླང་བར་བྱ་བའི་ཆོས་རྣམས་མ་ལུས་པ་ཀུན་ལ་དབུ་མ་སྟེ་དྲང་པོ་ཁོ་ནར་རྟོགས་པར་བྱ་སྟེ། དེའང་ནད་ངོས་འཛིན་དང་སྨན་དཔྱད་སོགས་དམན་པའི་མཐའ་དང་ལྷག་པའི་མཐའ་དང་ལོག་པའི་མཐའ་སྟེ་རྣམ་པ་གསུམ་སྤངས་པའི་ཉམས་སུ་ལེན་ཚུལ་ཡང་དག་པ་དབུས་སུ་དྲང་པོའམ་དབུ་མར་ལྟ་བ་ནི་ལྟ་བ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །ཞེས་པ་མཐའ་ཐམས་ཅད་དང་བྲལ་བ་ནི་མ་ཡིན་ནོ།།

གཉིས་པ་སྒོམ་པ་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། སྒོམ་པ་ནི་གོང་དུ་བསྟན་པའི་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའི་ངང་དུ་གནས་ནས་བསམ་གཏན་གྱི་གོལ་ས་མཉམ་གཞག་རང་ངོས་ནས་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བཞི་རུ་མ་ཤོར་བར་བསམ་གཏན་ལ་དཔྱད་པར་བྱ། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། འདིར་ནད་པ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ཙམ་བསྟན་གྱི། སྒོམ་པ་དངོས་གཞི་བསྐྱེད་རྫོགས་ཀྱི་ཆ་གང་ཡང་མ་བསྟན་ཞིང༌། ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱི་དོན་ཡང་འདིར་སྦྱར་དུ་མི་རུང་ངོ༌། །འདི་ལ་སྔ་རབས་པ་རྣམས་ན་རེ། ལོག་པའི་གོལ་ས་བཞི་ཞེས་པ། ནད་པ་མང་པོ་བྱུང་ན་ནད་ཀྱིས་ཡུན་རིང་དུ་སྦྱངས་ན་བློ་ལ་མི་འཕྲོད་པས་ཤི་ན་དགའ་སྙམ་པ་བྱུང་ན་དགའ་བ་ལོག་པའོ། །ནད་པ་ན་རུང་ཤི་རུང་ལག་ཐོབ་རྣམས་འཐོབ་པར་བྱ་དགོས་སྙམ་ན་བྱམས་པ་གོ་ལོག་པའོ། །བཟང་པོ་རྣམས་བཅོས་ངན་པ་རྣམས་མི་འཆོས་སྙམ་ན་བཏང་སྙོམས་གོ་ལོག་པ་ཡིན་པས་སྐྱོན་དེ་རྣམས་ཀྱི་དབང་དུ་མ་ཤོར་བར་བྱའོ། །ཞེས་ཟེར་རོ། །འདི་ཡང་གཞུང་དོན་མ་ཡིན་ཏེ་ལོག་པའི་གོལ་ས་ཞེས་པའི་དོན་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། སྒོམ་པ་ཞེས་སོགས་རྐང་པ་གཉིས་ཏེ། སྨན་པ་རྣམས་ཀྱིས་ཉམས་སུ་བླང་བ་ཁྱད་པར་དུ་བྱ་བ་ནི་སྒོམ་པ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་གནས་ནས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག་སྙམ་དུ་ཚད་མེད་བཞིའི་ངང་དུ་གནས་པར་བྱའོ། །དེའང་ཕྱོགས་རིས་ཅན་དུ་སོང་ན་ལོག་པའི་གོལ་ས་ཡིན་པས་བྱས་པ་མི་གཟོ་བ་རྣམས་ལ་བྱམས་པ་དང༌། བསྟན་པ་དང་སེམས་ཅན་ལ་སྡང་བ་རྣམས་ལ་སྙིང་རྗེ་བ་དང༌། སྨན་པ་གཞན་གྱིས་བལྟས་པའི་ནད་པ་ཤི་བ་ལ་དགའ་བ་དང༌། ནད་པ་ཤི་གསོན་གང་ལའང་བཏང་སྙོམས་སུ་གནས་པ་སྟེ་བཞི་རུ་མ་ཤོར་བ་གཅེས་སོ།།

གསུམ་པ་སྤྱོད་པ་སྟོན་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། མི་དགེ་བ་སྤང་བ་ནི། ནད་པའི་ཕྱིར་དུ་སེམས་ཅན་གྱི་སྲོག་མི་གཅད། ནད་པའི་ཁྱིམ་ནས་ནོར་མི་བརྐུ། ནད་པའི་ཆུང་མ་ལ་མི་གཡེམ། གསོ་སྙིང་མི་འདོད་པའི་གསོ་བ་ལ་རེ་བའི་རྫུན་མི་བྱ། ནད་གཡོག་དང་ཕྲ་མ་དབྱེན་མི་འཇུག ཁྱོད་འཆི་སོས་ཞེས་པའི་ངག་འཁྱལ་མི་སྨྲ། ནད་པ་ལ་ཁྲོ་བ་དང་རྒོལ་བའི་ཚིག་རྩུབ་སྤང༌། ནད་པའི་ནོར་ལ་ཆགས་སེམས་ཀྱི་མི་འཐོབ་པས་མི་དབྲལ། ནད་པ་རྔམ་སེམས་ཀྱི་དཔྱད་ཁ་འཇམ་དང་ཏེལ་མི་བྱ། ཤི་ན་དགའ་སྙམ་པའི་ལོག་ལྟ་མི་བྱ་སྟེ། བཅུ་པོ་དེ་མི་དགེ་བ་ཡིན་པས་སྤངས་ན་གསོ་སླ་བའི་གྲོགས་སུ་འགྱུར་ཞིང་ཕྱི་མ་བྱང་ཆུབ་ལ་བགྲོད་ཐག་ཉེའོ། །སྨྱོ་སྤྱོད་གསུམ་དོར་བ་ནི། ཕྱི་མའི་རྣམ་སྨིན་ཁུར་ན་སྨན་པ་སྨྱོ། མཁས་པ་ལ་མཉམ་དུ་རེ་ན་སྨན་པ་སྨྱོ། རང་བཅོས་གྲོགས་མགོ་འདོན་ན་སྨན་པ་སྨྱོ། །ཞེས་བྱ་སྟེ། ཕྱི་མ་རྒྱབ་ཏུ་བོར་ནས་ཚེ་འདི་ལ་སྙན་གྲགས་ཅི་ཐོབ་དང་ཟས་ནོར་ཅི་ཐོབ་བྱེད་པ་ནི་སྨན་པ་སྨྱོ་བ་ཡིན་ཏེ། ཚེ་འདི་ལས་ཕྱི་མ་རིང་བའི་ཕྱིར་རོ། །སྨན་པ་རང་ལས་མཁས་པ་གཅིག་བྱུང་བ་ལ་དེའི་འོག་ཏུ་མི་འཛུལ་བར་དྲེགས་པ་བསྐྱེད་དེ་མཉམ་དུ་རེ་ནའང་སྨྱོ་བ་ཡིན་ཏེ། མཁས་པ་དེ་ཞེ་ཁྲེལ་སྐྱེ་བའི་ཕྱིར་རོ། །སྨན་པ་མཉམ་པ་གཉིས་ནད་པ་དབར་དུ་བཅུག་པ་ལ་ནད་པ་གསོ་བའི་དཀའ་སྤྱད་རང་གིས་ཁུར་ནས་མཁས་ཁྱད་ནོར་ཁྱད་གྲོགས་ལ་ཤོར་ན་སྨྱོ་བ་ཡིན་ཏེ། ཁོ་རང་བསླུས་པའི་ཕྱིར་རོ། །འཆལ་སྤྱོད་གསུམ་དོར་བ་ནི། བསླུ་བྲིད་རྫུན་འཕྲུལ་ཆེ་བ་སྨན་པ་འཆལ། །ཞེས་བྱ་སྟེ། བསླུ་བྲིད་ཀྱི་རྫུན་གྱིས་རྡེའུ་དང་སྐྲན་འདོན་པ་སོགས་བྱེད་ན་སྨན་པ་འཆལ་པ་ཡིན་ཏེ། རང་ཉིད་ཕྱིས་མི་བྲིན་པའི་ཕྱིར་རོ། །ཁས་བླངས་པ་དེ་དོན་ཐོག་ཏུ་མི་རྒྱུག་པར་ཁ་མི་རྟག་ན་འཆལ་པ་ཡིན། རང་ལ་ཚད་མར་མི་འཛིན་པའི་ཕྱིར་རོ། །ལེ་ལོ་དང་ཆང་དབང་གིས་ནད་པ་གཡེལ་ན་འཆལ་པ་ཡིན་ཏེ། ནད་པ་ཤོར་ན་མིས་འཆའ་ཞིང་རང་འགྱོད་པའི་ཕྱིར་རོ། །ཐོ་ཆོའི་སྤྱོད་པ་གསུམ་དོར་བ་ནི། བསླབ་ཤེས་མེད་པའི་དྲེགས་པ་ཐོ་ཆོ་ཡིན། རང་ལ་མེད་པའི་དཔའ་ཆོས་ཐོ་ཆོ་ཡིན། མཉམ་འགྲོགས་ཁྱད་གསོད་བྱེད་ན་ཐོ་ཆོ་ཡིན། ཞེས་བྱ་སྟེ། རང་ལ་བསླབ་ཤེས་ཀྱི་ཡོན་ཏན་ཅི་ཡང་མེད་པར་དྲེགས་པ་ཆེན་པོ་བྱེད་པ་ཐོ་ཆོ་ཡིན་ཏེ། བསོད་ནམས་འགག་པའི་ཕྱིར་ཏེ་རང་ལ་ནོར་རྫས་མེད་པའི་དཔའ་ཆོས་ཀྱི་འཆོར་བྱེད་ན་ཐོ་ཆོ་ཡིན། འཕྱར་ཁ་འབྱུང་བའི་ཕྱིར། སྨན་པ་མཉམ་པོ་ལ་ཁྱད་གསོད་བྱེད་ན་ཐོ་ཆོ་ཡིན་ཏེ། རང་སྲོག་སྐྱོ་བའི་ཕྱིར་རོ། །དིག་སྤྱོད་གསུམ་དོར་བ་ནི། བྱས་ལ་རང་དོན་མེད་ན་དིག་པ་ཡིན། ནད་ལ་ཁུ་འཁྲིག་མེད་ན་དིག་པ་ཡིན། རོ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན། ཞེས་བྱ་སྟེ། ནད་པ་ལ་དཀའ་དགུ་ཆེར་བྱས་ནས་རང་འདོད་སྒྲུབ་མ་ཤེས་ན་དིག་པ་ཡིན་ཏེ། རང་འདོད་ཡལ་བར་ཤོར་བའི་ཕྱིར། ནད་ངོས་འཛིན་པའམ་གཉན་གཅོག་པའི་དུས་སུ་ནད་དེ་ཡིན་ནམ། གཞན་དུ་འཁྱོག་གམ་སྙམ་པའི་ཁུ་འཁྲིག་མེད་པར་ཆིག་ཚུགས་སུ་འཆོས་ན་དིག་པ་ཡིན་ཏེ། ནད་ཀྱི་འོག་འགྲིམ་མི་ཚོར་བའི་ཕྱིར། འཆི་ངེས་པའི་ནད་པ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན་ཏེ་རོ་ལ་ཚིས་བྱས་པའི་ཕྱིར་རོ། །ངན་སྤྱོད་གསུམ་དོར་བ་ནི། མཉམ་གཉིས་གོང་དུ་ཤོར་ན་སྨན་པ་ངན། སྨན་དང་ཆ་དཔྱད་གཡར་ན་སྨན་པ་ངན། ནད་པ་དཔེ་ཡིས་འཆོས་ན་སྨན་པ་ངན། ཞེས་བྱ་སྟེ། སྨན་པ་ཡོན་ཏན་མཉམ་པོ་ལ་གཅིག་གོང་དུ་ཤོར་ན་ངན་པ་ཡིན་ཏེ། རང་གིས་རང་ལ་མགོ་དམོད་ཡིན་པའི་ཕྱིར། སྨན་དང་ཆ་དཔྱད་རང་ལ་མེད་པར་གཞན་ལ་གཡར་ཞིང་འཚོལ་ན་ངན་པ་ཡིན་ཏེ། མི་ལ་རག་ལས་པའི་ཕྱིར། དཔེ་ཆ་ལ་བལྟས་ཀྱིན་ནད་པ་འཆོས་ན་ངན་པ་ཡིན་ཏེ། ཁོང་དུ་མ་ཆུད་པའི་རྟགས་ཡིན་པའི་ཕྱིར་རོ། །དེ་ལྟར་ངན་པའི་སྤྱོད་པ་བཅོ་ལྔ་པོ་དེ་དོར་ཞིང་སྐྱོན་མེད་པར་བྱའོ། །ཞེས་དང༌། སྤྱོད་པར་བྱ་བའི་སྤྱོད་པ་ལྔ་ནི། སྨན་ལ་སེར་སྣ་མེད་པར་གཏོང་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། ངག་གིས་ནད་པའི་སེམས་གསོ་བ་ཆོས་ཀྱི་སྦྱིན་པ་ཡིན། གཅེས་པའི་སྲོག་སྟེར་བ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་ཡིན། གཡོ་སྒྱུ་ཚུལ་འཆོས་ཀྱི་དྲི་མས་མ་གོས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ནད་པའི་ཁོང་ཁྲོ་ལ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། རྟགས་དཔྱད་བཅོས་པ་ལ་ལེ་ལོ་མི་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དེས་ན་ཕ་རོལ་ཏུ་ཕྱིན་པ་བཞི་ལ་སྤྱོད་པའོ། །འོ་ན་སྨན་པ་ལ་བསམ་གཏན་དང་ཤེས་རབ་མེད་དམ་སྙམ་ན། ལྟ་བ་མཐའ་གསུམ་དང་བྲལ་བ་དེ་ཤེས་རབ་ལ་རག་ལས་པས་ཤེས་རབ་ཡིན། ཚད་མེད་པ་བཞི་བསྒོམ་པ་ནི་བསམ་གཏན་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་རྫོགས་པའོ། །ཞེས་བཤད་དོ།།

ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་གཞག་པ་རྒྱས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འདི་ལྟར་འབྱུང་སྟེ། གང་ཞིག་དོན་དུ་གཉེར་བ་ལ་སེར་སྣ་མེད་པར་གཏོང་བ་ནི་སྦྱིན་པ་ཡིན་ལ། དེ་ལ་ཐ་ན་ཆོས་ཀྱི་དོན་ཤླཽཀ་གཅིག་འཆད་པ་དང་ཉན་དུ་འཇུག་པ་སོགས་ཆོས་ཀྱི་སྤྱིན་པ་དང༌། ངན་སོང་གསུམ་དུ་སྐྱེ་འགྱུར་གྱི་གནས་ལས་བཟློག་ཅིང་སྲོག་དང་སྡུག་བསྔལ་སྐྱོབ་པ་ནི་མི་འཇིགས་པའི་སྦྱིན་པ། དུག་དང་མཚོན་སོགས་མ་ཡིན་པའི་ནོར་ལོངས་སྤྱོད་ལ་ཕངས་པ་མེད་པ་ཟང་ཟིང་གི་སྦྱིན་པ། སེམས་ཅན་ཐམས་ཅད་སྡུག་ཅིང་འཕོངས་པ་ལ་ལྷག་པར་དུ་བྱམས་པ་བྱམས་པའི་སྦྱིན་པ་སྟེ་བཞིའོ། །དགེ་བའི་མི་མཐུན་པའི་ཕྱོགས་སྤོང་བའི་སེམས་དེ་ཚུལ་ཁྲིམས་ཡིན་པས་དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བཅུ་སྤོང་བ་རྣམས་སྡོམ་པའི་ཚུལ་ཁྲིམས། ཕ་རོལ་ཏུ་ཕྱིན་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ལ་དགེ་བ་མ་སྐྱེས་པ་བསྐྱེད་པར་བྱེད་ཅིང་སྐྱེས་པ་གོང་དུ་སྤེལ་བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཚུལ་ཁྲིམས་གཙང་མའི་སྒོ་ནས་སེམས་ཅན་གྱི་དོན་ཅི་རིགས་སུ་བསྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། གཞན་གྱི་གནོད་པ་སོགས་ལ་ཇི་མི་སྙམ་པ་ནི་བཟོད་པ་ཡིན་པས་དེ་ལ་གནོད་བྱེད་ལ་ཇི་མི་སྙམ་པ་མི་ཁྲོ་བའི་བཟོད་པ། ཆོས་ཀྱི་དོན་ལ་ངལ་དུབ་ལ་ཇི་མི་སྙམ་པ་དཀའ་སྤྱད་ཀྱི་བཟོད་པ། ནད་ལ་སོགས་སྡུག་བསྔལ་དང་ལེན་གྱི་བཟོད་པ། གནས་ལུགས་ལ་མི་སྐྲག་པར་ཟབ་མོ་ངེས་པར་སེམས་པའི་བཟོད་པ་བཞིའོ། དགེ་བ་ལ་ཡང་དག་པར་སྤྲོ་བ་ནི་བརྩོན་འགྲུས་ཡིན་ལ། དེ་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཁུར་འཁུར་བ་གོ་ཆའི་བརྩོན་འགྲུས་དང༌། རང་གཞན་གྱི་དོན་ངོས་དྲག་ལ་ཡུན་རིང་དུ་རྩོམ་པར་སྦྱོར་བའི་བརྩོན་འགྲུས་ཏེ་གཉིས་སོ། །དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་ཡིན་པས་དེ་ལ་ལུས་སེམས་ཤིན་སྦྱངས་ཀྱི་སྒོ་ནས་བདེ་བ་ཁྱད་པར་ཅན་སྟེར་བ་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན། མངོན་ཤེས་དང་རྫུ་འཕྲུལ་སོགས་བསྒྲུབ་པ་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་བསམ་གཏན། བསམ་གཏན་གྱི་སྒོ་ནས་གཞན་དོན་ལྷུར་ལེན་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དེ་གསུམ་མོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ནི་ཤེས་རབ་ཡིན་པས་དེ་ལ་གཙོ་བོར་ཆོས་ཀྱི་མིང་ལ་དམིགས་པ་ཐོབ་པའི་ཤེས་རབ། མིང་དོན་མཉམ་དུ་དམིགས་པ་བསམ་པའི་ཤེས་རབ། དོན་ལ་གཙོ་བོར་དམིགས་པ་སྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ་གསུམ་མོ། །ཞེས་འབྱུང་བ་ལྟར་རོ།།

གཉིས་པ་ཚིག་གི་དོན་ནི། སྤྱོད་པ་ཞེས་སོགས་རྐང་པ་གསུམ་སྟེ། སྨན་པ་རྣམས་ཀྱི་ཁྱད་པར་དུ་སྤྱད་པར་བྱ་བའི་སྤྱོད་པ་ནི་སྤང་བར་བྱ་བ་དང༌། བླང་བར་བྱ་བ་གཉིས་ལས། དང་པོ་ནི་སྲོག་གཅོད་པ་སོགས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤང་བར་བྱ་ཞིང༌། དེར་མ་ཟད་པའི་མ་རབས་ཀྱི་རྣམ་ཐར་སྨྱོ་སྤྱོད་དང་འཆལ་གཏམ་དང་ཐོ་ཆོ་དང་དིག་ལབ་ལ་སོགས་པ་ཡ་རབས་ཡོན་ཏན་ཅན་རྣམས་དང་བསྲེ་མི་རུང་བའི་ངན་སྤྱོད་རྣམས་དོར་བར་བྱའོ། །གཉིས་པ་ཉམས་སུ་བླང་བྱ་ནི་བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་རྣམས་དང༌། ཤུགས་ལས་བསམ་གཏན་དང་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡོངས་སུ་སྤྱད་པར་བྱ་དགོས་སོ། །འདི་སྐབས་ཀྱི་སྤྱོད་པ་བླང་དོར་ཞེས་པ་སྔ་རབས་ཀྱི་གཞུང་འགྲེལ་ཀུན་ལས་འབྱུང་མོད་ཀྱང༌། འོག་ཏུ་དོར་བྱ་སྔུན་དང་བླང་བྱ་རྗེས་སུ་བཤད་པའི་རིམ་པ་ཉམས་པའི་སྐྱོན་དུ་འགྱུར་ཏེ། མངོན་པ་མཛོད་དུ། དང་པོ་རྣོ་དང་རྟུལ་བ་དང༌། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་འབྱུང་བ་ལ། ལོ་ཙཱ་བས་འགྱུར་མ་ཤེས་ཞེས་སྐྱོན་བརྗོད་པ་ལྟར་ཡིན་པས། འདི་སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་སྤང༌། ཞེས་པ་ཉིད་ལེགས་སོ། །འདིས་མཚོན་ནས་གཞན་ཡང་གོང་དུ་ཇི་སྙེད་གཅིག་འདུག་པ་རྣམས་ལའང་རྟོགས་པར་བྱའོ། །དྲུག་པ་སྨན་པའི་འབྲས་བུ་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྨན་པའི་ཞེས་སོགས་རྐང་པ་གཅིག་སྟེ། བཤད་ཟིན་པའི་རིམ་པ་རྒྱུ་དང་ངོ་བོ་ལ་སོགས་པ་ཡོངས་སུ་རྫོགས་པའི་སྨན་པ་དེའི་འབྲས་བུ་ནི་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་རྣམ་པ་གཉིས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ལའང་སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ཀྱི་འགྲེལ་པར། གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་འབྱུང་བ་སྟེ། རང་ལ་ནད་མི་འབྱུང་བར་བྱས་ཏེ་ནད་མེད་པར་གནས་པ་ལ་འཚོ་བའི་ལོངས་སྤྱོད་ནད་པས་སྦྱོར་བས་ནད་མེད་ཅིང་ལྟོ་རྒྱབ་འཁྱོངས་པ་ནི་སྐྱིད་ཅེས་བྱའོ། །སྙན་གྲགས་ཐོབ་ན་ཡུལ་ཁམས་དབང་དུ་འདུས་ཏེ། རབ་རྟ་བའི་ཉིན་ལམ་གྲུ་བཞི། འབྲིང་མི་རིང་གི ཐ་མ་གྲོ་ལམ་གྲུ་བཞིར་སྐྱེལ་མ་ཐུབ་པ་ནི་དབང་ཞེས་བྱའོ། །ཡང་ན་ནད་པ་ལ་དབང་ཐོབ་པའམ་ཚེ་ལ་དབང་ཐོབ་པའོ། །ལོངས་སྤྱོད་ནི་གནས་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་ཡོད་པའོ། །དེ་རྣམས་གྲུབ་ཙམ་ན་སྡུག་བསྔལ་དང་བྲལ་བས་བདེ་ལ་གནས་པ་ནི་འབྲས་བུའོ། །འབྲས་བུ་སྒྲུབ་པར་བྱེད་པའི་ཐབས་ནི་གསོ་དཔྱད་ཀྱི་སྨན་ཤེས་པ་ཡིན། སྨན་ལ་སྙན་གྲགས་ཐོབ་པར་བྱེད་པའི་ཡན་ལག་ནི་མི་ཆོས་ལ་མཁས་པ་ཡིན་པས། དང་པོ་ཤེས་ནས་ཡོན་ཏན་མགོ་འཛུད་པ་ལ་ནང་གི་ཡོན་ཏན་མི་ལ་འཕྱར་དགོས་ཏེ། ཚིག་སྙན་རྣམས་བློར་བཅུག་ནས་མི་མང་པོ་ཚོགས་པ་དང་གཉིས་གསུམ་ཙམ་ལའང་ངས་འདི་ལྟ་བུ་ཤེས་སོ་ཞེས་ཚིག་སྙན་དང་སྟོང་ཐུན་གྱི་ཁ་རྒྱངས་རྣམས་བཤད། སློབ་དཔོན་མི་ཆེ་བ་དང་གདམས་ངག་མང་བ་ལག་ལེན་མཁས་པ་སོགས་བརྗོད་པས་དེར་མི་དེས་ཁ་ལ་གཡའ་དགགས་ནས་བསྟན་པར་འགྱུར་རོ། །བྱུང་བ་དང་རང་ལ་འཆོས་མི་འཆོས་སྡིག་པའི་ཚོད་དཀའ་བྱས་ལུགས་ལ་སོགས་པ་མང་པོ་བརྗོད་པས། དེས་ཤེས་པར་འདུག་ཟེར་བའི་གྲགས་པ་འབྱུང༌། དེ་ནས་ཡུལ་ཕྱོགས་ན་ནད་པ་ཡོད་པ་དེ་ལ་འཚོ་བའི་མི་རྣམས་ཀྱི་རྣམ་པར་བློ་སྤུན་ཏེ། ནད་དེ་ཇི་ལྟར་ན། སྨན་པ་སུ་ཡོད་དྲིས་ནས་ནད་དེ་འདི་སྐད་ཅེས་བྱ་བ་ཡིན། སྨན་པ་དེ་ལྟ་བུས་འཆོས་རང་ཤེས་ཏེ་ངས་བཅོས་ན་ཚེགས་མེད་དེ་བའི་སློབ་དཔོན་དེ་ག་ལ་མཁས་པ་ཡིན་ཏེ། ངས་ཀྱང་ནད་རིགས་དེ་ལ་ལག་ལེན་མང་པོ་བྱས་ཞེས་རྣ་བར་བླུག་པས་དེར་མི་དེས་ཁོ་ལ་གཡའ་དགགས་ནས་ནད་པ་དེ་སྟོན་པར་འགྱུར། སྟོན་དུ་བྱུང་བ་དང་རང་ལ་འཆོས་མི་འཆོས་ཚོད་སྡིག་ཅིང་བླང་སྟེ། མི་འཆོས་པར་ཤེས་ན་བཅོས་ན་ཚེགས་མི་འོང་བར་འདུག་སྟེ། ཁོས་བཅོས་ན་སོས་མི་འོང་ངམ་བྱས་པས་སོས་རུང་མི་སོས་རུང་རང་མགོ་ཐོན་ནས་འོང༌། འཆོས་པར་འདུག་ན་ཁོང་དང་སྤྱོད་པ་བསྟུན་ལ་བཅོས་འགྲོགས་བདེ་བར་བྱའོ། །དེ་ལྟ་བུ་གཅིག་སོས་གཉིས་སོས་ཚེ་ན་སྙན་གྲགས་འབྱུང་བར་འགྱུར་རོ། །ནད་པ་མང་པོ་སོས་ཤིང་སྙན་གྲགས་ཐོབ་ཙ་ན་ཟས་ནོར་མི་འདོད་ཀྱང་རང་ཤུགས་ལས་འབྱུང་ངོ༌། །དང་པོ་མགོ་མི་ཐོན་པའི་ཧར་ཁ་མི་བསྐྱེད། སེམས་ཆུང་ལ་བརྟེན་ནས་བག་དང་ལྡན་པར་བྱས་ལ་ཡོན་ཏན་ཚོད་ཤེས་པ་བཙལ་བར་བྱའོ། །སེམས་ཆུང་དྲགས་ན་སླར་རང་གི་མགོ་མི་ཐོན་པས་འདི་སྐབས་སུ་འདི་ལྟར་བྱས་ན་མཁས་ཁྱད་ཅིག་འོང་བར་འདུག་སྙམ་དུ་ངེས་པ་རྙེད་པའི་དུས་རང་གི་མགོ་འདོན་ཕྱོགས་སུ་བྱའོ། །གཏང་རག་བླང་བའི་དུས་ཀྱང་ནད་པ་དེའི་ན་བ་མ་སོས་ཀྱང་ཤི་བ་དང་བྲལ་ནས་ནད་གཞུག་མ་ཐོན་ཏེ་སྨན་པ་ད་དུང་དགོས་པའི་དུས་དེར་དྲིན་དུ་གཟོ་དུས་ཡིན་པས་ནོར་རྫས་བཤེར་ལ་བླང་བའི་དུས་ཡིན་ནོ། །དེ་ལས་འགྱངས་ན་སྔར་དྲིན་བརྗེད་ཕྱིས་མི་དགོས་པས་དྲིན་ལན་མི་ཁྲེལ་བར་འགྱུར་རོ། །ཞེས་བཤད་པ་དེ་རྣམས་ལ་འཐད་མི་འཐད་ཅི་རིགས་པའི་ཚུལ་གྱིས་སྣང་ངོ༌། །

གཉིས་པ་ཚིག་གི་དོན་ནི། གནས་སྐབས་ཞེས་པ་ནས་ལ་མི་ཁྱེར་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པའི་འབྲས་བུ་གཉིས་ཀྱི་ནང་ནས་གནས་སྐབས་ཀྱི་འབྲས་བུ་ནི། ཚེ་འདིར་སྐྱིད་པ་དང་ཀུན་གྱིས་བཀུར་ཞིང་དབང་ཕྱུག་དང་ལོང་སྤྱོད་དགའ་བདེའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །དེ་དག་ཀྱང་ཉེ་བར་སྒྲུབ་པར་བྱེད་པའི་ཐབས་ནི་སྨན་དེ་ཕན་པར་བྱེད་པ་ཡིན་པས་ན་དེ་ལ་ཡང་རང་གི་ཡོན་ཏན་རྣམས་མི་ལ་འཕྱར་ཏེ་ཀུན་གྱིས་གོ་བར་བྱས་ལ་འཚེ་ཞིང་གནོད་པར་བྱེད་པ་མི་རྣམས་ལའང་རང་གི་སྤུན་བཞིན་དུ་བག་ཕབ་ལ་ཤེས་རྒྱུད་ཇི་ལྟ་བུ་བརྟག་ཅིང་ཚོད་བླང་བའི་སྒོ་ནས་གཞན་གྱི་སྤྱོད་པ་དང་བསྟུན་ལ་མི་ཆོས་ཤིན་ཏུ་མཁས་པའི་ཚུལ་གྱིས་བཅོས་ན་རྒྱུ་དེ་རྣམས་ཀྱིས་རང་གི་བསོད་ནམས་དང་སྙན་པའི་གྲགས་པ་འཐོབ་པར་འགྱུར་ཞིང༌། ཇི་ལྟར་འདོད་པའི་ཟས་དང་ལོངས་སྤྱོད་ནི་ཤུགས་ལས་འབྱུང་བར་འགྱུར་རོ། །སྨན་པས་འདིའི་དུས་སུ་ཁེངས་པ་དང་རྐམ་ཆགས་མི་བྱ་བར་བག་དང་ལྡན་པའི་སྒོ་ནས་ཡོན་ཏན་བཙའ་ཞེས་པ་ཅང་ཤེས་པར་བྱ་བའི་དོན་ཏེ། ཡོན་ཏན་ཆུད་མི་གཟན་ཞེས་པའོ། །གཞན་ཡང་ནད་པ་ལ་རང་ཉིད་བྲིན་ཞིང་མཁོ་བའི་དུས་སུ་ཟས་ནོར་ལ་སོགས་པའི་གཏང་རག་ཇི་ལྟར་འཚམ་པ་དགོས་ཞེས་ངག་གིས་གཤེར་ཞིང་བླང་དགོས་ཏེ། དེ་ལས་འགྱངས་ནས་ནད་པ་སོས་ཟིན་པའི་སྐབས་སུ་སྨན་པའི་དྲིན་བྱས་པ་བརྗེད་ནས་ལམ་ཙམ་ཡང་མི་ཁྱེར་ལོ། །ཞེས་པའི་དོན་ཡིན་མོད། འོན་ཀྱང་དེ་ལྟ་བུའི་ཡོན་ཏན་ནི་སློབ་མི་དགོས་པར་ཐོག་མ་ཉིད་ལས་ཤེས་པ་ཤ་སྟག་སྣང་བས་ཁོ་བོས་རྒྱས་པར་མ་བཀྲལ་ལོ།།

གཉིས་པ་མཐར་ཐུག་གི་འབྲས་བུ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ཀྱིས་མཐར་ཐུག་གི་འབྲས་བུ་ནི་རྫོགས་པའི་སངས་རྒྱས་ཐོབ་པའོ། །དེ་སྒྲུབ་པའི་ཐབས་ནི་གསོ་བ་རིག་པའི་སྨན་ཡིན་ནོ། །དེས་སངས་རྒྱས་སྒྲུབ་པའི་ཡན་ལག་ནི་ཆོས་ཀྱི་སྤྱོད་པའི་སྐབས་མི་དགེ་བ་བཅུ་སྤང་བར་བཤད་པ་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཞི་ལ་སྤྱོད་པ་སྟེ། གཡོ་སྒྱུ་དང་འདོད་པ་སྤངས་ནས་སེམས་ཅན་གྱི་དོན་འབའ་ཞིག་ཏུ་དམིགས་ཏེ་ནད་པ་གསོ་བ་ནི་དེའི་ལས་འཕྲོ་མི་དང་ལྷའི་སྨན་པ་ཁོ་ནར་སྐྱེས་ཏེ་ཚོགས་རྫོགས་སྒྲིབ་པ་སྦྱངས་པའི་དུས་སངས་རྒྱས་སྨན་གྱི་བླ་ཉིད་འགྲུབ་པར་འགྱུར་རོ། །ཞེས་ཟེར་རོ། །གཉིས་པ་ཚིག་གི་དོན་ནི། མཐར་ཐུག་ཅེས་པ་ནས་ཐིམ་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྨན་པའི་རྒྱུ་དང་ངོ་བོ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལ་གནས་སྐབས་ཀྱི་འབྲས་བུ་དེ་ཙམ་དུ་མ་ཟད་མཐར་ཐུག་གི་འབྲས་བུ་ཡང་གཡོ་སྒྱུ་རང་འདོད་གཙོ་བོར་བྱེད་པ་རྣམས་སྤངས་ནས་ཉམ་ཐག་པའི་འགྲོ་བ་ནད་པ་རྣམས་གསོ་བ་ལ་འཇུག་པའི་སྨན་པ་དེ་ནི་བླ་ན་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ས་ལ་མྱུར་དུ་བགྲོད་པར་འགྱུར་རོ། །ཞེས་འཚོ་མཛད་སྨན་པའི་རྒྱལ་པོ་ཉིད་ཀྱིས་བཤད་པ་ཡིན་པས་ཐར་འདོད་རྣམས་ཀྱིས་ཉམས་སུ་ལོངས་ཤིག་ཅེས་གསུངས་ནས་རྣམ་པར་སྣང་མཛད་ཀྱི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་དེ་ཉིད་སྨན་པའི་རྒྱལ་པོའི་དབུའི་གཙུག་ཏུ་ཐིམ་པར་གྱུར་ཏེ་ཞེས་པའོ། །དེ་ལྟར་ཡང་རྒྱུད་ཆུང་ལས། མཐར་ཐུག་འབྲས་བུ་རྫོགས་སངས་རྒྱས། །མཆོད་པས་མཉེས་དང་ཐོབ་པའི་རྒྱུ། །སེམས་ཅན་ཕན་པ་མཆོག་ཡིན་པར། །ང་དང་སངས་རྒྱས་ཀུན་གྱིས་བཤད། །ཅེས་དང༌། བདུད་རྩི་སྙིང་པོ་ཞེས་ལེའུ་བརྒྱ་དང་གཅིག་པ་ལས། འདིར་བསླབས་རྟགས་དང་ཉམས་སུ་བླངས་གྱུར་པས། །ཚེ་དང་ནོར་དང་བདེ་དང་གྲགས་པ་ཐོབ། །གཡོ་སྒྱུ་འདོད་སྤངས་བྱང་ཆུབ་སེམས་དང་ལྡན། །གང་ཞིག་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་པར་འགྱུར། །ཞེས་དང༌། འདུལ་བ་ལུང་ལས། འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་རིག་པ་འདི་ཉིད་ལ་བརྟེན་ནས་བདེན་པ་མཐོང་བར་གསུངས་ཤིང༌། སློབ་དཔོན་ཞི་བ་ལྷས། སེམས་ཅན་ནད་པ་ཇི་སྙེད་པ། །ནད་སོས་གྱུར་གྱི་བར་དག་ཏུ། སྨན་དང་སྨན་པ་ཉིད་དང་ཡང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་ནད་པ་ལ་ཕན་གདགས་པ་ལས་བསོད་ནམས་ཆེས་ཕུལ་དུ་བྱུང་བ་གཞན་མེད་པར་བཤད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྫོགས་པར་སྤྱོད་ཅིང་གཞན་དོན་ལྷུར་ལེན་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྗེས་སུ་མཐུན་པས་ལྷ་མིའི་ལུས་ལ་བརྟེན་ནས་ས་ལམ་རིམ་པས་བགྲོད་པར་འགྱུར་ཞིང༌། མཐར་རྡོ་རྗེ་ཐེག་པ་ཁོ་ན་ལ་མ་བརྟེན་པའི་འཚང་རྒྱ་བ་མེད་པས། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་གྱུར་པ་ཊཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་བས་རྡོ་རྗེ་འཛིན་པ་མ་ཧཱ་གུ་ཎ་ལ་སྩལ་བའི་སྙིང་ཐིག་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་སྨིན་གྲོལ་ལ་འབད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཚེ་འདིའམ་བར་དོ། སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འཐོབ་པ་གདོན་མི་ཟ་བས། ལམ་གཞན་ལ་མ་བལྟོས་ཤིང་ལོགས་ནས་བཙལ་མ་དགོས་པའི་ཉེ་ལམ་ཀུན་དང་ཐུན་མོང་མ་ཡིན་པ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀ་འཛོམ་པའི་རིག་པ་འདི་ལ་ནན་ཏན་དུ་བྱ་དགོས་པར་སེམས་སོ། །གཉིས་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་བ་པོ་སྨན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ། །ཞེས་པ་སྟེ་གནས་བཅུ་གཅིག་པ་བྱ་བྱེད་སྨན་པའི་གནས་རྒྱས་པར་བཤད་ཟིན་ཏོ།།

མཇུག་ཏུ་རྫོགས་ཚིག་བསྟན་པ།

གསུམ་པ་དུམ་བུ་འདིའི་རྫོགས་ཚིག་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལེའུ་སུམ་ཅུ་རྩ་གཅིག་གི་བདག་ཉིད་ཅན་ཡང་དག་པར་བསྟན་པ་རྫོགས་སོ། །ཞེས་པ་དེ་ལྷག་མ་གཞན་མེད་པའི་དོན་ཏོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པ་མེས་པོའི་ཞལ་ལུང་ལས་བཤད་པའི་རྒྱུད་ཡོངས་སུ་རྫོགས་པར་བཤད་ཟིན་ཏོ།།

དེ་ལྟར་ཡང༌། གསེར་རིའི་སྦུབས་ནས་ཟླ་བ་འབུམ་ཕྲག་འཆར་བ་བཞིན། །ཐུབ་དབང་བསྟན་པའི་རྩ་ལག་བཟོ་གསོ་སྒྲ་ཚད་རིག །ཐམས་ཅད་མཁྱེན་ཅེས་གྲགས་འབར་དེ་ཡི་རྒྱུར་གྱུར་པ། །ནན་ཏན་ཉིད་དུ་བསླབ་པར་བྱ་ཞེས་མ་ཕམ་གསུངས། །དེང་འདི་ན་ཕྱོགས་རེའི་རིག་པས་ཡིད་ངོམས་ནས། །གནས་ལྔ་ཀུན་ལ་སྨོན་པ་ཙམ་ཡང་ཉིན་སྐར་ཏེ། །དེ་ཕྱིར་འདི་དག་ཅུང་ཟད་ཟོས་པའི་གདོང་ངན་ལྟར། །རྣམ་འགྱུར་ཁོ་ནས་རང་ཚུལ་གསལ་པོ་སྟོན་པ་མང༌། །ཁྱད་པར་དུས་ངན་རི་བོས་གང་ཞིང་མི་དགེའི་ཚང་ཚིང་ཤིན་ཏུ་སྟུག །འཁྲུལ་པའི་འདམ་དུ་གསོ་རིག་བསྟན་པའི་ཤིང་རྟ་བྱིང་གྱུར་མཐོང་མ་ཐག །དམ་པའི་ཞབས་ལ་ལན་གསུམ་བཏུད་ནས་བསྟན་སྲུང་མྱུར་དུ་ལོངས་ཤིག་ཅེས། །བསྐུལ་ཚེ་གང་དེས་ཁ་ལོ་པ་བྱས་འདྲེན་ལ་མངོན་དུ་ཕྱོགས་པ་ན། །ཚུལ་མིན་ནོར་འཛིན་ལག་མཐིལ་ལྟར་བསྙམས་ནས། །ལུགས་ངན་ནགས་ཀླུང་ལུང་རིགས་མེ་ཡིས་བཅོམ། །འདྲེན་བྱེད་མེད་ཀྱང་ཤུགས་དྲག་འགྲོ་འགྱུར་བའི། །ལམ་སྲོལ་གསར་པ་འདི་ནི་ཁོ་བོས་དབྱེ། །དཀའ་བའི་གནས་རྣམས་བཏང་སྙོམས་མི་འཇོག་ཅིང༌། །རྟོགས་པར་སླ་ཀུན་ཉུང་བསྡུས་ཚིག་གིས་འགྲེལ། །ལུང་རིགས་མྱོང་བའི་སྒྲུབ་བྱེད་སྐབས་བབ་པ། །འདི་འདྲའི་བྱེད་པོ་དེང་སང་སུ་ཡིས་སྤྲུལ། །རྟོག་པ་བཞི་དང་དཔྱད་གསུམ་ཚད་མ་གཉིས། །དངོས་སྟོབས་རིགས་པས་ཚིག་འབྲུ་རེ་རེ་བའང༌། །ལན་བརྒྱར་བརྟགས་ཤིང་དཔྱད་དེ་བཀོད་པ་ཡི། །རྒྱས་འགྲེལ་འདི་ནི་སྔོན་མེད་ལེགས་པའི་ལམ། །གཞུང་ལུགས་ཆེན་པོའི་རིན་ཅེན་ཁང་བརྩེགས་ལ། །ཚིག་དོན་མགྲིན་བཅུའི་གཟུགས་བརྙན་སྣ་ཚོགས་པར། །ཤར་ཚེ་ཧ་ནུ་མནྟ་ཁོ་ན་ལས། །གཞན་ཀུན་འཁྱོགས་ལ་མི་འཕྱང་སུ་ཞིག་ཡོད། །གལ་ཏེ་འདི་དང་གཞན་ཀུན་གང་བདེན་ཞེས། །དཔྱོད་པའི་བློ་ལྡན་འགའ་ཙམ་འབྱུང་སྲིད་ན། །དེ་ཚེ་ངེས་པ་འདྲེན་པར་ནུས་མོད་ཀྱི། །གསེར་དང་ར་གན་ཕལ་གྱིས་བྱེད་པ་ཉུང༌། །འོན་ཏེ་ཁོ་བོའི་རྣམ་དཔྱོད་ཀྱང༌། །བྱང་ཆུབ་བར་དུ་འཕེལ་འགྱུར་ཕྱིར། །སྔ་ཕྱིའི་ཁས་བླངས་འགལ་བ་ལྟར། །མངོན་ན་ཕྱི་མ་གཙོ་བོར་བཟུང༌། །ཞེས་འདི་བསྟན་པ་འབའ་ཞིག་པ། །སྙིང་ལ་བཅགས་ནས་ལེགས་བཤད་བཙལ། །སླར་ཡང་རིས་མེད་སྦྱིན་པ་པོ། །གང་དེས་ངལ་བརྒྱ་ལྷུར་བླངས་སོ། །དེ་ལས་བྱུང་བའི་རབ་དཀར་དགེ་ལེགས་འདོད་འཇོ་སྐར་མའི་ནུ་ཞོས་ཡང་ཡང་ངོམས་པ་ལས། །བསྐལ་པའི་བར་དུ་ཚུལ་འདི་མི་བཤིག་རྡོ་རྗེར་གྱུར་ནས་ལྟ་ངན་མ་ལུས་འཇོམས་པ་དང༌། །སྐྱེ་བ་ཀུན་ཏུ་དེ་ཉིད་འཛིན་པ་སྲིད་གསུམ་ལྷ་ཡི་དབང་ཕྱུག་མཆོག་གི་ས་ཐོབ་ནས། །བདུད་བཞི་ལྷ་མིན་དྲུང་ནས་ཕྱུང་སྟེ་ཐོབ་མོད་ཚངས་པ་ཆེན་པོའི་གོ་འཕང་ཐོབ་པར་ཤོག །

ཅེས་བྱ་བའི་ཚུལ་འདི་ནི་དཔལ་ལྡན་བླ་མ་དམ་པ་རིགས་བདག་ཧེ་རུ་ཀ་ཉིད་ཀྱི་གསུང་གི་གནང་བ་ནོད་ཅིང༌། རིགས་སུ་མ་ཆད་པའི་རིག་པ་ཉེ་བར་བསྒྲུབས་པས་གང་འཆད་བྱའི་ཚིག་དོན་དཔྱིས་ཕྱིན་བདེ་བླག་ཏུ་རྟོགས་བཞིན་དུ་འཆད་རྩོད་རྩོམ་པའི་བྱ་བ་ལ་འཇུག་པ། ཡུལ་མཐའ་འཁོབ་ལས་ཀྱང་ཆེས་མཐའ་འཁོབ་ཏུ་གྱུར་པ་ཤར་དྭགས་པོའི་སྨད་ཀྱི་སའི་ཐིག་ལེ་ལ་ཐོག་ཟུར་མཁར་ཞེས་བྱ་བར་བྱུང་བ། མང་དུ་ཐོས་པའི་ཨ་བོ་ཆོས་རྗེ་གཉིས་པ་ལེགས་བཤད་འཚོལ་ཞེས་བྱ་བའམ། མིང་གཞན་དཔལ་དོན་འགྲུབ་རྣམ་རྒྱལ་དབང་པོའི་སྡེ་འཇིགས་པ་མེད་པ་ཕྱོགས་ཀྱི་གོ་ཆ་ཞེས་བྱ་བས་རང་ལོ་སུམ་ཅུ་རྩ་བདུན་པ་སྣ་ཚོགས་དབྱིག་ཅེས་ཤིང་མོ་སྦྲུལ་ལོའི་ཧོར་ཟླ་བཞི་པ་ས་གའི་ཟླ་བ་སྟེ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་བཟང་པོ་ལ། བསྟན་མ་བཅུ་གཉིས་ལས་སྨན་མོ་བཞིའི་ཡ་གྱལ་སྨན་གཅིག་ཕུར་མོ་ཐང་གནས་པའི་མགུལ། རྣམ་པ་ལྷུན་གྲུབ་རྩེའི་ཉེ་ལོགས་དབེན་ཞིང་ཡིད་དང་བའི་སྨན་ལྗོངས་སུ་གྲུབ་པར་བགྱིས་པའི་འདོད་དགུ་སྦྱིན་པ་པོ་ནི་གཙུག་ལག་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་ས་སྐྱོང་རྒྱལ་བའི་དབང་པོ་རྡོ་རྗེ་གྲགས་པ་ཕྱི་ནང་གི་བློན་པོ་དང་བཅས་པ་རྣམས་ཀྱིས་མཛད་པ་དགེ་ལེགས་སུ་གྱུར་ཅིག །

འདིར་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ལས་རྩ་བཤད་གཉིས་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་ངེས་པ་མེས་པོའི་ཞལ་ལུང་འདི་ཉིད་སྨན་པ་རྣམས་ལ་མེད་དུ་མི་རུང་བའི་ལེགས་བཤད་ཆེན་པོའི་སྣང་བ་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་བླ་ན་མ་མཆིས་པ། རྒྱལ་བ་མ་ལུས་པའི་མཁྱེན་བརྩེ་ནུས་ཕྲིན་ཀུན་གྱི་རང་གཟུགས་ཤེས་བྱའི་གནས་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་པས་དོན་གྱི་སླད་དུ་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་མཚན་ཙམ་རྣ་བའི་བཅུད་ལེན་དུ་ཐོས་པས་ཀྱང་སྲིད་བཞིའི་རྒུད་པ་མཐའ་དག་བཅིལ་བ་ལ་གཞན་དྲིང་མེད་པ་གང་གིས་རིས་མེད་པའི་ལུས་ཅན་མཐའ་དག་དང་ཁྱད་པར་སྨན་པ་རྣམས་རྗེས་སུ་རྩེ་བ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་པར་དུ་བཀའ་དྲིན་བསྐྱངས་སྐབས་གང་གིས་རྡོ་རྗེའི་ལུང་བཟང་པོས་སྨན་པའི་རྒྱལ་པོ་ཆེན་པོར་ལན་མང་དུ་དབང་བསྐུར་ཞིང་གངས་ཅན་ལྗོངས་ན་གསོ་བ་རིག་པ་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བའི་བླའི་སྨན་པ་ཆེན་པོ་བློ་བཟང་ཆོས་གྲགས་ཀྱིས། རྨོངས་རྟུལ་བདག་ལྟ་བུ་ལ་ཡང་ཞུས་ཤིང་དག་པར་གྱིས་ཤིག་པའི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་ཕེབས་པར། བསྟན་བཅོས་འདི་ཉིད་ལ་བར་སྐབས་སུ་རང་བཟོ་མཁན་ལ་ལས་གླེགས་བམ་ཆེ་བ་ལ་འཇིགས་ནས་ཚིག་དོན་ཙམ་མ་གཏོགས་སྤྱིན་དོན་མཐའ་དཔྱོད་རྣམས་དོར་བ་དང༌། འགའ་ཞིག་ཏུ་ལེའུ་རེ་གཉིས་གོ་སླའི་དབང་དུ་བྱས་ཏེ་བཞག་པ་སོགས་དང་ཕལ་མོ་ཆེར་ལུང་ཁུངས་ཀྱི་བསྟན་བཅོས་རྣམས་མ་མཐོང་བཞིན་དུ་རང་བཟོས་བརྡ་རྙིང་སོགས་དོར་ཏེ་གོ་བདེར་བསྒྱུར་བའི་འདྲ་མིན་མང་ཙམ་འཕེལ་འདུག་པར། མ་དཔེ་གཅིག་ཙམ་ལ་ཡིད་བརྟན་དུ་མ་བྱས་པར་ཚིག་དོན་གྱི་གཞུང་གི་འབྲུ་རྣམས་ཡར་རྒྱབ་པར་མ་ཁོ་ན་ལ་གཏུགས་པའི་གཞིག་པ་བཅུག སྤྱི་དོན་གྱི་ལུང་ཁུངས་རྣམས་ཀྱང་ཀུན་མཁྱེན་རྣམ་འདྲེན་མཆོག་གི་བཀའ་དྲིན་ལས། དུས་ཀྱི་འཁོར་ལོའི་རྒྱུད་དང༌། འགྲེལ་ཆེན་པདྨ་དཀར་པོ། མདོ་སྡེ་དཀོན་ཅོག་བརྩེགས་པ། སྨན་དཔྱད་འཚོ་བའི་མདོ། ཡན་ལག་བརྒྱད་པ་རང་འགྲེལ་དང་བཅས་པ། དེའི་རྒྱས་འགྲེལ་ཟླ་ཟེར། གཡུ་ཐོག་རྗེའི་རྒྱུད་བཞི་ཕྱག་དྲེག་མ་གསེར་མཆན་དང་བཅས་པ་སོགས་སྨན་པ་གཞན་གྱི་རྣ་བའི་ལམ་དུ་མ་སོན་པ་རྣམས་ཀྱང་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་པས་སོ་སོའི་གླེགས་བམ་ལ་ལེགས་པར་གཏུགས། ཡར་རྒྱབ་པར་མའི་བརྡ་དག་ཕྲ་མོ་འགའ་ཞིག་དག་ཡིག་སྔ་མ་འགའི་རྗེས་སུ་འབྲང་བར་མཛད་འདུག་པ་ཞ་ལུ་ལོ་ཙཱ་བ་ཆེན་པོ་ཆོས་སྐྱོང་བཟང་པོའི་རྗེས་སུ་འབྲངས་ཏེ་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་དང༌། མཁས་པའི་ངག་གི་སྒྲོན་མ་གཉིས་དཔང་པོར་བཞག འབྲུ་སྣོན་གྱི་ཚིག་དོན་ས་དཔྱད་འགར་ཧོར་ཁོངས་ཆད་ལྷག་སོགས་འགའ་ཞིག་འདུག་པ་གཞུང་བཞིན་དུ་བཟོས། སྨན་གྱི་ནུས་པ་བཤད་པའི་ལེའུའི་སྐབས་ལུགས་གཞན་དང་ཧ་ཅང་མི་མཐུན་པ་འགའ་ལ་དོགས་སེལ་གྱི་མཆན་བ་ཁ་ཡར་སྨན་པའི་རྒྱལ་པོ་གཉིས་པ་བློ་བཟང་ཆོས་གྲགས་ཀྱི་གསུང་དང་བསྟུན་ཏེ་ཡུལ་གཡོ་རུར་བྱ་ནག་གི་རིགས་ལས་མོན་མཁར་རྣམ་སྲས་གླིང་པ་དཀོན་ཅོག་ཆོས་གྲགས་ཀྱིས་བཀོད་ཅིང་རང་བློས་གང་དཔོགས་ཀྱི་དཔྱད་གསུམ་དང་རྟོག་པ་བཞིས་ནན་ཏན་ཆེན་པོས་ལེགས་པར་ཞུས་དག་པའི་ཁུལ་དུ་བྱས་མོད་ཀྱང༌། སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མིན་དེ་ཡི་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས། །ཞེས་པ་ལྟར་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དབང་ལས་ནོངས་འཁྲུལ་འགའ་ཟུང་མཆིས་ན་མཁས་པའི་ཚོགས་རྣམས་ཀྱིས་སླར་ཡང་སྐྱོན་སེལ་བར་མཛད་དུ་གསོལ།

ཨོཾ་ཨ་ཐཱ། རིས་མེད་འགྲོ་བའི་སྲོག་སོང་བདུད་རྩིའི་རྒྱུན། །བཅུད་ཀྱི་ཉིང་ཁུ་རྒྱུད་བཞིའི་ཟ་མ་ཏོག །ཡོངས་འཁྱིལ་དཀའ་གནད་དགྲོལ་ལ་ལེགས་བཤད་ཚོགས། །འཚོལ་ཏེ་གྲགས་པ་དོན་ལྡན་ཟུར་མཁར་བ། །རྩ་བཤད་ཕྱི་མའི་སརྒ་དང་པོ་ཡན། །གངས་ཅན་གསོ་རིག་འཛིན་ཀུན་སྙིང་དབུས་སུ། །གཅེས་ནོར་མཆོད་སྦྱིན་འཛད་པ་མེད་པའི་བར། །ནམ་མཁའི་མཛོད་སྒོ་འབྱེད་པའི་དེ་ཟླར་བྲེལ། །རྡུལ་བྲལ་སྟོན་ཟླར་འགྲན་པའི་ལྷག་བསམ་ཅན། །ཡར་སྟོད་དར་མོ་བློ་བཟང་ཆོས་གྲགས་ཀྱིས། །བསྐུལ་བའི་ཞུས་ཆེན་རྣམ་གླིང་པཎྜི་ཏ། །གཙུག་ལག་བྱེ་བར་མིག་དཀྱུས་རིང་དེས་སོ། །སྐྱེ་བར་དུག་ལྔའི་ལམ་དུ་འབྱར་བའི་འབྲས། །བཞི་བརྒྱ་རྩ་བཞིའི་བྲོ་ནད་གཉིད་པོ་ཆེར། །ཡུར་རྣམས་འབོད་པའི་གསོ་རིག་སྐྱ་རེངས་མས། །ཕན་བདེ་ཉི་མའི་སྣང་བ་རྟག་འདྲེན་ཤོག །ལྷ་དང་དྲང་སྲོང་ཕྱི་ནང་རིག་བྱེད་རྣམས། །རྒྱས་བཤད་སྙིང་པོ་དྲིལ་ཀུན་ཐོས་བསམ་གྱིས། །ཆོལ་ཁ་གསུམ་གྱི་ཡངས་པའི་ས་ཆེན་པོར། །ཡོངས་ཁྱབ་འགྲོ་བའི་གཉེན་དུ་འགྱུར་བར་ཤོག །ཅེས་ལུས་ཅན་ཀུན་ལ་རིས་སུ་མ་ཆད་པའི་སྤྱི་ནོར་ཆེན་པོ་རྒྱུད་བཞིར་གྲགས་པའི་རྩ་རྒྱུད་བཤད་རྒྱུད་ཡོངས་རྫོགས་དང༌། ཕྱི་མ་རྒྱུད་ཀྱི་རྩ་མདོ་ཡན་གྱི་རྣམ་བཤད་ཟུར་མཁར་བ་ལེགས་བཤད་འཚོལ་གྱིས་མཛད་པའི་མེས་པོའི་ཞལ་ལུང་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་བ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ།།  །།ས་རྦམངྒ་ལཾ།།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 11:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།