སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ལྔ་བ། གསོ་བྱེད་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.08.2011
རྩ་རྒྱུད། >> ལེའུ་ལྔ་བ། གསོ་བྱེད་ཐབས་བསྟན་པ།
གསུམ་པ་གསོ་བྱེད་ཐབས་ཀྱི་རྩ་བ་བཤད་པ་ལ་གསུམ། བཀའ་བསྒོ་བ། གཞུང་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། གསོ་བྱེད་ཐབས་ཀྱི་རྩ་བ་དང་འབྲེལ་བའི་དོན་མ་ལུས་པ་བཤད་ཚར་བའི་རྗེས་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ལེགས་པར་ཉོན་ལ། ཡིད་ལ་ཟུངས་ཤིག་ཅེས་པའོ།། གཉིས་པ་གཞུང་དངོས་ལའང་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ནད་ལ་ཞེས་པ་ནས་བཞི་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། བརྟག་ཐབས་སུམ་ཅུ་རྩ་བརྒྱད་པོ་དེ་རྣམས་ཀྱི་ནད་གཞིའི་བྱེ་བྲག་སོ་སོར་ངོས་ཟིན་ནས་ནད་དེ་ལ་གསོ་བར་བྱེད་པའི་གཉེན་པོ་ཞིག་དགོས་ཏེ། དེ་ལ་ནི་ཟས་ཀྱི་སྡོང་པོ་དང༌། སྤྱོད་ལམ་གྱི་སྡོང་པོ་དང༌། སྨན་གྱི་སྡོང་པོ་དང༌། དཔྱད་ཀྱི་སྡོང་པོ་དང་རྣམ་པ་བཞི་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཟས་བཤད་པ། སྤྱོད་ལམ་བཤད་པ། སྨན་བཤད་པ། དཔྱད་བཤད་པའོ། །དང་པོ་ལ་ཡལ་ག་དྲུག་སྟེ། རླུང་གི་ཟས་སྐོམ་གཉིས། མཁྲིས་པའི་ཟས་སྐོམ་གཉིས། བད་ཀན་གྱི་ཟས་སྐོམ་གཉིས་སོ། །དང་པོའི་ལོ་མ་ནི་རྟ་བོང་ཞེས་པ་ནས་རླུང་ནད་ཅན་གྱི་ཟས་ཞེས་པའི་བར་གྱིས་བསྟན་ཏེ། རྟའི་ཤ་དང༌། བོང་བུའི་ཤ་དང༌། ཕྱི་བའི་ཤ་རྣམས་ལོ་ལོན་པའི་སྐམ་པོ་དང༌། ཤ་ཆེན་ཏེ་མིའི་ཤ་སྐམ་པོ་དང༌། ཏིལ་ལ་སོགས་པའི་འབྲུ་མར་དང༌། ལོ་ལོན་པའི་རྩི་མར་རྙིང་པ་དང༌། བུ་རམ་སྨུག་པོ་དང༌། སྒོག་སྐྱ་དང༌། བཅོང་ནག་སྟེ་རླུང་ནད་ཅན་གྱི་ཟས་དགུ་དང༌། འོ་མ་དྲོན་མོ་དང༌། ལྕ་བ་དང་ར་མཉེ་ལ་བཟོས་པའི་སྨན་མར་དང༌། ཟན་ཆང་དང༌། བུ་རམ་གྱི་ཆང་དང༌། རུས་ཆང་དང་བཅས་པས་རླུང་ནད་ཅན་གྱི་སྐོམ་ལྔ་སྟེ་ཟས་སྐོམ་གྱི་ལོ་མ་བཅུ་བཞིའོ། །འདིའི་སྐབས་སུ་ཁ་ཅིག་( དེང་སང་གི་སྨན་པ། )རང་བཟོས་རྒུན་ཆང་ཞེས་འབྱུང་མོད། དེ་ནི་རོ་ནུས་ཀྱི་རྗེས་སུ་འགྲོ་ལྡོག་ཆ་ཙམ་ཡང་མི་ཤེས་པའི་གཏམ་ཡིན་ཏེ། གཞན་དུ་ན་མན་ངག་རྒྱུད་ཀྱི་རླུང་གསོ་བའི་སྐབས་སུ་བཤད་པའི་རུས་ཆང་ཉིད་ཡིན་པའི་ཕྱིར་རོ། ། གཉིས་པ་མཁྲིས་པའི་ཟས་སྐོམ་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། བ་རའི་ཞེས་པ་ནས་ཟས་སུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། བ་རའི་མར་གསར་དང༌། རི་དྭགས་ཀྱི་ཤ་གསར། ར་ཤ་གསར་བ། སྐོམ་པོ་སྟེ་རྟོལ་གྱི་ཤ་གསར་པ། ནས་ལོ་མ་ལོན་པའི་ཆབ་ཚེ་དང༌། སྐྱབས་ཏེ་ཁུར་སྐྱ་དང༌། ཁུར་ཚོད་དེ་ཟས་བདུན་དང༌། བ་རའི་ཞོ་དང༌། བ་རའི་དར་བ་དང༌། ཆབ་ཚ་སྟེ་ཚྭ་སྡོར་མེད་པའི་ཐུག་པ་སླ་མོ་དང༌། གངས་དང་རྫ་ལས་བྱུང་བའི་ཆུ་བསིལ་དང༌། ཆུ་བསྐོལ་གྲངས་ཏེ་སྐོམ་ལྔ་དང་བཅས་པས་མཁྲིས་པའི་ནད་ཅན་གྱི་ཟས་སྐོམ་གྱི་ལོ་མ་བཅུ་གཉིས་བཤད་པ་ཡིན་ནོ། །འདིའི་སྐབས་སུ་བ་རའི་ཞོ་དར་ཟས་ཀྱི་ཁོངས་སུ་བསྡུ་བ་དང༌། ཆབ་ཚ་ཇ་ལ་འདོད་པ་རྣམས་ནི་བློ་དང་མི་ལྡན་པའི་དོན་ཡིན་ལ། ཞོ་དར་ཟས་ཀྱི་ཐོག་མར་འབྱུང་བ་ནི། བ་རའི་མར་གསར་དང༌། ཚིག་བཟླུམས་པར་བྱ་བའི་སླད་དུ་ཡིན་ཀྱང༌། དོན་དུ་ཞོ་དར་སྐོམ་དུ་འོས་པ་ཡིན་ནོ། ། གསུམ་པ་བད་ཀན་གྱི་ཟས་སྐོམ་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ལུག་དང་ཞེས་པ་ནས་བསྟེན་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ལུག་གི་ཤ་དང༌། གཡག་རྒོད་ཅེས་པ་བྱང་གི་འབྲོང་ངམ་ཡུལ་གྱི་གཡག་གི་ཤ་དང༌། གཅན་གཟན་ཞེས་པ་རྩལ་མཐུས་ཟ་བའི་ཤ་རྣམས་དང༌། ཉའི་ཤ་དང༌། སྦྲང་རྩི་དང༌། སྐམ་ས་ཚ་གདུང་ཅན་དུ་སྐྱེས་པའི་འབྲུ་རྙིང་གི་ཟན་དྲོན་སྡོར་ལྡན་དང་བཅས་པར་ཟས་དྲུག འབྲིའི་ཞོ་དར་དང༌། གར་ཆང་ནར་སོན་དང༌། ཆུ་བསྐོལ་ཚ་མོ་དེ་གསུམ་ནི་སྐོམ་སྟེ་ལོ་མ་དགུ་པོ་ནི་བད་ཀན་གྱི་ནད་གཞི་ཅན་གྱི་རྟག་ཏུ་བསྟེན་པར་བྱ་བའི་བཟའ་བཏུང་ངོ༌། །སྐམ་སའི་འབྲུ་རྙིང་ཞེས་པའི་རིག་པས་འདིར་ཡང་ཤ་རྣམས་སྐམ་པོ་ལོ་ལོན་ནམ་ཡང་ན་བཙོས་པ་སྟེ། རློན་པས་ནི་བད་ཀན་སྐྱེད་པར་བྱེད་ལ། ཁྱད་པར་ཉ་རློན་པ་ནི་ལྕི་བསིལ་དང་ལྡན་པས་བཙོས་པའམ་སྐམ་པོ་ཁོ་ན་ལ་དགོངས་པ་ཡིན་ནོ། །དེ་ལྟར་འདིར་སྨྲོས་པའི་རླུང་མཁྲིས་བད་ཀན་གྱི་ཟས་སྐོམ་རྣམས་རགས་པ་ཞིག་བསྡུས་པ་ཙམ་སྟེ། ཞིབ་ཏུ་ནི་དེ་དང་དེའི་རོ་ནུས་ཞུ་རྗེས་ཀྱི་རྗེས་སུ་འགྲོ་བ་མཐའ་དག་བློ་དང་ལྡན་པ་རྣམས་ཀྱིས་རྟོགས་ཤིང་རྒྱས་པར་བཤད་རྒྱུད་དུ་ཡང་བཤད་པར་བྱའོ། །གཉིས་པ་སྤྱོད་ལམ་གྱི་སྡོང་པོ་ནི། རླུང་ལ་ཞེས་པ་ནས་དྲོ་སར་བསྟེན་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་རླུང་གི་ཡལ་ག །མཁྲིས་པའི་ཡལ་ག །བད་ཀན་གྱི་ཡལ་ག་གསུམ། དང་པོ་རླུང་གི་ནད་ཀྱི་ཡལ་ག་ལ་གནས་དྲོ་སར་སྡོད་པ་དང༌། རང་རང་གི་ཡིད་དུ་འོང་བའི་གྲོགས་བསྟེན་པར་བྱ་ཞིང༌། གཉིས་པ་མཁྲིས་པའི་ནད་ཀྱི་ཡལ་ག་ལ་གནས་བསིལ་སར་སྤྱོད་ལམ་དལ་བར་བསྡད་པ། གསུམ་པ་བད་ཀན་གྱི་ནད་ཀྱི་ཡལ་ག་ལ་སྤྱོད་ལམ་རྩོལ་བས་བཅག་པ་དང༌། གནས་དྲོ་ས་བསྟེན་པ་སྟེ་སྤྱོད་ལམ་གྱི་ལོ་མ་དྲུག་གོ། གསུམ་པ་སྨན་བཤད་པ་ལ་གཉིས། རོ་ནུས་བཤད་པ་དང༌། ཞི་སྦྱངས་བཤད་པའོ། །དང་པོ་ནི། རླུང་ལ་ཞེས་པ་ནས་བད་ཀན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རླུང་གི་རོ་ནུས་ཀྱི་ཡལ་ག་ལ། རོ་མངར་བ་དང༌། སྐྱུར་བ་དང༌། ལན་ཚ་བ་དང༌། ནུས་པ་སྣུམ་པ་ལྕི་བ་འཇམ་པ་སྟེ་རླུང་སྨན་གྱི་རོ་ནུས་གཉིས་སོ། །རོ་མངར་བ་དང་ཁ་བ་དང༌། བསྐ་བ་དང༌། ནུས་པ་བསིལ་བ་དང༌། སླ་བ་དང༌། རྟུལ་བ་སྟེ་མཁྲིས་པའི་སྨན་གྱི་རོ་ནུས་གཉིས། རོ་ཚ་བ་དང༌། སྐྱུར་བ་དང༌། བསྐ་བ་དང༌། ནུས་པ་རྣོ་བ། རྩུབ་པ་ཡང་བ་སྟེ་བད་ཀན་གྱི་སྨན་གྱི་རོ་ནུས་གཉིས་སོ། །དེ་ལྟར་རོ་ནུས་ཀྱི་ལོ་མ་དྲུག་གོ། འདི་སྐབས་ཀྱི་སྨན་མངར་བ་སོགས་སོ་སོར་བཤད་པ་ནི་རོས་ལས་བྱེད་པའི་དབང་གིས་ཡིན་ལ། གཞན་དུ་ན་མངར་བས་རླུང་བསྐྱེད་པ་སོགས་ཏེ་གཞན་ཡང་ཡོད་དོ། གཉིས་པ་ནི། རོ་ནུས་དེ་ལ་ཞེས་པ་ནས་ཐལ་སྨན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རོ་ནུས་དེ་ལ་སྦྱོར་བ་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་ཡོད་པ་ལས། དང་པོ་ཞི་བྱེད་ནི། རླུང་གི་ནད་ལ་ཁུ་བ་དང་སྨན་མར་སྦྱར་བ་སྟེ་ཡལ་ག་གཉིས། མཁྲིས་པའི་ནད་ལ་ཐང་དང་ཅུར་ནིས་བསྟེན་པའི་ཡལ་ག་གཉིས། བད་ཀན་གྱི་ནད་ལ་རིལ་བུ་དང་ཏྲེས་སམ་སྦྱར་བའི་ཡལ་ག་གཉིས་ཏེ་ཡལ་ག་དྲུག་གོ། །དང་པོ་ཁུ་བ་ལ་སྲེ་ལོང་ལ་སོགས་བསྡུས་པའི་རུས་ཁུ་དང༌། ཤ་མར་བུ་རམ་ཆང་རྙིང་སྟེ་བཅུད་བཞིའི་ཐང་དང༌། ལུག་མགོ་རྙིང་པ་ལ་བྱས་པའི་མགོ་ཁྲོལ་ཏེ་ཁུ་བ་གསུམ། སྨན་མར་ལ། ཛཱ་ཏིས་གཙོ་བོ་བྱས་པ་དང༌། སྒོག་སྐྱས་གཙོ་བོ་བྱས་པ་དང༌། འབྲས་བུ་གསུམ་གྱི་གཙོ་བོ་བྱས་པ་དང༌། རྩ་བ་ལྔས་གཙོ་བོ་བྱས་པ་དང༌། སྨན་ཆེན་གྱིས་གཙོ་བོ་བྱས་པ་དང༌། དེ་དག་ལ་སྨན་མར་གྱི་སྦྱོར་བ་ལྔའོ། །གསུམ་པ་ཐང་ལ། མ་ནུས་གཙོ་བོ་བྱས་པ་དང༌། སླེ་ཏྲེས་ཀྱིས་གཙོ་བོ་བྱས་པ་དང་ཏིག་ཏས་གཙོ་བོ་བྱས་པ་དང༌། འབྲས་བུ་གསུམ་གྱིས་གཙོ་བོ་བྱས་པའི་ཐང་སྟེ་བཞི་འོ། །བཞི་པ་ཅུར་ནིས་ནི། ག་བུར་གྱིས་གཙོ་བོ་བྱས་པ་དང༌། ཙནྡ་དཀར་པོས་གཙོ་བོ་བྱས་པ་དང༌། གུར་གུམ་གྱིས་གཙོ་བོ་བྱས་པ་དང༌། ཅུ་གང་གིས་གཙོ་བོ་བྱས་པའི་ཕྱེ་མ་སྟེ་ཅུར་ནིས་བཞིའོ། །ལྔ་པ་རིལ་བུ་ནི། བཙན་དུག་གིས་གཙོ་བོ་བྱས་པ་དང༌། ཁ་རུ་ཚ་ལ་སོགས་པའི་ཚ་སྣ་རྣམས་ཀྱི་རིལ་བུ་དང་གཉིས་སོ། །དྲུག་པ་ཏྲེས་སམ་ནི་སེ་འབྲུས་གཙོ་བོ་བྱས་པ་དང༌། ད་ལིས་ཀྱིས་གཙོ་བོ་བྱས་པ་དང༌། གནོད་སྦྱིན་རྒོད་མ་ཁའི་སྦྱོར་བ་དང༌། ཚ་བསྲེགས་ཀྱི་སྦྱོར་བ་དང༌། ཅོང་ཞི་བསྲེགས་པའི་ཐལ་སྨན་དང་བཅས་པས་ཏྲེས་སམ་ལྔ་སྟེ་ཞི་བྱེད་ཀྱི་ལོ་མ་ཉེར་གསུམ་མོ། །གཉིས་པ་སྦྱོང་བྱེད་ནི། སྦྱོང་བྱེད་ཅེས་པ་ནས་དཔྱད་ཀྱིས་བཅོས་ཞེས་པའི་བར་གྱིས་བསྟན་ཏེ། རླུང་གི་ནད་ལ་འཇམ་རྩིའི་ཡལ་ག་གཅིག མཁྲིས་པ་ལ་བཤལ་གྱི་ཡལ་ག་གཅིག བད་ཀན་ལ་སྐྱུགས་ཀྱིས་སྦྱང་བའི་ཡལ་ག་གཅིག་སྟེ་སྦྱོང་བྱེད་ཀྱི་ཡལ་ག་གསུམ། འཇམ་རྩི་ལ་སླེ་འཇམ་དང་བཀྲུ་འཇམ་དང་བཀྲུ་མ་སླེན་སྟེ་གསུམ། གཉིས་པ་བཤལ་ལ་སྤྱི་བཤལ་དང༌། སྒོས་བཤལ་དང༌། དྲག་བཤལ། འཇམ་བཤལ་ཏེ་བཞི། གསུམ་པ་སྐྱུགས་ལ་དྲག་སྐྱུགས་དང་འཇམ་སྐྱུགས་གཉིས་སུ་སྦྱར་བས་སྦྱོང་བྱེད་ལ་ལོ་མ་དགུའོ། །བཞི་པ་དཔྱད་ཀྱི་སྡོང་པོ་ལ། རླུང་གི་ཡལ་ག །མཁྲིས་པའི་ཡལ་ག །བད་ཀན་གྱི་ཡལ་ག་དང་གསུམ། དང་པོ་རླུང་གི་དཔྱད་དུ་ཏིལ་མར་ལ་སོགས་པའི་སྐུ་མཉེ་དང༌། གོ་སྙོད་སྣུམ་ལྡན་ཏེ་ཧོར་གྱི་མེ་བཙའ་དང་གཉིས་ཏེ། གཉིས་པ་མཁྲིས་པའི་དཔྱད་དུ་རྔུལ་དབྱུང་བ་དང༌། གཏར་ཁ་དང༌། ཆུ་བསིལ་བླུག་པའི་འཕྲུལ་འཁོར་དང་གསུམ། བད་ཀན་གྱི་དཔྱད་དུ་དྲོད་དུགས་དང༌། མེ་བཙའ་གདབ་པ་གཉིས་ཏེ་རིམ་པ་བཞིན་དང་པོ་གཉིས་དང༌། བར་མ་གསུམ་དང༌། ཐ་མ་གཉིས་ཏེ་དཔྱད་དེ་རྣམས་ཀྱིས་རླུང་མཁྲིས་བད་ཀན་གྱི་ནད་རྣམས་བཅོས་པར་བྱའོ་ཞེས་པའི་དོན་ཏོ། །སྐབས་འདིར་ཧོར་གྱི་མེ་བཙའ་ཞེས་པ་ལ་ཁ་ཅིག་ན་རེ། སྙིང་པོ་བསྡུས་པར་རྡོ་དཀར་བསྲེགས་པ་ལ་བཤད་ཅེས་ཟེར་མོད། དེར་ཐལ་སྨན་གྱི་མེ་བཙའ་བཤད་མོད་ཀྱང་ཧོར་གྱི་མེ་བཙའི་དོན་མ་གྲུབ་པས་མི་འཐད་ལ། ཧོར་གྱི་མེ་བཙའ་ཞེས་པ་མན་ངག་རྒྱུད་དུ་དུགས་ཀྱི་ཁོངས་སུ་བསྡུས་པས་ན། གོ་སྙོད་སྣུམ་དུ་བཙོས་པའམ་འཁར་གོང་སྲིན་ཅན་དུགས་ལ་སྔ་རབས་ཀྱིས་བཞེད་པ་ལྟར་ལེགས་པ་ཡིན་ནོ། །དེ་ལྟར་བཤད་པའི་ཞི་བྱེད་དང་སྦྱོང་བྱེད་དང༌། དཔྱད་རྣམས་རེ་རེ་ནས་རྒྱས་པར་རྒྱུད་ཕྱི་མ་རྣམ་གཉིས་སུ་འཆད་པ་ལས་ཤེས་དགོས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཟས་ལ་ལོ་མ་སོ་ལྔ། སྤྱོད་ལམ་ལ་དྲུག །སྨན་ལ་ལྔ་བཅུ། དཔྱད་ལ་བདུན། ཡོངས་སུ་དྲིལ་བས་གསོ་ཐབས་ཀྱི་ལོ་མ་དགུ་བཅུ་རྩ་བརྒྱད་པོ་འདི་ཉིད་བར་བར་དུ་ཡེངས་པ་མེད་པར་སྨན་པས་སྦྱང་ཞིང༌། ནད་པས་གུས་པ་དང་བཅས་པའི་སྒོ་ནས་བརྩོན་པར་བསྟེན་རུང་བྱས་ན་ནད་ཀྱི་རིགས་མཐའ་དག་གི་འདམ་ལས་མྱུར་དུ་གྲོལ་བར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་གསོ་ཐབས་ཀྱི་ལེའུ་སྟེ་ལྔ་པའོ་ཞེས་པའོ།། །།

མཐའ་མའི་འདོན་ཐེངས་།: 20.08.2011 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།