སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ལྔ་པ། གསོ་བྱེད་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
རྩ་རྒྱུད། >> ལེའུ་ལྔ་པ། གསོ་བྱེད་ཐབས།



ལེའུ་ལྔ་པ། གསོ་བྱེད་ཐབས།

ངོས་འཛིན་རྟགས་ཀྱི་རྩ་བ་དང་འབྲེལ་པའི་དོན་མ་ལུས་པ་བཤད་ཚར་བའི་རྗེས། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་པའོ། །གསོ་བྱེད་ཐབས་ཀྱི་རྩ་བ་ལས་སྐྱེས་པ་ནི་ངོས་འཛིན་རྟགས་ཀྱི་རྩ་བ་ནས་ནད་གཞིའི་བྱེ་བྲག་སོ་སོར་ངོས་བཟུང་ནས། ནད་དེ་ལ་གསོ་བར་བྱེད་པའི་གཉེན་པོ་ཞིག་དགོས་པ་དེ་ནི། དེ་ལ་ཟས་ཀྱི་སྡོང་པོ་དང༌། སྤྱོད་ལམ་གྱི་སྡོང་པོ་དང༌། སྨན་གྱི་སྡོང་པོ་དང༌། དཔྱད་ཀྱི་སྡོང་པོ་དང་བཞི་ཡིན་ཏེ།

ཟས་ཀྱི་སྡོང་པོ་ལས་སྐྱེས་པའི་ཡལ་ག་དྲུག་གི་དང་པོ། རླུང་ཟས་ཀྱི་ཡལ་ག་ལས་རྟའི་ཤའི་ལོ་མ་དང༌། བོང་བུའི་ཤའི་ལོ་མ་དང༌། འཕྱི་བའི་ཤའི་ལོ་མ་དང༌། དེར་མ་ལྟོས་པའི་ལོ་ལོན་པའི་ཤ་སྐམ་པོའི་ལོ་མ་དང༌། ཤ་ཆེན་གྱི་ལོ་མ་དང༌། ཏིལ་སོགས་འབྲུ་མར་སྣོད་དུ་བླུགས་པའི་ལོ་མ་དང༌། ལོ་ལོན་པའི་རྩི་མར་རྙིང་པའི་ལོ་མ་དང༌། བུ་རམ་སྨུག་པོའི་ལོ་མ་དང༌། སྒོག་སྐྱའི་ལོ་མ་དང༌། བཙོང་ནག་གི་ལོ་མ་སྟེ་རླུང་ཟས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་བཅུ། རླུང་སྐོམ་གྱི་ཡལ་ག་ལས་འོ་མ་དྲོན་མོ་སྣོད་དུ་བླུགས་པའི་ལོ་མ་དང༌། ལྕ་བ་དང་ར་མཉེའི་ཟན་ཆང་སྣོད་དུ་བཞག་པའི་ལོ་མ་དང༌། བུར་ཆང་སྣོད་དུ་བཞག་པའི་ལོ་མ་དང༌། རུས་ཆང་སྣོད་དུ་བཞག་པའི་ལོ་མ་དང་བཅས་རླུང་ནད་ཅན་གྱི་སྐོམ་གྱི་ལོ་མ་བཞི་སྟེ་ཁྱོན་རླུང་ལ་ཟས་སྐོམ་གྱི་ལོ་མ་བཅུ་བཞིའོ། །མཁྲིས་པའི་ཟས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། བ་རའི་ཞོ་སྣོད་བཅས་ཀྱི་ལོ་མ། བ་རའི་དར་བ་སྣོད་དུ་བླུགས་པའི་ལོ་མ། མར་གསར་གྱི་ལོ་མ། རི་དྭགས་ཤའི་ལོ་མ། ར་ཤའི་ལོ་མ། སྐོམ་པོ་སྟེ་རྟོལ་གྱི་ཤ་གསར་པའི་ལོ་མ། ནས་ལོ་མ་ལོན་པའི་ཆག་ཚེའི་ལོ་མ་དང༌། སྐྱབས་ཏེ་ཁུར་སྐྱའི་ཚོད་མའི་ལོ་མ་དང༌། ཁུར་ཚོད་ཀྱི་ལོ་མ་སྟེ་མཁྲིས་ཟས་ལོ་མ་དགུ། སྐོམ་གྱི་ཡལ་ག་ལས། ཆབ་ཚ་སྟེ་ཚྭ་སྡོར་མེད་པའི་ཐུག་པ་སླ་མོར་བཞེད་རུང་ནུས་པ་དང་འབྲུམ་ལེ་སོགས་སུ་ཟློས་པས་ཇ་མར་འོ་ཚ་བཅས་མེད་པ་སྣོད་དུ་བླུགས་པའི་ལོ་མ་དང༌། གངས་དང་རྫ་ལས་བྱུང་བའི་ཆུ་བསིལ་སྣོད་དུ་བླུགས་པའི་ལོ་མ་དང༌། ཆུ་བསྐོལ་གྲང་སྣོད་དུ་བླུགས་པའི་ལོ་མ་སྟེ་སྐོམ་གྱི་ལོ་མ་ལྔ་བཅས་མཁྲིས་པའི་ནད་ཅན་གྱི་ཟས་སྐོམ་གྱི་ལོ་མ་བཅུ་གཉིས་སུ་བཤད་པ་ཡིན། བད་ཀན་ཟས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། ལུག་གི་ཤའི་ལོ་མ་དང༌། གཡག་རྒོད་ཅེས་འབྲོང་ཤའི་ལོ་མ། གཅན་གཟན་ཞེས་རྩལ་མཐུས་ཟ་བའི་ཤ་རྣམས་ཀྱི་ལོ་མ་དང༌། ཉ་ཡི་ཤའི་ལོ་མ་དང༌། སྦྲང་རྩིའི་ལོ་མ་དང༌། སྐམ་ས་ཚ་གདུང་ཅན་དུ་སྐྱེས་པའི་འབྲུ་རྙིང་གི་ཟན་དྲོན་སྡོར་ལྡན་གྱི་ལོ་མ་དང་བཅས་པས་ཟས་ལ་ལོ་མ་དྲུག སྐོམ་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི་འབྲི་ཡི་ཞོ་དར་བཟོ་ཚུལ་ལོ་མ། གར་ཆང་ནར་ལོན་པའི་ལོ་མ། ཆུ་སྐོལ་ཚན་མོའི་ལོ་མ་ནི་བསྐོལ་ཚུལ་གྱི་ལོ་མ་སྟེ་སྐོམ་གྱི་ལོ་མ་གསུམ་མོ། །དེ་ལྟར་ལོ་མ་དགུ་པོ་ནི་བད་ཀན་ནད་གཞི་ཅན་གྱིས་རྟག་ཏུ་བསྟེན་པར་བྱ་བའི་བཟའ་བཏུང་ངོ༌།།

སྤྱོད་ལམ་གྱི་སྡོང་པོ་ལས་སྐྱེས་པའི་ཡལ་ག་གསུམ་གྱི་དང་པོ་རླུང་སྤྱོད་ཀྱི་ཡལ་ག་ལས་སྐྱེས་པའི་སྤྱོད་ལམ་གྱི་ལོ་མ་ནི། རླུང་ནད་ལ་གནས་དྲོ་སར་སྡོད་པ་ཉི་མ་ལྟ་བུའི་ལོ་མ། རང་རང་གི་ཡིད་དུ་འོང་བའི་གྲོགས་བསྟེན་པར་བྱ་ཞིང་གནས་པའི་ལོ་མ། མཁྲིས་སྤྱོད་ཀྱི་ཡལ་ག་ལས་སྐྱེས་པ་མཁྲིས་པའི་ནད་ཀྱི་ལོ་མ་ལ་ཆུ་འགྲམས་བསིལ་སར་བསྡད་པའི་ལོ་མ། སྤྱོད་ལམ་དལ་བར་བསྡད་པའི་ལོ་མ། བད་ཀན་སྤྱོད་ལམ་གྱི་ཡལ་ག་ལས་སྐྱེས་བད་ཀན་ནད་ལ་སྤྱོད་ལམ་རྩོལ་བས་བཅག་ཉི་མར་འགྲོ་བའི་ལོ་མ། གནས་དྲོ་ས་བསྟེན་པའི་ལོ་མ་སྟེ་སྤྱོད་ལམ་གྱི་ལོ་མ་དྲུག

སྨན་གྱི་སྡོང་པོ་ལས་ཡལ་ག་བཅོ་ལྔ་ཡོད་དེ། དེ་ལ་དང་པོ་རླུང་གི་རོའི་ཡལ་ག་ལས། མངར་བའི་ལོ་མ། སྐྱུར་བའི་ལོ་མ། ལན་ཚྭ་བའི་ལོ་མ་སྟེ་གསུམ། རླུང་ནུས་པའི་ཡལ་ག་ལས་སྣུམ་པའི་ལོ་མ། ལྕི་བའི་ལོ་མ། འཇམ་པའི་ལོ་མ། མཁྲིས་པའི་སྨན་རོའི་ཡལ་ག་ལས། མངར་བའི་ལོ་མ། ཁ་བའི་ལོ་མ། བསྐ་བའི་ལོ་མ། མཁྲིས་ནུས་ཀྱི་ཡལ་ག་ལས། བསིལ་བའི་ལོ་མ། སླ་བའི་ལོ་མ། རྟུལ་བའི་ལོ་མ་སྟེ་མཁྲིས་པའི་སྨན་ནོ། །བད་ཀན་གྱི་སྨན་རོའི་ཡལ་ག་ལས། ཚ་བའི་ལོ་མ། སྐྱུར་བའི་ལོ་མ། བསྐ་བའི་ལོ་མ། བད་ཀན་སྨན་ནུས་ཀྱི་ཡལ་ག་ལས། རྣོ་བའི་ལོ་མ། རྩུབ་པའི་ལོ་མ། ཡང་བའི་ལོ་མ་སྟེ་བད་ཀན་གྱི་སྨན་ནོ།།

རོ་ནུས་དེ་ལ་སྦྱོར་བ་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་ཡོད་པ་ལས། དང་པོ་ཞི་བྱེད་ནི། རླུང་ལ་ཁུ་བ་དང་སྨན་མར་གྱི་ཡལ་ག་གཉིས། མཁྲིས་པའི་ནད་ལ་ཐང་དང་ཅུར་ནིས་བསྟེན་པའི་ཡལ་ག་གཉིས། བད་ཀན་ནད་ལ་རིལ་བུ་དང་ཏྲེས་སམ་སྦྱར་བའི་ཡལ་ག་གཉིས་ཏེ་ཡལ་ག་དྲུག ཁུ་བའི་ཡལ་ག་ལས་སྲེ་ལོང་སོགས་བསྡུས་བའི་རུས་ཁུ་སྣོད་དུ་བཞག་པའི་ལོ་མ། ཤ་ཁུ་མར་བུ་རམ་ཁུ་བ་ཆང་རྙིང་ཁུ་བ་སྟེ་སྣོད་རེར་བཞག་པ་བཅུད་བཞིའི་ལོ་མ། ལུག་མགོ་རྙིང་པ་ལས་བྱས་པའི་མགོ་ཁྲོལ་གྱི་ཁུ་བ་སྣོད་དུ་བཞག་པའི་ལོ་མ་སྟེ་ཁུ་བའི་ལོ་མ་གསུམ། སྨན་མར་གྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ཛཱ་ཏིས་གཙོ་བྱས་པའི་སྨན་མར་བཟོ་བའི་ལོ་མ། སྒོག་སྐྱས་གཙོ་བྱས་པའི་སྨན་མར་བཟོ་བའི་ལོ་མ། འབྲས་བུ་གསུམ་གྱིས་གཙོ་བྱས་པའི་སྨན་མར་བཟོ་བའི་ལོ་མ། རྩ་བ་ལྔས་གཙོ་བྱས་པའི་སྨན་མར་བཟོ་བའི་ལོ་མ་དང༌། སྨན་ཆེན་གྱིས་གཙོ་བྱས་པའི་སྨན་མར་བཟོ་བའི་ལོ་མ་དང༌། དེ་དག་ལ་སྦྱར་བའི་སྨན་མར་གྱི་ལོ་མ་ལྔའོ། །ཐང་གི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། མ་ནུས་གཙོ་བྱས་པའི་ཐང་བརྡུང་བའི་ལོ་མ། སླེ་ཏྲེས་ཀྱིས་གཙོ་བྱས་པའི་ཐང་བརྡུང་བའི་ལོ་མ། ཏིག་ཏས་གཙོ་བྱས་པའི་ཐང་བརྡུང་བའི་ལོ་མ། འབྲས་བུ་གསུམ་གྱིས་གཙོ་བྱས་པའི་ཐང་བརྡུང་བའི་ལོ་མ་སྟེ་བཞི། ཕྱེ་མ་འམ་ཅུར་ནིའི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། ག་བུར་གྱིས་གཙོ་བྱས་པའི་ཕྱེ་མ་བཟོ་བའི་ལོ་མ། ཙནྡན་དཀར་པོས་གཙོ་བྱས་པའི་ཕྱེ་མ་བཟོ་བའི་ལོ་མ། གུར་ཀུམ་གྱིས་གཙོ་བྱས་པའི་ཕྱེ་མ་བཟོ་བའི་ལོ་མ། ཅུ་གང་གིས་གཙོ་བྱས་པའི་ཕྱེ་མ་བཟོ་བའི་ལོ་མ་སྟེ་ཅུར་ནིའི་ལོ་མ་བཞིའོ། །རིལ་བུའི་ཡལ་ག་ལས་སྐྱེས་པའི་བཙན་དུག་གིས་གཙོ་བྱས་པའི་རིལ་བུ་བཟོ་ཆགས་བྱེད་པའི་ལོ་མ། ཁ་རུ་ཚ་སོགས་ཚྭ་སྣ་རྣམས་ཀྱིས་གཙོ་བྱས་པའི་རིལ་བུ་བཟོ་བ་དང་ཆགས་ཀྱི་ལོ་མ་དང་གཉིས་སོ། །ཏྲེས་སམ་གྱི་ཡལ་ག་ལས་སྐྱེས་པ་ནི། སེ་འབྲུས་གཙོ་བྱས་པའི་ལོ་མ། ད་ལིས་གཙོ་བྱས་པའི་ལོ་མ། རྒོད་མ་ཁའི་སྦྱོར་བའི་ལོ་མ། ཚྭ་བསྲེགས་ཀྱི་སྦྱོར་བའི་ལོ་མ་དང༌། ཅོང་ཞི་བསྲེགས་པའི་ཐལ་སྨན་བཟོ་བའི་ལོ་མ་དང་བཅས་པས་ཏྲེས་སམ་ལྔ་སྟེ་ཞི་བྱེད་ཀྱི་ལོ་མ་ཉེར་གསུམ་ཡིན་ནོ། །སྦྱོང་བྱེད་རླུང་གི་ནད་ལ་འཇམ་རྩི་སྟེ་དེའི་ཡལ་ག་གཅིག མཁྲིས་པ་ལ་བཤལ་གྱི་ཡལ་ག་གཅིག བད་ཀན་ལ་སྐྱུགས་ཀྱིས་སྦྱང་བའི་ཡལ་ག་གཅིག་སྟེ་སྦྱོང་བྱེད་ཡལ་ག་གསུམ། འཇམ་རྩིའི་ཡལ་ག་ལས་སླེ་འཇམ་གྱི་ལོ་མ་མཚོན་པ་དཔེར་ན་སྟོད་དམའ་སྨད་མཐོ་བར་རྐུབ་ལ་གྲོད་པ་ནས་སྨན་ལྡུགས་ཚུལ། བཀྲུ་འཇམ་གྱི་ལོ་མ་མཚོན་བྱེད་དཔེར་ན་སྟོད་དམའ་སྨད་མཐོ་བར་ཉལ་རྐང་མཐིལ་བརྡུང་བ། བཀྲུ་མ་སླེན་གྱི་ལོ་མ་མཚོན་བྱེད་དཔེར་ན་རྐང་གཉིས་མཁར་བསྟད་གསིག་པ་སྟེ་གསུམ། བཤལ་གྱི་ཡལ་ག་ལས་སྤྱི་བཤལ་གྱི་ལོ་མ་མཚོན་བྱེད་དཔེར་ན་སྔོན་འགྲོ་མཁན་པ་སྦང་མས་ལུས་བཀྲུ་ཚུལ། སྒོས་བཤལ་གྱི་ལོ་མ་མཚོན་བྱེད་དཔེར་ན་སྨན་འཐུང་ཁ་བཤལ་ཚུལ། དྲག་བཤལ་གྱི་ལོ་མ་མཚོན་བྱེད་དཔེར་ན་སྐྱུགས་བཀག་པའི་སྤྱི་བོའི་སྐྲ་འཐེན་གདོང་ལ་ཕུ་འདེབས་ཕྲག་པ་ནས་མནན་པ་དང༌། འཇམ་བཤལ་གྱི་ལོ་མ་མཚོན་བྱེད་དཔེར་ན་ཕོ་བར་དུགས་རྒྱག་ཚུལ་ཏེ་བཞི། སྐྱུགས་ཀྱི་ཡལ་ག་ལས་དྲག་སྐྱུགས་ཀྱི་ལོ་མ་མཚོན་བྱེད་དཔེར་ན་ཁ་བུབ་པུས་མོ་ཕོ་གསང་དུ་བཙུགས་ཙོག་པུར་བསྡད་པ། འཇམ་སྐྱུགས་ཀྱི་ལོ་མ་མཚོན་བྱེད་དཔེར་ན་གོས་ཀྱིས་བྱིབས་ཙོག་པུར་བསྡད་པ་གཉིས་སུ་སྦྱར་བས་སྦྱོང་བྱེད་ཀྱི་ལོ་མ་དགུའོ།།

དཔྱད་ཀྱི་སྡོང་པོ་ལས་རླུང་མཁྲིས་བད་ཀན་གྱི་ཡལ་ག་གསུམ། དང་པོ་རླུང་དཔྱད་ཀྱི་ཡལ་ག་ལས་དཔྱད་དུ་ཏིལ་མར་ལ་སོགས་པའི་བསྐུ་མཉེ་བའི་ལོ་མ་མཚོན་བྱེད་དཔེར་ན་ཕོ་བར་ལག་བཀབ་ཏིལ་མར་བྱུགས་པ། གོ་སྙོད་སྣུམ་ལྡན་ཕྱིང་པས་གྲིལ་ཏེ་ཧོར་གྱི་མེ་བཙའི་ལོ་མ་དང་གཉིས། མཁྲིས་དཔྱད་ཀྱི་ཡལ་ག་ལས་རྔུལ་དབྱུང་བའི་ལོ་མ་མཚོན་བྱེད་དཔེར་ན་གོས་ཀྱིས་བྱིབས་རྔུལ་དབྱུང་བ་དང༌། གཏར་གའི་ལོ་མ་མཚོན་བྱེད་དཔེར་ན་གཏར་ག་རྒྱག་པ། ཆུ་བསིལ་བཟེད་དམ་བླུགས་པའི་འཕྲུལ་འཁོར་མཚོན་བྱེད་དཔེར་ན་ཆུ་རྦར་ལུས་བཟེད་པའི་ལོ་མ་དང་གསུམ། བད་ཀན་གྱི་དཔྱད་ཀྱི་ཡལ་ག་ལས་དུགས་ཀྱི་ལོ་མ་མཚོན་བྱེད་དཔེར་ན་གྲང་དུགས་སྐར་ཆུ་གྲོད་པར་བླུགས་པ་སྟོད་དུ་སྦྱོར་བ་གྲང་དུགས་ཚྭ་མེར་བསྲོས་ཕོ་བར་དུགས་བྱེད་པ་དང༌། མེ་བཙའི་ལོ་མ་མཚོན་བྱེད་དཔེར་ན་ཚིགས་སུ་མེ་བཙའ་འཇོག་པ་གཉིས་ཏེ། རིམ་བཞིན་དང་པོ་གཉིས་དང༌། བར་མ་གསུམ་དང༌། ཐ་མ་གཉིས་ཏེ་དཔྱད་དེ་རྣམས་ཀྱིས་རླུང་མཁྲིས་བད་ཀན་གྱི་ནད་རྣམས་བཅོས་པར་བྱའོ།།

དེ་ལྟར་ཟས་ལ་ལོ་མ་སོ་ལྔ། སྤྱོད་ལམ་དུ་དྲུག སྨན་ལ་ལྔ་བཅུ། དཔྱད་ལ་བདུན་ཡོངས་སུ་བསྒྲིལ་བས་གསོ་ཐབས་ཀྱི་ལོ་མ་དགུ་བཅུ་རྩ་བརྒྱད་པོ་འདི་ཉིད་བར་བར་དུ་ཡེངས་མེད་པར་སྨན་པས་སྦྱར་ཞིང་ནད་པས་གུས་པ་དང་བཅས་པའི་སྒོ་ནས་བརྩོན་པས་བསྟེན་རུང་བྱས་ན་ནད་ཀྱི་རིགས་མཐའ་དག་གི་འདམ་ལས་མྱུར་དུ་གྲོལ་བར་འགྱུར་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་གསོ་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།