སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་སུམ་ཅུ་པ། བྱེ་བྲག་ཏུ་གསོ་ཐབས་དངོས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་སུམ་ཅུ་པ། བྱེ་བྲག་ཏུ་གསོ་ཐབས་དངོས་བཤད་པ།

གཉིས་པ་བྱེ་བྲག་ཏུ་གསོ་ཐབས་དངོས་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བཅོས་པ་ནི་ཞེས་པའི་བར་གྱིས་བསྟན་ཏེ། གསོ་ཐབས་གཉིས་བསྟན་པའི་ལེའུ་གསུངས་ཟིན་པའི་མཇུག་དེ་ཉིད་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། གོང་དུ་ནད་ཀྱི་རྣམ་པ་སྤྱིའི་གསོ་ཐབས་བཤད་ནས་འདིར་ཁྱད་པར་དུ་ཉེས་པ་གསུམ་པོ་སོ་སོར་བཅོས་པའི་ཐབས་ནི་འདི་ལྟར་ངས་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རླུང་གི་བཅོས་ཐབས། མཁྲིས་པའི་བཅོས་ཐབས། བད་ཀན་གྱི་བཅོས་ཐབས། དོན་བསྡུ་བའོ། །དང་པོ་ནི། ཟུང་འཇུག་ཅེས་པ་ནས་མེ་ཡིས་མནན་ཅེས་པའི་བར་གྱིས་བསྟན་ཏེ། ཚ་གྲང་གཉིས་ཀའི་ཟུང་དུ་འཇུག་པ་རླུང་གི་ནད་གསོ་བ་ལ་ཟས་སྤྱོད་སྨན་དཔྱད་བཞིའི་དང་པོ་ཟས་ལ་རླུང་ནད་མཐའ་དག་ལ་ཏིལ་གྱི་མར་ཁུ་འཐུང་བ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། གཞན་ཡང་བུ་རམ་དང་ཆང་དང་མར་རྙིང་པ་དང༌། ལུག་ཤ་ཡིབ་པ་དང་འཕྱི་བའི་ཤ་དང་རྟ་དང་བོང་བུ་དང་མི་ཤ་རྣམས་དང་སྒོག་པ་དང་བཙོང་ལ་སོགས་པ་ལྕི་སྣུམ་འཇམ་དྲོ་དང་ལྡན་པའི་ཁ་ཟས་ཀྱི་སྒོ་ནས་བཅོས་པར་བྱའོ། །དེ་བཞིན་དུ་སྤྱོད་ལམ་ཡང་མུན་ཁུང་ཤིན་ཏུ་དྲོ་བའི་གནས་སུ་བསྡད་པ་དང༌། ཡིད་དུ་འོང་བའི་གྲོགས་ཀྱི་ཚིག་སྙན་པ་ཉན་ཞིང་བདེ་བར་གཉིད་ལོག་པ་དང་གོས་དྲོ་བར་བགོས་ཏེ་གནས་པའི་སྒོ་ནས་བཅོས་པ་དང༌། སྨན་དུ་ལུག་གུ་སྲེ་ལོང་གཞུག་ཏོ་སོག་ཡུ་སྟེ་རུས་བཅུད་གསུམ་གྱི་ཁུ་བ་དང༌། མན་ངག་རྒྱུད་དུ་གསུངས་པའི་ལུག་མགོ་རྙིང་པའི་མགོ་ཁྲོལ་གྱི་སྦྱོར་བ་བྱ་ཞིང༌། ཤ་མར་ཆང་དང་བུ་རམ་རྙིང་པ་སྟེ་བཅུད་བཞིའི་བསྡུས་ཐང་དང༌། ཤིང་ཀུན་སྒ་དང་རྒྱམ་ཚ་གསུམ་གྱི་བསྡུས་ཐང་བཏང་ལ། ཕྱེ་མ་ནི་མན་ངག་རྒྱུད་དུ། ཕྱེ་མ་ཛཱ་ཏི་ཤིང་ཀུན་ཁ་རུ་ཚ། །ཙབས་རུ་ཚ་དང་རྒྱམ་ཚ་ཚ་བ་གསུམ། །ཞེས་སོགས་ཀྱི་ཅུར་ནིས་བསྟན་པ་དང༌། དེ་བཞིན་དུ་ཙེག་བཅད་ཀྱི་མར་ལ་སྦྱར་བའི་དཀར་འདོན་དང༌། ལུག་ཤའི་ཁུ་བ་ལ་སྦྱར་བའི་ཤ་འདོན་དང་སྒོག་སྐྱ་བཅོས་པ་ལ་སྦྱར་བའི་སྒོག་འདོན་དང་ཆང་ཞིམ་པ་ནར་སོན་གྱི་སྣུམ་ཉེ་ལ་སྦྱར་བའི་སྐྱུར་འདོན་ཏེ་འདོན་བཞིའི་སྦྱོར་བ་དང༌། ཛཱ་ཏི་དང་སྒོག་སྐྱ་དང་བཙན་དུག་དང་རུས་ཆེན་དང་འབྲས་བུ་གསུམ་དང་རྩ་བ་ལྔ་རྣམས་ཀྱི་སྨན་མར་མན་ངག་རྒྱུད་ནས་བཤད་པ་ལྟར་སྦྱར་བར་བྱ་ཞིང༌། མདོར་ན་རོ་མངར་སྐྱུར་ལན་ཚྭ་གསུམ་དང་ནུས་པ་སྣུམ་ཞིང་དྲོ་བའི་སྒོ་ནས་བཅོས་པ་དང༌། ཁྱད་པར་དུ་མར་རྙིང་ལ་སོགས་པ་དྲོད་བཅུད་ཀྱི་འཇམ་རྩི་བཏང་བ་ཉིད་བསྔགས་པ་ཡིན་ནོ། །དེ་བཞིན་དུ་དཔྱད་དུའང་ལོ་མར་རྙིང་བའི་བསྐུ་མཉེ་བྱ་ཞིང་གོ་སྙོད་སྣུམ་ལྡན་ལ་སོགས་པའི་དུགས་ཀྱིས་གཟེར་བའི་གནས་རྣམས་སུ་བདུག་པ་དང༌། སྤྱི་གཙུག་དང་ཨན་སྟོང་ལ་སོགས་པའི་རླུང་གསང་རྣམས་སྤྲ་བའི་མེ་ཡིས་མནན་པ་སྟེ། དེ་ལྟ་བུའིོ་སྒ་ནས་གསོ་བ་ལ་འབད་པར་བྱའོ།།

གཉིས་པ་མཁྲིས་པའི་གསོ་ཐབས་ནི། མཁྲིས་པའི་ཞེས་པ་ནས་བསིལ་གྱིས་བདུག་ཅེས་པའི་བར་གྱིས་བསྟན་ཏེ། མཁྲིས་པའི་ནད་འདི་ལའང་ཟས་སྤྱོད་སྨན་དཔྱད་བཞིའི་དང་པོ་ཟས་ལ་བ་རའི་མར་གསར་ཕྱུང་མ་ཐག་པ་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་བཞིན་དུ་བ་ལང་དང་རི་དྭགས་ཀྱི་ཤ་གསར་དང༌། གངས་དང་རྫའི་ཆུ་བསིལ་མ་དང་ཇ་སྐོལ་ལེགས་དང༌། བ་རའི་ཞོ་དར་སྐྱབས་དང་ཁུར་མངས་ཀྱི་ཚོད་མ་དང་ཆག་ཚེ་དང་ཕྱེ་ཐུག་ཚྭ་སྡོར་མེད་པའི་སླ་ཚོས་ཏེ་ཆབ་ཚ་ལ་སོགས་པ་བསིལ་བའི་ཟས་ཀྱི་སྒོ་ནས་བཅོས་པར་བྱའོ། །དེ་བཞིན་དུ་སྤྱོད་ལམ་ཡང་རླུང་བསེར་བུ་ཕོག་པའི་ཤིང་གྲིབ་དང་ནེའུ་གསིང་བསྟེན་ཞིང༌། ཡང་ན་ཆུ་འགྲམ་ལ་སོགས་པ་བསིལ་བའི་གནས་སུ་མ་འཁྲུགས་པར་དལ་བར་བསྡད་ལ་ལུས་ལ་ག་བུར་དང་ཨུ་ཤི་ར་ལ་སོགས་པའི་དྲི་བཟང་པོ་བསིལ་ཞིང་ཡིད་དུ་འོང་བས་བྱུགས་ལ་གནས་པར་བྱས་ལ། སྨན་དུ་མན་ངག་རྒྱུད་དུ་བཤད་པའི་ཏིག་ཏ་ལ་སོགས་པ་བསིལ་བའི་སྔོ་སྨན་དང༌། བོང་ང་དཀར་པོ་ལ་སོགས་པ་བསིལ་བའི་ཐང་སྨན་དང༌། ག་བུར་ལ་སོགས་པ་བསིལ་བའི་ལ་སྨན་རྣམས་ཐུན་མོང་དུ་སྦྱར་བ་སྟེ་རྣམ་པ་གསུམ་མོ། །ལ་སྨན་གྱི་སྦྱོར་བ་དེ་ལའང་ཚད་སྟོབས་ཤིན་ཏུ་ཆེ་བ་ལ་ག་བུར་གྱིས་གཙོ་བྱས་ནས་སྦྱར། ཚད་སྟོབས་འབྲིང་ལ་ཙན་དན་དཀར་པོ། སྟོབས་ཆུང་བ་ལ་གི་ཝང་གིས་གཙོ་བྱས་པའི་སྦྱོར་བ་དེ་ཚད་སྟོབས་དང་སྦྱར་བ་གཅེས་སོ། །མདོར་ན་རོ་མངར་ཁ་བསྐ་བ་དང་ནུས་པ་བསིལ་བའི་སྨན་གྱིས་བཅོས་དགོས་ཤིང༌། ཁྱད་པར་དུ་མཁྲིས་པ་བཤལ་ལས་མི་འདའ་བའི་ཕྱིར་མངར་བའི་བཤལ་སྨན་གྱིས་སྦྱང་བ་ཉིད་བསྔགས་ལ་དེ་བཞིན་དུ་དཔྱད་དུའང་རྔུལ་དབྱུང་བའི་ཆོ་ག་དང་ཆུ་བསིལ་གྱི་འཕྲུལ་འཁོར་བསྐོར་བ་དང༌། གང་རྒྱས་ཀྱི་རྩ་ལ་གཏར་ཞིང་བསིལ་སྨན་དང་སྦྱར་བའི་ཆུ་བསིལ་གྱིས་བདུག་པ་ལ་སོགས་པའི་སྒོ་ནས་གསོ་བར་བྱའོ། །

གསུམ་པ་བད་ཀན་གྱི་གསོ་ཐབས་ནི། བད་ཀན་ཞེས་པ་ནས་ཐུར་མ་བྱ་ཞེས་པའི་བར་གྱིས་བསྟན་ཏེ། བད་ཀན་གྱི་ནད་ལའང་ཟས་ལ་སོགས་པ་བཞིའི་སྒོ་ནས་བཅོས་དགོས་པའི་དང་པོ་ཟས་ནི་སྦྲང་རྩི་དཀར་པོ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་བཞིན་དུ་ཉ་དང་ལུག་དང་གཡག་རྒོད་དེ་བྱང་འབྲོང་དང་ཡུལ་འབྲོང་དང་གཡི་དང་བྱ་རྒོད་རྣམས་ཀྱི་ཤ་རྙིང་པ་དང༌། འབྲུ་སྟེ་ནས་རྙིང་པའི་ཟན་དྲོན་དང་ཆང་ཞིམ་ནར་ཕྱིན་པ་དང༌། ཆུ་བསྐོལ་དང་སྒ་བཏབ་པའི་ཆུ་བསྐོལ་ལ་སོགས་པ་ཡང་ཞིང་རྩུབ་པ་དང་དྲོ་ལ་ཆུང་བའི་ཟས་ཀྱིས་བཅོས་པར་བྱའོ། །དེ་བཞིན་སྤྱོད་ལམ་ཡང་མེ་དང་ཉི་མས་བསྲོ་ཞིང་གོས་དྲོ་བར་གཡོགས་ལ་སྐམ་ས་རྣམས་སུ་ལུས་སེམས་གཉིས་ཀ་རྩོལ་བས་བྱ་བ་ལ་ལོངས་སྤྱོད་ཅིང་ཉིན་གཉིད་མི་ལོག་པ་གཅེས་ལ། སྨན་ལའང་རྒྱམ་ཚ་དང་ན་ལེ་ཤམ་ལ་སོགས་པ་ལན་ཚྭ་དང་ཚ་བའི་སྨན་གྱི་བསྡུས་ཐང་གཏང་ལ། ཕྱེ་མ་ལའང་སེ་འབྲུ་དང་དྭ་ལིས་གྱིས་གཙོ་བྱས་པ་དང་ཐལ་སྨན་གྱི་སྦྱོར་བ་སྦྱར་ལ། མདོར་ན་རོ་ཚ་སྐྱུར་དང་ནུས་པ་ཡང་རྩུབ་དང་རྣོ་བ་བསྟེན་པ་དང༌། ཁྱད་པར་དུ་བད་ཀན་སྐྱུགས་ཀྱིས་དྲངས་ཞེས་པ་ལྟར་རྣོ་ལ་རྩུབ་པའི་སྐྱུག་སྨན་ཉིད་གཙོ་བོར་བསྔགས་པ་ཡིན་ནོ། །དེ་བཞིན་དུ་དཔྱད་དུའང་ཚྭ་དང་བོང་བ་སྟེ་གྲོག་ཤིང་དང་རི་དྭགས་ཀྱི་སྤུ་དུགས་བསྟེན་ཞིང༌། ཤིན་ཏུ་རྒྱས་པའི་བད་ཀན་ལ་ནི་མེ་བཙའ་དང་ཚ་ཐུར་གྱིས་ལྷག་མ་མ་ལུས་པར་བཅོས་ཏེ་གསོ་བར་བྱའོ།།

བཞི་པ་དོན་བསྡུ་བ་ནི། མདོར་ན་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གསེར་འོད་དམ་པ་ལས། རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་སེལ་བར་བྱེད། །བད་ཀན་ཚིགས་སུ་བབས་ན་སྐྱུག་སྨན་བཏང༌། །ཞེས་གསུངས་པ་ལྟར་མདོར་ཧྲིལ་གྱིས་དྲིལ་ན་རླུང་ནད་ཐམས་ཅད་འཇམ་རྩི་དང་སྣུམ་བཅུད་ཀྱི་སྒོ་ནས་བཅོས་ཤིང༌། མཁྲིས་པའི་ནད་ཐམས་ཅད་ལ་བཤལ་དང་བསིལ་སྨན་གྱིས་བཅོས་ལ། བད་ཀན་གྱི་ནད་ཐམས་ཅད་སྐྱུག་དང་དྲོ་ཡང་རྩུབ་པའི་སྨན་གྱི་སྒོ་ནས་བཅོས་པར་བྱའོ། །རིག་པ་དེས་མཚོན་ནས་རླུང་དང་མཁྲིས་པར་ལྡན་པ་ལ་ཤ་གསར་དང་མར་གསར་ལ་སོགས་པ་བསིལ་བཅུད་དང་ལྡན་པའི་ཟས་དང་སྨན་གྱིས་བཅོས་བསྟེན་པར་བྱ་ཞིང༌། དེ་བཞིན་དུ་བད་མཁྲིས་ལྡན་པའི་ནད་ལ་ཆག་ཚེ་དང་ཕྱེ་ཐུག་ལ་སོགས་པ་བསིལ་ལ་ཡང་བའི་ཟས་སྨན་གྱིས་བཅོས་ལ། བད་རླུང་ལྡན་པའི་ནད་ལ་ལུག་ཤ་དང་ཆང་ནར་སོན་ལ་སོགས་པ་དྲོ་ལ་བཅུད་པའི་ཟས་དང་སྨན་གྱིས་བཅོས་པར་བྱའོ། །ཚུལ་དེས་མཚོན་ནས་རླུང་མཁྲིས་བད་ཀན་གསུམ་འདུས་པའི་ནད་ལ་གསུམ་གའི་གཉེན་པོ་གཅིག་གཤེད་གཅིག་གིས་མི་བྱེད་པ་རྣམས་སྦྱར་དགོས་ཏེ། རི་དྭགས་ཀྱི་ཤ་དང་སྐམ་སའི་འབྲུ་ལ་སོགས་པ་བསིལ་བཅུད་ཡང་བ་དང་ལྡན་པའི་ཟས་སྨན་གྱི་སྒོ་ནས་བཅོས་པར་བྱའོ། །དེ་ལྟར་རྐྱང་བ་ལྡན་འདུས་ཀྱིས་དབྱེ་བ་སོ་སོའི་བཅོས་ཚུལ་གྱི་དབང་དུ་བྱས་ཀྱི། དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན་ཚ་གྲང་གཉིས་སུ་མ་འདུས་པ་མེད་པས་ན་ཚ་བ་ཐམས་ཅད་གཉེན་པོ་བསིལ་གྱི་སྒོ་ནས་བཅོས་ཤིང༌། གྲང་བའི་ནད་གཞི་ཐམས་ཅད་ཀྱང་བད་ཀན་གྱི་བཅོས་ཚུལ་ལྟར་ཚ་བའི་གཉེན་པོ་བསྟེན་ནས་བཅོས་དགོས་ལ། རླུང་ནི་དེ་གཉིས་ཀའི་རྗེས་སུ་འཇུག་ཅིང་ངོ་བོ་རྩུབ་ཡང་དུ་གནས་པས་ན་ཚ་གྲང་གང་དང་འབྲེལ་བའི་གཉེན་པོའི་སྟེང་དུ་སྣུམ་དྲོ་དང་ལྡན་པའི་སྨན་གྱིས་བཅོས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་ཐབས་དངོས་བསྟན་བཤད་ཟིན་ཏོ། །སྐབས་འདིར་ཁ་ཅིག་གིས། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་པ་འདིའི་ལེའུ་ཉེར་བཞི་པ་ནས་སུམ་ཅུ་པའི་བར་གྱིས་བསྟན་ནས་ཞེས་ཟེར་ཞིང་འདྲེན་པར་བྱེད་དོ། །དེ་ནི་མི་འཐད་དེ། སྤྱིར་སུམ་བརྒྱ་དྲུག་ཅུ་པོ་མཐའ་དག་འདི་ནས་འདྲེན་པ་ནོར་ཞིང་བྱེ་བྲག་ཏུ་འདི་དང་ཕྱི་རྒྱུད་གཉིས་ཀའི་སྐབས་སུ་འདྲེན་པ་ནི་དོན་མེད་ཅིང་ཟློས་པའི་སྐྱོན་དུའང་འགྱུར་བས་མ་འཐད་པའི་ཚུལ་རྒྱས་པར་ཕྱི་རྒྱུད་ཀྱི་འགྲེལ་པར་འཆད་དོ།།

འདིར་སྨྲས་པ། འཇིག་རྟེན་སྙིང་ལ་བདེ་འབྱིན་རྣ་བའི་དཔལ། །རྨ་བྱ་གཞོན་ནུའི་གྲེ་འགྱུར་སྟོང་ཕྲག་གིས། །ཆ་ཙམ་མཚོན་ནུས་ཅི་ཡང་མ་ཡིན་པ།  །འདི་ཐོས་ལུས་ཅན་ཨེ་མ་སྐལ་བ་བཟང༌། །གསོ་ཚུལ་ཙམ་ཡང་ཡིད་ལ་མ་བྲིས་པའི། །སྨན་པ་གསོ་བའི་ལས་ལ་འཇུག་འདི་རྣམས། །མུན་པའི་གླིང་དུ་དགྲ་བོ་ཡོད་སྙམ་ནས། །མདའ་འཕེན་པ་དང་བྱེ་བྲག་ཅི་ཞིག་ཡོད། །དེའི་ཕྱིར་གཞུང་ཉིད་གཞུང་གིས་འཆད་ཅེས་པའི། །དོན་ལ་སོམས་ལ་སྙིང་སྟོབས་ཆེར་བསྐྱེད་ལ། །འབད་པས་ཞུགས་དང་མངོན་སུམ་བློ་གཏོད་པའི། ངག་དབང་དབྱངས་ཀྱི་ཕྲེང་བ་འདི་ན་ཡོད། །ཅེས་པ་འདི་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 11:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།