སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་སོ་གཅིག་པ། གཙོ་འཁོར་ལ་རྒྱུད་གཏད་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་སོ་གཅིག་པ། གཙོ་འཁོར་ལ་རྒྱུད་གཏད་པ་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ཕུན་སུམ་ཚོགས་པའི་གསོ་རྒྱུད་ཟབ་མོ་འདི།། སྟོན་ནས་(གནས་)ཡུལ་ལ་ཁྱེད་(ཁྱད་)པར་ཡོད་ལགས་སམ།། འདི་དོན་བཀྲོལ་ནས་བདག་ལ་བཤད་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། རྒྱལ་པོའི་དཀོར་འདྲ་ཕུན་སུམ་ཚོགས་པ་སྟེ།། གསོའ་(གསོ་)བ་འདི་ཡིས་མི་འདུལ་གསོ་དཔྱད་མེད།། ཁོག་འབུམ་རྒྱ་ཆེན་ནམ་མཁའི་གཏོས་དང་འདྲ།། ཐམས་ཅད་གསལ་བ་མཁའ་ལ་ཉི་ཤར་འདྲ།། འདུ་བ་འཇོམས་པ་མེ་ལ་ཆུ་བཏབ་འདྲ།། སྡུག་བསྔལ་སེལ་བ་ཚངས་པའི་གླུ་དབྱངས་འདྲ།། སྒྲ་ཐོས་སྤྲོ་བ་ཁུ་བྱུག་གསུང་དབྱངས་འདྲ།། ཀུན་ལ་དཀོན་པ་ཨུད་པལ་(ཨུཏྤལ་)མེ་ཏོག་འདྲ།། རྒྱུད་འདིས་གསོའ་(གསོ་)རིག་གཞན་མ་ཟིལ་གནོན་པ།། ཉི་མ་ཤར་དང་སྐར་ཚོགས་ཟིལ་གནོན་འདྲ།། དུས་མིན་འཆི་བ་བཟློག་པའི་འཁོར་ལོ་འདི།། འཆི་བ་སྲོག་སྐྱོབ་བདུད་རྩིའི་བུམ་པ་འདྲ།། དཔྱད་བུ་ལ་སོགས་གསོའ་(གསོ་)བ་འཛིན་པ་ལ།། རྒྱུད་འདི་ངེས་གཏད་བསྟན་པ་ཁྱེད་ཅིས་(ཀྱིས་)ཟུང་(བཟུང་)།། ཁྱེད་ཀྱིས་གཞན་ལ་གཏེར་གཉེར་སྟོང་པ་ཡང་།། སངས་རྒྱས་བསྟན་པ་གཉེན་པོ་འཛིན་པ་དང་།། དཔོན་སློབ་དམ་ཚིག་སྲོག་ལྟར་བསྲུང་པ་དང་།། འབྱེད་པའི་ཤེས་མིག་ཉི་ལྟར་གསལ་བ་ལ།། བཏང་བཞག་ཐབས་ལ་སྲང་ལྟར་སྙོམས་པ་དང་།། གསོ་བ་རིག་པའི་རྒྱུད་ལ་མོས་པ་དང་།། གཞན་ཕན་སེམས་བསྐྱེད་ཅན་ལ་འདི་གཏད་གཅིག། རྒྱུད་འདིའི་ཡོན་ཏན་བསམ་ལས་འདས་མོད་ཀྱིས།། བསམ་འཕེལ་དབུལ་བ་སེལ་བའི་ནོར་བུ་འདྲ།། འདི་ཡིས་སྡུག་བསྔལ་ནད་རྣམས་སེལ་བར་བྱེད།། རྒྱུད་འདི་བྲིས་སམ་འཆང་ངམ་ཀློག་པ་དང་།། གནས་པའི་ཡུལ་དུ་འདུ་བའི་ནད་མི་ཚུགས།། ཞེས་གསུངས་སོ།།

བདུད་རྩི་སྨན་གྱི་མདོ་དགུ་ལས་སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་གཙོ་འཁོར་ལ་བརྒྱུད་(རྒྱུད་)གཏད་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།




མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།