སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
བཤད་རྒྱུད། >> ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།

བཞི་པ་ལུས་ཀྱི་མཚན་ཉིད་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཡིན་ཕྱིར་ལུས་ཞེས་བྱ་བའི་བར་གྱིས་བསྟན་ཏེ། གྲུབ་པ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་གདམས་ནས། གོང་དུ་གྲུབ་པ་ལུས་ཀྱི་གནས་ཆགས་ཚུལ་ལ་སོགས་པ་རྣམ་པ་བདུན་དུ་བཤད་པའི་བཞི་པ་ལུས་ཀྱི་མཚན་ཉིད་ལ་རྣམ་པ་གཉིས་སུ་ཡོད་པ་ཡིན་ཏེ། གནོད་བྱ་ཁམས་ཀྱི་རྣམ་པར་གཞག་པ་དང༌། གནོད་བྱེད་ཉེས་པའི་རྣམ་པར་གཞག་པའོ། །དེ་གཉིས་ཀ་ལྷན་ཅིག་འདུས་པའི་ཕུང་པོ་དེ་ལ་ལུས་ཞེས་བྱ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རྣམ་པར་མ་གྱུར་པའི་རང་བཞིན་དུ་གནས་པའི་ནད་དང་ལུས་ཟུངས་དྲི་མ་དང་བཅས་པའི་རྣམ་པ་གསུམ་པོ་དེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་མེད་ན་མི་འབྱུང་བའི་ཚུལ་དུ་རག་ལས་པ་དེ་ནི་ཐོག་མར་ལུས་ཆགས་པ་དང༌། བར་དུ་གནས་པ་དང༌། མཐར་འཇིག་པའི་དུས་ཐམས་ཅད་དུ་རྩ་བ་ལྟ་བུ་ཡིན་པའི་ཕྱིར་ལུས་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གང་ལ་གནོད་པ་བྱ་བའི་ཁམས་བཤད་པ་དང༌། གང་གིས་གནོད་པར་བྱེད་པའི་ཉེས་པ་བཤད་པའོ། །དང་པོ་ལ་ཡང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། གནོད་བྱ་ཁམས་དང་ཞེས་པ་འདི་ལ་འགའ་ཞིག་གིས་ཁམས་བདེ་མི་བདེ་ཟེར་བ་འདིའོ་ཞེས་པ་གཞུང་དང་མ་འབྱོར་ཏེ། ཁམས་ཞེས་བྱ་བ་སྐྱེས་བུའི་ལུས་ཀྱི་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱིས་ཟིན་པ་རྣམས་ལ་བརྗོད་པར་བྱའོ་ཞེས་ཟེར་རོ། །འདིའི་འདོད་པ་སྔ་མས་ཁམས་ཞེས་བྱ་བའི་ངོ་བོ་ངོས་མ་ཟིན་པའི་སྐྱོན་ཡོད་ཅིང༌། ཕྱི་མས་ནི་ནན་ཏར་མི་འཐད་དེ། སྐྱེས་བུའི་ལུས་ཀྱི་འབྱུང་ལྔས་ཟིན་པ་རྣམས་འདི་སྐབས་ཀྱི་ཁམས་སུ་འཇོག་ན། རླུང་མཁྲིས་བད་ཀན་རྣམས་ཀྱང་ཁམས་སུ་འགྱུར་ལ། དེ་ལྟར། གནོད་བྱ་ཁམས་དང་གནོད་བྱེད་ཉེས་པའོ། ཞེས་སོ་སོར་ཕྱེ་བ་དང་འགལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། འགྲེལ་པ་ཟླ་ཟེར་ལས། དེ་ཡན་ཆད་ཀྱིས་ཉེས་པ་རྣམས་བསྟན་ནས། ཁམས་རྣམས་བསྟན་པའི་ཕྱིར། ལུས་ཟུངས་དྭངས་མ་ཁྲག་དང་ཤ །ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། བཅུད་ཀྱི་དྭངས་མ་ལ་སོགས་པ་བདུན་ནི་ལུས་ཟུངས་ཞེས་བྱ་བ་སྟེ། ལུས་འཛིན་པར་བྱེད་པའི་ཕྱིར་ལུས་ཟུངས་སོ། །དེ་རྣམས་ལ་གནོད་བྱ་ཞེས་བྱ་སྟེ། རླུང་ལ་སོགས་པས་གནོད་ཅིང་ཉེས་པ་བྱ་བའི་གཞི་ཡིན་པས་གནོད་བྱ་སྟེ།་གང་གི་ཕྱིར་རླུང་ལ་སོགས་པ་ནི་གནོད་པའི་ངོ་བོ་ཡིན་པས་དོན་དང་ལྡན་པའི་མིང་ཉེས་པ་ཞེས་བཏགས་པ་ཡིན་ལ། དེས་ན་ནད་དེ་རྣམས་ནི་གནོད་པར་བྱ་བ་ལ་བལྟོས་དགོས་ཏེ། ལས་མེད་པར་ནི་བྱེད་པ་པོ་ལས་རྩོམ་པར་མི་འབྱུང་ངོ༌། །དེ་བཞིན་དུ་གནོད་པ་མེད་པར་དྭངས་མ་དང་ལུས་ཟུངས་ལ་སོགས་པའི་གནོད་བྱའི་མིང་མི་འཐོབ་ལ། དེ་མེད་པར་ཡང་རླུང་ལ་སོགས་པས་གནོད་པའི་མིང་མི་འཐོབ་བོ། །དེ་བས་ན་གཅིག་ལ་གཅིག་བལྟོས་པ་ཡིན་པའི་ཕྱིར། གནོད་པ་དང་གནོད་པར་བྱ་བ་དག་ལ་གནོད་པར་བྱ་བ་ཉིད་དང་གནོད་པ་ཉིད་ཀྱི་མིང་ཐོབ་པ་ཡིན་ནོ། །དྲི་མ་གཅིན། བཤང་བ་རྔུལ་ལ་སོགས་པའང་ཡིན། ཞེས་བྱ་བ་ལའང་ཞེས་བྱ་བའི་སྒྲས་གནོད་བྱ་ཡིན་པར་སྟོན་ཏེ། བཅུད་ཀྱི་དངས་མ་ལ་སོགས་པ་འབའ་ཞིག་གནོད་བྱ་ཡིན་པར་མ་ཟད་ཀྱི་དྲི་མ་ལ་སོགས་པ་རྣམས་ཀྱང་རླུང་ལ་སོགས་པས་གནོད་པར་བྱ་བ་ཡིན་ནོ། །དེ་ལྟར་ན་དྭངས་མ་ལ་སོགས་པ་ནི་གནོད་བྱ་ཞེས་བྱ་བ་དང༌། ལུས་ཟུངས་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་བཤང་བ་དང་གཅི་བ་ལ་སོགས་པ་ཡང་དྲི་མ་ཞེས་བྱ་བ་དང༌། གནོད་བྱ་ཞེས་བྱ་བ་ཡིན་ནོ། །ཞེས་གསལ་བར་བཤད་པ་ལྟར་ཤེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་རྫོགས་དུས་སོ་ཞེས་པའི་བར་རྐང་པ་གཉིས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་གནོད་བྱ་དང་གནོད་བྱེད་གཉིས་ཀྱི་དང་པོ་གནོད་བྱ་ཁམས་ཀྱི་རྣམ་པར་གཞག་པ་ལ་ལྔ་སྟེ། གནོད་བྱའི་དབྱེ་བ་བཤད་པ་དང༌། གནོད་བྱ་སོ་སོའི་ལས་བཤད་པ། གནོད་བྱ་དེ་རྣམས་ཇི་ལྟར་འབྱུང་བའི་རྒྱུའི་གཙོ་བོ་མེ་དྲོད་བཤད་པ་དང༌། མེ་དྲོད་དེས་གནོད་བྱ་རྣམས་ཇི་ལྟར་འགྱུར་བའི་ཚུལ་བཤད་པ་དང༌། མཐར་དེ་རྣམས་ཀྱི་འབྲས་བུ་རྫོགས་པའི་དུས་བཤད་པ་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། དབྱེ་བ། ལས། མེ་དྲོད། འགྱུར་ཚུལ། འབྲས་བུ་རྫོགས་པའི་དུས་བཤད་པའོ། །དང་པོ་ནི། གནོད་བྱའི་ཞེས་པ་ནས་སོགས་པའང་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་གནོད་བྱའི་དབྱེ་བ་བཤད་པ་ལ་རྣམ་པ་ལྔ་ཡོད་པའི་ནང་ནས་དང་པོ་དབྱེ་བ་བཤད་པ་ལའང་ཟུངས་ཀྱི་དབྱེ་བ་དང༌། དྲི་མའི་དབྱེ་བ་གཉིས་སུ་ངེས་པ་ལས། དང་པོ་ལུས་ཟུངས་ཀྱི་དབྱེ་བ་ནི། ཟས་ཀྱི་དྭངས་མ་དང༌། ཁྲག་དང༌། ཤ་དང༌། ཚིལ་དང༌། རུས་པ་དང༌། རྐང་མར་དང༌། ཁུ་བ་དང༌། རྣམ་པ་བདུན་དུ་བཤད་པ་ཡིན་ལ། དྲི་མའི་དབྱེ་བ་ནི། བཤང་བ་དང༌། གཅི་བ་དང༌། རྔུལ་དང༌། སོགས་པའི་སྒྲས་སོ་སེན་དང༌། བུ་ག་གཞན་རྣམས་ནས་འབྱུང་བའི་དྲི་མ་རྣམས་བསྡུས་པ་ཡིན་ཞིང༌། འང་ཞེས་པའི་སྒྲས་ལུས་ཟུངས་རྣམས་གནོད་བྱ་ཡིན་པར་མ་ཟད་དྲི་མ་འདི་རྣམས་ཀྱང་གནོད་བྱའི་ཁམས་སུ་གཏོགས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཁ་ཅིག་འདིའི་སྐབས་ཀྱི་སོགས་ཁོངས་སུ་དངས་མའི་སྙིགས་མ་བད་ཀན་དང༌། ཁྲག་གི་སྙིགས་མ་མཁྲིས་པ་གཉིས་ཀྱང་དྲི་མ་ཡིན་པ་ལ་བློ་རྩེ་གཏད་ནས་འདྲེན་པར་སྣང་ཡང་དེ་ནི་འཐད་པ་མ་ཡིན་ཏེ། བད་ཀན་དང་མཁྲིས་པ་དེ་གཉིས་ནི་གནོད་བྱེད་ཉེས་པའི་ཁོངས་སུ་གཏོགས་པའི་ཕྱིར། གནོད་བྱ་དང་གནོད་བྱེད་དབྱེ་བ་མ་ཕྱེད་པའི་སྐྱོན་འདི་ནི་ཤིན་ཏུ་ཡང་ཆེ་སྟེ། དེ་ལྟར་ན་གསོ་བར་བྱ་བ་དང༌། གཞོམ་པར་བྱ་བའི་གནས་ཀྱང་མི་ཤེས་ཤིང་ནད་དང་གཉེན་པོའི་རྣམ་པར་གཞག་པ་ཡང་ཁྱོད་ལ་མིང་ཙམ་དུ་ཟད་དོ། །གཉིས་པ་གནོད་བྱ་དེ་རྣམས་ཀྱི་ལས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ཡང་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ལུས་ཟུངས་དེ་ལས་དྭངས་མའི་ལས་ནི་གནོད་བྱ་རླུང་མཁྲིས་བད་ཀན་གསུམ་འཕེལ་བར་བྱེད་པ་དང༌། ཁྲག་གིས་ལུས་བརླན་ཅིང་སྲོག་འཚོ་བར་བྱེད་པ་དང༌། ཤ་ཡིས་རུས་པ་གཡོག་པར་བྱེད་ཅིང༌། ཚིལ་གྱིས་པགས་པ་ལ་སོགས་སྣུམ་པར་བྱེད་པ་དང༌། རུས་པས་ལུས་བརྟེན་ཅིང་མཁྲང་བར་བྱེད་པ་དང༌། རྐང་གིས་བཅུད་དུ་འགྱུར་བ་དང༌། ཁུ་བས་མངལ་འཛིན་པའི་ས་བོན་བྱེད་པ་དང༌། བཤང་བས་ལུས་བརྟེན་པའི་སྟོབས་བྱེད་ཅིང༌། གཅིན་གྱིས་ཟས་འདྲུལ་བར་བྱེད་པ་དང༌། རྔུལ་གྱིས་པགས་པ་མཉེན་ཞིང་བ་སྤུ་བརྟན་པར་བྱེད་པའོ། །ཞེས་ཟེར་རོ། །དེ་ལ་དྭངས་མའི་ལས་ནི་གནོད་བྱ་རླུང་མཁྲིས་བད་ཀན་གསུམ་འཕེལ་བར་བྱེད་པ་ཞེས་པ་འདི་ནམ་ཡང་འཐད་པ་མ་ཡིན་ནོ། །འདི་ཉིད་ལས། འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ན་བའི་ཡུལ་མི་འདའ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཁ་ཟས་ཀྱི་དངས་མས་རླུང་མཁྲིས་བད་ཀན་རྣམས་འཕེལ་བར་བྱེད་ན། ཟས་ཟོས་ཚད་ལུས་ལ་གནོད་པར་ཁས་ལེན་དགོས་སོ། །བཤང་བས་ལུས་བརྟེན་པའི་སྟོབས་བྱེད་ཅིང༌། གཅིན་གྱིས་ཟས་འདྲུལ་བར་བྱེད་པ་ཡང་མི་འཐད་དེ། བཤང་བ་ལུས་བརྟེན་པའི་སྟོབས་ཡོད་ན་གཞན་གང་ལའང་སྟོབས་མེད་པར་འགྱུར་ཏེ། ཧ་ཅང་ཐལ་ཆེས་ཤིང༌། གཅིན་གྱིས་ཟས་འདྲུལ་བར་བྱེད་རྒྱུ་ཡིན་ན་གཅིན་དེ་ཉིད་སླར་ཕོ་བའི་གནས་སུ་བཟློག་དགོས་པར་འགྱུར་བ་སོགས་སྐྱོན་མང་དུ་གནས་སོ། །

གཉིས་པ་རང་ལུགས་ནི། འདིའི་སྐབས་ཀྱི་གནོད་བྱ་ཞེས་བྱ་བ་ནི་ལུས་ཟུངས་བདུན་དང་དྲི་མ་གསུམ་སྟེ་བཅུ་པོ་ལ་བྱ་ཞིང༌། དེ་ལ་ལུས་ཟུངས་བདུན་གྱི་དང་པོ་དྭངས་མ་དེས་སྤྱིར་ལུས་ཟུངས་ལྷག་མ་རྣམས་འཕེལ་བར་བྱེད་ཅིང་བྱེ་བྲག་ཏུ་ཁྲག་བསྐྱེད་པར་བྱེད་པ་ཡིན་ལ། ཁྲག་དེས་ནི་ལུས་ཀྱི་ཆ་ཤས་ཕལ་ཆེར་བརླན་པར་བྱེད་ཅིང༌། ཁྱད་པར་སྲོག་འཚོ་བའི་གཙོ་བོ་ཉིད་ཡིན་ཏེ། སློབ་དཔོན་གྱིས། དེ་ལ་སེམས་ཅན་རྣམས་ཀྱི་སྲོག་འཚོ་བ་ནི་ཁྲག་ལ་རག་ལས་པ་ཡིན་ཏེ། ཁྲག་ལེགས་པར་གནས་ཤིང་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བཤང་བས་བརྟེན་ཅིང་གཅིན་གྱིས་འདྲུལ་བར་བྱེད། ཅེས་པ་བཤད་པས་ནང་ཁྲོལ་ལ་སོགས་པ་རིམ་པས་བརྟེན་པར་བྱེད་ཅིང༌། གཅིན་གྱིས་བཤང་བ་ཉིད་འདྲུལ་བར་བྱེད་ཅེས་པའི་དོན་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་པ་ནས་བ་སྤུ་བརྟན་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་གནོད་བྱ་བཅུ་པོ་དེ་ལས། དྭངས་མ་དེའི་ལས་ནི་གནོད་བྱ་གཞན་དྲུག་པོ་རྣམས་དང༌། ཁྱད་པར་དུ་ཁྲག་དེ་ཉིད་འཕེལ་བར་བྱེད་པ་དང༌། ཁྲག་གི་ལས་ནི་ལུས་ཀྱི་བརླན་པའི་ཆ་ཕལ་ཆེར་སྐྱེད་པར་བྱེད་ཅིང་ལྷག་པར་སྲོག་འཚོ་བ་སྟེ། སེམས་ཅན་རྣམས་ཀྱི་སྲོག་གི་རྟེན་གཙོ་བོར་བྱེད་པ་དང༌། ཤའི་ལས་ནི་ལུས་ཀྱི་ཕྱི་ནང་གསུམ་ནས་འདག་ཞལ་ལྟ་བུར་གཡོག་པར་བྱེད་པ་དང༌། ཚིལ་གྱི་ལས་ནི་ལུས་ཀྱི་ཆ་ཤས་ཀུན་སྣུམ་པར་བྱེད་པ་དང༌། རུས་པའི་ལས་ནི་ཤའི་ལུས་འདི་ཉིད་གཙོ་བོར་བརྟེན་པར་བྱེད་པ་དང༌། རྐང་མར་གྱི་ལས་ནི་བཅུད་ཆེན་པོ་རོ་ཙའམ་ཁུ་བར་འགྱུར་བར་བྱེད་པ་དང༌། ཁུ་བའི་ལས་ནི་ལུས་སྤྱི་ལ་མདངས་དང་གཞན་དུ་མངལ་འཛིན་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་བཤང་བའི་ལས་ནི་ལོང་ལ་སོགས་པའི་ནང་ཁྲོལ་རྣམས་དང་རིམ་པས་ཕོ་བའི་ནང་གི་ཁ་ཟས་རྣམས་རྟེན་པར་བྱེད་ཅིང༌། གཅིན་གྱི་ལས་ནི་ནང་ཁྲོལ་གྱི་ནང་ན་གནས་པའི་སྙིགས་མ་སླ་བ་རྣམས་རྟེན་ཞིང་སྐ་བ་རྣམས་འདྲུལ་ཞིང་འབྱིན་པར་བྱེད་པ་དང༌། རྔུལ་གྱི་ལས་ནི་པགས་པ་མཉེན་པར་བྱེད་ཅིང་བ་སྤུ་སྒོ་རྣམས་མི་འགག་པར་བརྟན་པའི་བྱ་བ་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་ལུས་ཀྱི་མེ་དྲོད་བཤད་པ་ལ་གཉིས། མེ་དྲོད་དངོས་བཤད་པ་དང༌། དེས་ཁ་ཟས་འཇུ་བའི་ཚུལ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་བཤད་པ་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ཏེ། དང་པོ་ནི། ཁ་ཅིག་ན་རེ། མེ་དྲོད་ཅེས་བྱ་བ་ཟས་འཇུ་བའི་གཞི་ཕོ་བ་ཡིན་ཏེ། དེར་གནས་ས་མཁྲིས་པ་ལྔའི་ནང་ཚན་འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་མེ་དྲོད་ཅེས་བཤད་པ་ཡིན་ཅིང༌། རླུང་མཁྲིས་བད་ཀན་ཏེ་ནད་དང་ལུས་ཟུངས་དྲི་མ་ཀུན་གྱིས་ཀྱང་ནང་དུ་དྲོད་སོགས་ཀྱི་ལས་བྱེད་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཕོ་བ་དེ་ཉིད་མེ་དྲོད་ཡིན་ན། མེ་དྲོད་ཕོ་བའི་ནང་དུ་གནས་པར་བཤད་པ་འགལ་ལ། ཕོ་བ་ཟས་འཇུ་བའི་གཞི་ཡང་མ་ཡིན་ཏེ། འདི་སྐབས་ཀྱི་ཟས་འཇུ་བའི་གཞི་ནི་མེ་དྲོད་ཉིད་ལ་བཤད་པའི་ཕྱིར། གཞན་ཡང་ནད་དང་ལུས་ཟུངས་དྲི་མ་ཀུན་གྱིས་ཀྱང་ནང་དུ་དྲོད་ཀྱི་ལས་བྱེད་ཅེས་པ་ཡང་མི་འཐད་དེ། ནད་ཀྱི་ནང་ནས་རླུང་དང་བད་ཀན་གཉིས་པོ་དྲོད་མ་ཡིན་པའི་ཕྱིར། དེ་བཞིན་དུ་དྲི་མ་གསུམ་དང་ལུས་ཟུངས་འགའ་ཞིག་ཀྱང་དྲོད་མ་ཡིན་པའི་དོན་གྱིས་དྲོད་ཀྱི་ལས་བྱེད་པར་ཇི་ལྟར་ནུས་སོམས་ཤིག དེ་ཡང་ཇི་སྐད་དུ་སློབ་དཔོན་གྱིས། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ན་རེ། ནད་གཞི་གསུམ་དང་ལུས་ཟུངས་བདུན་དང་དྲི་མ་གསུམ་དང་འདི་རྣམས་ཀྱི་དྲོད་ཀྱིས་ཁ་ཟས་འཇུ་བར་བྱེད་དོ། །ཞེས་གསུངས་པ་ལྟར། དེ་རྣམས་ཀྱི་དྲོད་ལ་བཤད་པ་མ་གཏོགས་དེ་རྣམས་ཀྱི་ངོ་བོ་ལ་མ་བཤད་པའི་ཕྱིར།

གཉིས་པ་རང་གི་ལུགས་ནི། འདི་སྐབས་ཀྱི་མེ་དྲོད་ཅེས་བྱ་བ་དེ་ནི་བཟའ་བཏུང་ཐམས་ཅད་བདེ་བླག་ཏུ་འཇུ་བར་བྱེད་པའི་གཞིའམ་རྩ་བ་ལྟ་བུ་ཡིན་ཏེ། དེ་ཡང་གང་ཞེ་ན། ཕོ་བའི་ནང་དུ་གནས་པའི་མཁྲིས་པ་འཇུ་བྱེད་དེ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་ཟླ་ཟེར་ལས། ཟས་འཇུ་བར་བྱེད་པའི་གཞི་ནི་མཁྲིས་པ་ལྔའི་ཁྱད་པར་ལས་འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་ཡིན་ནོ། །ཞེས་སྔར་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ཞེས་བཤད་དོ། །ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །ཅེས་པ་ལ་ཡང་ཟླ་ཟེར་ལས། དྲང་སྲོང་རྒྱུན་ཤེས་ནི། ནད་དང༌། ལུས་ཟུངས་དང༌། དྲི་མ་རྣམས་ཀྱི་དྲོད་དེ་རླུང་ལ་སོགས་པའི་ནད་རྣམས་དང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང༌། བཤང་གཅི་ཞེས་བྱ་བའི་དྲི་མ་རྣམས་ཀྱི་དྲོད་ནི་མེ་དྲོད་དེ། ནད་དང་ལུས་ཟུངས་དང་དྲི་མ་རྣམས་འདུས་པ་ལས་བྱུང་བའི་ནང་གི་མེ་དྲོད་ཇི་སྐད་དུ་བརྟེན་པས་མེའི་ལས་བྱེད་པ་ཡིན་ནོ། །ཞེས་བཤད་པ་ལྟར་ཤེས་པར་བྱ་ཞིང༌། ཚུལ་གཞན་རྣམས་ཀྱང་ཞིབ་པར། སློབ་དཔོན་གྱི་རང་འགྲེལ་ལས། ཕོ་བ་དེར་མ་ཞུ་བའི་གནས་ལ་བརྟེན་ཏེ། དེ་ནས་ཚེ་དང་སྟོབས་དང་གཟི་མདངས་འབྱུང་བ་ཆེན་པོ་ལྔའི་མེ་དང་ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ། །གལ་ཏེ་ཟས་འཇུ་བའི་ལམ་ཕོ་བའི་ནང་གི་མེའི་སྟོབས་ཆུང་ན་ནི། དཔེར་ན་སྒོ་གཏན་བཅུག་ན། རྒྱུ་འགྲུལ་བྱར་མེད་པ་དང་འདྲ་བར་རྒྱུ་བ་བཀག་སྟེ་མི་འཇུ་བ་ཡིན་ནོ། །ཅི་སྟེ་མཁྲིས་པའི་མེའི་སྟོབས་ཆེ་ན་ནི་མ་ཞུ་བའི་ཟས་འདྲེན་ཞིང་སྨིན་ལ་འཇུ་བར་བྱེད་དོ། །ཡང་ན་ཟས་ཟོས་ནས་ཕོ་བའི་གནས་སུ་འགྲོ་སྟེ་དེའི་མེ་དྲོད་ཀྱིས་འཇུ་མ་ནུས་ན་འོག་ཏུ་ཐལ་བྱུང་དུ་མ་ཞུ་བར་འཁྲུ་བ་ཡང་ཡོད་དོ། །མཁྲིས་པ་འཇུ་བྱེད་དང་མཉམ་དུ་གནས་པའི་རླུང་སྟོབས་ཆུང་བ་ལ་ཕོ་བའི་ཉམ་ཆུང་ཞིང་ན་བར་འགྱུར་རོ། །དེ་དག་སྟོབས་མཉམ་པ་ནི་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། མེ་དྲོད་ཅེས་པ་ནས་གནས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། མེ་དྲོད་ཅེས་བྱ་བ་ནི་བཟའ་བཏུང་ཐམས་ཅད་འཇུ་བར་བྱེད་པའི་གཞི་གང་ཡིན་པ་དེ་ལ་བཏགས་པ་ཡིན་ཏེ། དེ་ཡང་འཇུ་བར་བྱེད་པའི་མཁྲིས་པ་ཞེས་མཁྲིས་པ་རིགས་ལྔ་པོའི་ཐོག་མ་དེ་ཉིད་ལ་བཤད་པ་ཡིན་པའི་ཕྱིར། དེ་ནི་མེ་དྲོད་འཇུ་བྱེད་ཐམས་ཅད་ཀྱི་གཙོ་བོའམ་མཆོག་ཡིན་མོད་ཀྱི། དེར་མ་ཟད་རླུང་ལ་སོགས་པའི་ནད་གསུམ་དང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་བདུན་དང༌། བཤང་བ་ལ་སོགས་པའི་དྲི་མ་གསུམ་སྟེ། དེ་དག་ཀུན་གྱི་རང་རང་གི་དྲོད་ཀྱི་ཆ་ཤས་རྣམས་ཀྱང་མེ་དྲོད་ཡིན་པར་ཤེས་པར་བྱ་ཞིང༌། དེ་ལྟར་བཤད་པའི་མེ་དྲོད་སྤྱི་དང་བྱེ་བྲག་ཏུ་འཇུ་བྱེད་སྟོབས་དང་ལྡན་པ་ན་དེའི་ཡོན་ཏན་གྱིས་ནད་མེད་པ་དང༌། བྱ་བ་ལ་བརྩོན་པ་དང༌། གཟི་བརྗིད་དང་མདངས་དང་ཚེ་དང་དངས་མ་ལ་སོགས་པའི་ལུས་ཟུངས་མེ་དྲོད་གཞན་རྣམས་ཀྱི་སྟོབས་ཀྱང་རབ་ཏུ་འཕེལ་བར་བྱེད་པ་དང༌། དེ་ཉིད་ཞུ་བ་དང་མ་ཞུ་བའི་མཚམས་ཕོ་བའི་ནང་དུ་གནས་ནས་བཟའ་བཏུང་གང་ཟོས་པ་རྣམས་ཀྱི་དངས་མ་དང་སྙིགས་མ་རྣམས་ལེགས་པར་ཕྱེ་ནས་སོ་སོར་བྱས་ཏེ། སྙིགས་མ་རྣམས་ཞུ་བའི་གནས་ཀྱི་སྒོ་ནས་འགྲོར་འཇུག་ལ་མ་ཞུ་བའི་ཟས་རྣམས་ཞུ་བའི་གནས་ཀྱི་ལམ་དུ་འགྲོ་བ་ཉེ་བར་དགག་པའི་སྒོ་གཏན་ལྟ་བུ་ཡིན་ནོ། །དེ་ནས་མཁྲིས་པ་འཇུ་བྱེད་དེ་ཉིད་སྟོབས་དང་ལྡན་ན་ཞུ་ཞིང་ཞུ་བའི་སྙིགས་མ་རྣམས་ཐུར་དུ་འགྲོ་བར་བྱེད་ལ། གལ་ཏེ་འཇུ་བྱེད་སྟོབས་ཞན་ན་ནི་ཁ་ཟས་ཟོས་པ་རྣམས་འཇུ་བར་མི་ནུས་པས་མ་སྨིན་པ་དེ་ཉིད་ཕྱིར་བཤང་སྒོ་ནས་འབྱུང་སྟེ་འཁྲུ་བར་འགྱུར་ཞིང༌། ཡང་ན་ནི་འཇུ་བྱེད་སྟོབས་ཞན་པས་འཇུ་བ་ཡང་མ་ནུས་ལ་འཁྲུ་བ་ཡང་མ་ནུས་པ་ལས་ཕོ་བའི་ནང་དུ་སྦོ་ཞིང་འཚིངས་པ་དག་ཀྱང་འབྱུང་བ་ཡོད་དོ། །དཔེར་ན་ངན་རུང་སྒོ་གཏན་བཅུག་ན་དེར་རྒྱུ་འགྲུལ་བྱར་མེད་པ་བཞིན་ནོ། །དེ་བས་ན་མེ་དྲོད་སྟོབས་ཆེ་བ་དེ་ནི་ཟས་གང་ཟོས་པའི་དངས་མ་སོགས་ལུས་ཟུངས་རྣམས་དང་མདངས་དང་སྟོབས་ལ་སོགས་པ་རིམ་པས་རྒྱས་ཤིང་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ཏེ། གལ་ཏེ་མེ་དྲོད་སྟོབས་ཞན་ན་ནི་ཟས་གང་ཟོས་པ་རྣམས་མི་འཇུ་ཞིང༌། དེ་མ་ཞུ་ན་དྭངས་མ་ལ་སོགས་ལུས་ཟུངས་དང་མདངས་སྟོབས་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡིད་ལ་ངེས་པར་བྱས་ནས་ཟས་སྐོམ་དང་སྤྱོད་ལམ་ཡང་ལ་དྲོ་བ་མེ་དང་ཆོས་མཐུན་པ་དང༌། སེ་འབྲུ་བཞི་པ་ལ་སོགས་པའི་སྨན་དེ་ཡིས་འབད་དེ་རྟག་པར་མེ་དྲོད་བཟུང་བའི་བྱ་བ་ལ་གནས་པར་གྱུར་ན་ལུས་ཀྱི་སྟོབས་དང་ཚེ་ནི་ཡུན་རིང་དུ་གནས་པར་འགྱུར་བ་ཡིན་ནོ། །འཆོལ་བ་སྣ་ཚོགས་སུ་སྤྱད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་འདི་རྣམས་ལ་དགོངས་ནས་མན་ངག་རྒྱུད་དུ། བད་མཁྲིས་རླུང་གིས་འཇུ་བའི་མཐུ་ཉམས་ཏེ། །མྱགས་བྱེད་བད་ཀན་དག་གིས་མྱགས་མ་ནུས། །འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས། །མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ནུས། །དེ་ལ་མ་ཞུ་ཞེས་སུ་བརྗོད་པ་ཡིན། །མ་ཞུའི་དབང་གིས་ཕོ་བའི་བད་ཀན་འཕེལ། །བེ་སྣབས་དེ་ཡིས་རླུང་རྒྱུའི་རྩ་སྦུབས་བཀག །ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་ལ་སོགས། །གཅོང་ནད་མ་ལུས་བསྐྱེད་པར་བྱེད་རྒྱུ་ཡིན། །ཞེས་དང༌། རྒྱུ་མ་བཅོས་པར་འབྲས་བུ་གསོ་བྱེད་པ། །དུག་རྩ་མ་ཕྱུང་ལོ་མ་བཅད་སྐྱུར་འདྲ། །ཁོང་ནད་ཐམས་ཅད་མ་ཞུས་བསྐྱེད་པའི་ཕྱིར། །མ་ཞུའི་གསོ་དཔྱད་མཁས་པ་ཤིན་ཏུ་གཅེས། །རྒྱུ་ཉིད་གྲོལ་ན་འབྲས་བུ་ག་ལ་འབྱུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

གཉིས་པ་མེ་དྲོད་དེས་ཁ་ཟས་འཇུ་བའི་ཚུལ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་གནས་སྐབས་དང་པོ་ཁ་ཟས་ཟོས་པའི་དུས་སུ་སྲོག་ཅེས་བྱ་བའི་རླུང་གིས་ནང་དུ་དེད་ཅིང་འོག་ཏུ་འཕུལ་བར་བྱེད་དོ། །དེ་ནས་ཕོ་བའི་ནང་དུ་ཕྱིན་པ་དང༌། སྐོམ་དང་འདྲེས་ཏེ་རྐྱང་རྐྱང་པོར་བྱས་ཏེ་འདུག་པ་དང༌། དེའི་འོག་ཏུ་མཁྲིས་པ་འཇུ་བྱེད་དེ་མེ་དང་མཉམ་དུ་གནས་པའི་རླུང་གིས་སྟོབས་ཆེན་དུ་བྱས་ནས་འོག་ཏུ་འདྲེན་ཏེ་འཇུ་ཞིང་ཚོས་པར་བྱ་བ་ནི་ཇི་ལྟར་ཕྱི་རོལ་གྱི་མེས་སྣོད་དུ་འབྲས་ཚོས་པ་བཞིན་ནོ། །གནས་སྐབས་གཉིས་པ་ལ་རོ་རྣམ་དྲུག་གང་ཟོས་ཀྱང་ཁོང་བའི་མེས་འཇུ་བར་བྱེད་པ་ན་རོ་དང་པོ་ལྦུ་བ་ཅན་བད་ཀན་དུ་འགྱུར་རོ། །དེ་ལྟར་རིམ་གྱིས་འཇུ་བ་ན་སྐྱུར་མོར་འགྱུར་ཏེ་མཁྲིས་པར་འགྱུར་རོ། །དེ་དག་གང་ནས་འཇུ་ཞིང་གང་དུ་འཇུག་ཅེ་ན། མ་ཞུ་བའི་གནས་ནས་འབྱུང་ཞིང་ཞུ་བའི་གནས་སུ་ཕྱིན་པ་ན་ཁོང་བའི་མེས་སྨིན་ཅིང་འཚོད་པར་བྱེད་དོ། །འཇུ་བའི་གནས་སྐབས་ན་རླུང་གི་བདག་ཉིད་དུ་ཕྱིན་པ་ན་གོང་བུར་འགྱུར་ཞིང་རོ་ཁ་བར་འགྱུར་རོ། །དེ་ནས་འབྱུང་བ་ཆེན་པོ་ལྔའི་ཟས་ཀྱི་དངས་མའི་ཡོན་ཏན་སོ་སོ་དང་མཐུན་པས་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ལ་ལུས་ཡོད་པ་རང་རང་གི་ཁམས་འཇུག་ཅིང་རྒྱས་ལ་འཕེལ་བར་བྱེད་དོ། །ཞེས་པ་དང༌། ཟླ་ཟེར་ལས། ཟས་ནི་དུས་སུ་ཟོས་གྱུར་པ། །ལྟོ་བར་སྲོག་གི་རླུང་གིས་དྲངས། །སྐོམ་གྱིས་གོང་བུ་རྣམ་པར་ཕྱེ། །སྣུམ་གྱིས་མཉེན་པ་བྱེད་པ་ཡིན། །མེ་མཉམ་གནས་ཀྱི་དབུས་ནས་ནི། །མ་ཞུའི་གནས་ན་རྣམ་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ་བའི་མེ་ཡིས་འཇུ་བར་བྱེད། །ཅེས་བྱ་བ་ལ། ཟས་སུ་ཟ་བའི་ཁ་ཟས་དུས་སུ་བསྟེན། །བཤང་དང་གཅིན་བསལ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་དུ་ཟོས་ཤིང་ལོངས་སྤྱོད་པར་གྱུར་ན་ལྟོ་བའི་གནས་སུ་སྲོག་ཅེས་བྱ་བའི་རླུང་གིས་དྲངས་ཤིང་བཅུག་ནས་སྐོམ་གྱི་རྣམ་པ་གཤེར་བའི་རྫས་ཆུ་དང་འོ་མ་ཆང་ལ་སོགས་པས་གོང་བུར་གནས་པ་རྣམ་པར་ཕྱེ་ནས་བཤིག་པར་གྱུར་པ་དང༌། སྣུམ་གྱི་རྫས་མར་ལ་སོགས་པས་མཉེན་ཞིང་འཇམ་པ་ཉིད་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་མ་ཞུ་བའི་གནས་ན་འདུག་པ་ན་སྨིན་ཞིང་འཇུ་བར་བྱེད་པ་ཡིན་ལ། དེ་ཡང་མེ་དང་མཉམ་གནས་ཞེས་བྱ་བའི་རླུང་གིས་དེ་ཉིད་དེར་སྤར་ཞིང་བུས་ནས་སྨིན་ཞིང་འཇུ་བར་བྱེད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཕྱིའི་མེས་སྣོད་ཀྱི་ནང་ན་གནས་པའི་འབྲས་ཆུ་གཅོད་ཅིང་སྨིན་པར་བྱེད་པ་དང་འདྲ་བར་ལྟོ་བའི་མེས་ཀྱང་སྨིན་ཅིང་འཇུ་བར་བྱེད་པ་ཡིན་ནོ། །དང་པོ་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་གྱུར་ནས་ནི། །ལྦུ་བ་ཅན་གྱུར་བད་ཀན་འགྱུར། །ཞེས་བྱ་བ་ལ་རོ་དྲུག་པོ་དེ་དག་ཀྱང་དང་པོའི་གནས་སྐབས་ལ་བབ་པའི་ཚེ་ལྟོ་བའི་མེ་དྲོད་ཀྱིས་འཇུ་བར་བྱེད་པ་ན། ཁ་ཟས་རོ་དྲུག་ཅིག་ཅར་ཟོས་སུ་ཟིན་ཀྱང་རོ་མངར་བ་ཉིད་དུ་འགྱུར་ཞིང༌། མངར་བའི་རང་བཞིན་གྱིས་བད་ཀན་གྱི་ནད་སློང་ཞིང་དེའི་མཚན་ཉིད་ཅན་དུ་འགྱུར་བ་དང༌། ལྦུ་བ་ཅན་ལྦུ་བ་འདྲ་བ་ཉིད་དུ་འགྱུར་རོ། །ཞུ་བའི་གནས་ནས་ཕོ་བ་ན། །རྣམ་པར་ཚ་བ་སྐྱུར་ཉིད་འགྱུར། །མཁྲིས་འགྱུར་ཞེས་བྱ་བ་ལ། དང་པོའི་གནས་སྐབས་འདས་ནས་གནས་སྐབས་བར་མ་ལ་བབ་པའི་ཚེ་ལྟོ་བའི་མེ་དྲོད་ཀྱིས་སྨིན་པར་བྱེད་ཅིང་འཇུ་བར་བྱེད་པ་ན་རྣམ་པར་ཚ་བས་སྐྱུར་བ་ཉིད་དུ་གྱུར་པས་མཁྲིས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཟས་དེ་ཞུ་བའི་གནས་ནས་ཕོ་བ་ན་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། འཕོས་པའི་རྗེས་ལ་ནི། མེ་དྲོད་ཀྱི་སྐབས་ཞུ་བ་དང༌། །ཁ་ཞིང་གོང་བུར་གྱུར་རླུང་སྐྱེ། །ཞེས་བྱ་བ་ལ། ཟས་དེ་མ་ཞུ་བའི་གནས་ནས་འཕོས་ཤིང་ཞུ་བའི་གནས་སུ་ཕྱིན་པ་དང༌། ཁོང་བའི་མེ་དྲོད་ཀྱིས་བསྐམས་པ་ན་རོ་ཁ་བ་དང་གོང་བུར་བསྡུས་པར་གྱུར་པ་ན་གནས་སྐབས་གསུམ་པར་སྲ་བར་འགྱུར་བ་ཡིན་ཏེ། དེའི་ཚེ་ནི་རླུང་སྐྱེད་པར་བྱེད་པ་ཡིན་ནོ། །

ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་བཅས་པའི་དྲོད་ལྔ་པོ། །རང་རང་ཡོན་ཏན་ཟས་ལྔ་པོ། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་རང་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་ངེས། །རེ་རེ་ལྷག་མས་ལུས་གཏོགས་ལྷག་མ་རྒྱས། །ཞེས་བྱ་བ་ལ། ས་ལ་སོགས་པའི་མེ་དྲོད་རླུང་དང་བཅས་པར་གནས་པའི་དྲོད་ལྔ་པོ་དེ་དག་གིས་ཟས་ཀྱི་ཡོན་ཏན་ལྔ་པོ་ལྕི་བ་ལ་སོགས་པའི་རང་གི་ཡོན་ཏན་ལ་སོགས་པ་མཆེད་དེ་སྨིན་པར་བྱེད་ལ། དེའི་འོག་ཏུ་ས་ལ་སོགས་པ་དེ་དག་རང་རང་གི་ཡོན་ཏན་གང་ཡིན་པ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་རྒྱས་ཤིང་འཕེལ་བར་བྱེད་དོ། །དེ་ཡང་སོ་སོ་ན་ཐ་དད་པ་བྱེད་པ་ཡིན་ཏེ། དེ་ཡང་ས་རུ་གཏོགས་པའི་འབྱུང་བ་ཆེན་པོས་ལུས་ལ་གཏོགས་པའི་སའི་ཡོན་ཏན་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ལ། ལྷག་མའི་ཡོན་ཏན་ས་ལས་གཞན་པ་མེ་དང༌། །ཆུ་དང༌། རླུང་དང༌། ནམ་མཁའ་རྣམས་ཀྱི་སའི་ཡོན་ཏན་ལ་མ་གཏོགས་པ་ལྷག་མ་རང་རང་གི་ཡོན་ཏན་རྣམས་ལུས་ལ་གནས་པ་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། སྤྱིའི་འཇུ་ཚུལ། ཁྱད་པར་གྱི་འཇུ་ཚུལ། དེའི་ཡོན་ཏན་བཤད་པའོ། །དང་པོ་ནི། མེ་དྲོད་ཅེས་པ་ནས་བཀོལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་མེ་དྲོད་དེ་ཡིས་ཁ་ཟས་ཟོས་པ་རྣམས་འཇུ་བར་བྱེད་པའི་ཚུལ་ནི། ཟས་དང་སྐོམ་ཟོས་ཤིང་འཐུང་བ་ན་ཐོག་མར་སྲོག་གི་རླུང་གིས་བྱེད་པས་མགྲིན་པ་ནས་འཕུལ་ཞིང་ལྟོ་བར་བཅུག་པ་དེའི་ཚེ་སྐོམ་གྱི་ཆ་ཤས་རྣམས་ཀྱིས་གོང་བུར་གནས་པ་རྣམས་བཤིག་ཅིང༌། སྣུམ་པའི་རང་བཞིན་རྣམས་ཀྱིས་མཉེན་པར་བྱེད་ལ། དེ་ཡང་མེ་མཉམ་གྱི་རླུང་གིས་མཁྲིས་པ་འཇུ་བྱེད་མེའི་རང་བཞིན་དེ་བུས་པས་ཚ་བའི་ནུས་པ་ཆེར་འབར་བ་དེས་ཕོ་བའི་གནས་སུ་ཉེ་བར་བཞུས་པས་འཇུ་ནུས་པ་ཡིན་ཏེ། དཔེར་ན་ཕྱི་རོལ་ཏུ་ཕྲུ་བ་ལ་སོགས་པར་སྨན་བླུག་པར་སྦུད་པ་དང་ལྡན་པའི་མེས་བསྐོལ་ཞིང་ཞུ་བར་བྱེད་པ་ལྟར། འདི་ཡང་དེ་བཞིན་དུ་བསྐོལ་ཞིང་འཇུ་བར་བྱེད་པ་ཡིན་ནོ། །

གཉིས་པ་ཁྱད་པར་གྱི་འཇུ་ཚུལ་ནི། དང་པོ་ཞེས་པ་ནས་རླུང་བསྐྱེད་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཁ་ཟས་འཇུ་བའི་ཚུལ་དེ་ཡང་རགས་པའི་དབང་དུ་བྱས་ན་དང་པོར་རོ་དྲུག་ཏུ་གཏོགས་པའི་ཟས་སྐོམ་གང་དང་གང་ཟོས་པ་དེ་དག་ཐམས་ཅད་ཀྱང་ཕོ་བའི་གནས་སུ་སླེབས་པའི་ཚེ། ཐོག་མར་བད་ཀན་མྱག་བྱེད་ཅེས་བྱ་བས་ཞིབ་ཏུ་མྱག་པར་བྱེད་ཅིང༌། དེ་དག་ཀྱང་ས་ཆུའི་རང་བཞིན་ཡིན་པའི་དོན་གྱིས་རོ་ཡང་མངར་བར་ཤས་ཆེ་ཞིང༌། ལྦུ་བ་ཅན་བད་ཀན་གྱི་མཚན་ཉིད་དང་མཐུན་པར་གྱུར་ནས་བད་ཀན་མྱག་བྱེད་དེ་དག་གི་སྟོབས་ཅུང་ཟད་སྐྱེད་པར་བྱེད་པ་དང༌། བར་དུ་ལྦུ་བ་ཅན་དེ་མཁྲིས་པ་འཇུ་བྱེད་ཅེས་པའི་དྲོད་ཀྱིས་ཉེ་བར་བཞུས་པ་ལས་མེའི་ནུས་པ་རྣམ་པར་ཚ་བ་དང༌། གོང་གི་སའི་ལྷག་མའི་བྱེད་པ་ལ་བརྟེན་ནས་རོ་ཡང་སྐྱུར་བ་ཤས་ཆེ་བར་གྱུར་པས་མཁྲིས་པ་འཇུ་བྱེད་དེ་དག་གི་སྟོབས་ཅུང་ཟད་སྐྱེད་པར་བྱེད་དོ། །འདི་ནི་འབྲས་བུའི་སྐབས་ལ་དགོངས་པ་ཡིན་ཏེ། རྒྱུའི་དབང་དུ་བྱས་ན་འདིར་མེ་རླུང་ཤས་ཆེ་བས་རོ་ཚ་བ་འབྱུང་བར་རིགས་ཀྱང༌། ཚ་བས་རླུང་མི་བསྐྱེད་ལ་ཁ་བས་རླུང་བསྐྱེད་པའི་དབང་དུ་བྱས་ནས་འདི་དང་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་མཐུན་པར་ཁ་བ་ཞེས་གསུངས་པ་ཡིན་ཅིང༌། དོགས་པ་འདི་ལྟར་མཐོང་ནས་ཁོ་བོས་མཁས་པའི་དབང་པོ་བྱ་བ་མི་ཕམ་བཀྲ་ཤིས་རྣམ་རྒྱལ་བ་སོགས་མང་པོ་ཞིག་ལ་ནན་གྱིས་དྲིས་ཤིང་བརྩད་ཀྱང་རིགས་པའི་ལན་བཏབ་མ་བྱུང་ཡང༌། རང་གིས་བརྟགས་ཤིང་དཔྱད་པའི་རྒྱས་བཤད་སྦྱོར་བ་སྨན་གནས་ཀྱི་སྐབས་སུ་བརྗོད་པར་བྱའོ། །གསུམ་པ་བཞུ་ཚུལ་དེའི་ཡོན་ཏན་བཤད་པ་ནི། འབྱུང་བ་ཞེས་པ་ནས་རྒྱས་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཤད་པའི་འབྱུང་བ་ལྔ་དང་ལྡན་པའི་ཟས་སྐོམ་ཟོས་ཤིང་འཐུངས་པའི་ཡོན་ཏན་གྱིས་ནི་ལུས་ཀྱི་འབྱུང་བ་ལྔ་པོ་རྣམས་འཕེལ་ཞིང་རྒྱས་པར་བྱེད་དོ། །དེ་ཡང་གོང་དུ། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཅེས་པ་ལ་སོགས་པའི་ཚུལ་ལྟར་ཤེས་པར་བྱའོ། །བཞི་བ་ཁ་ཟས་ཞུ་བ་དེའི་འགྱུར་ཚུལ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། །ཅེས་པ་ལ། བཤད་རྒྱུད་ཀྱི་འགྲེལ་པ་ལ་སྔ་བ་འབུམ་ནག་འབུམ་ཆུང་གཉིས་ལས། དང་པོ་ཟས་ཀྱི་དྭངས་མ་དེ་ཕོ་བ་ནས་མཆིན་པའི་བར་ན་དྭངས་མ་ལེན་པའི་རྩ་མིག་དགུ་ཡོད་པར་དེ་འགྲོ་སྐད་ཅེས་པ་དང༌། བི་བྱི་ལེགས་ལྡན་མགོན་པོ་དང༌། འུག་པ་གདོང་ནག་པ་སོགས་ཀྱི་འགྲེལ་པར་ཕོ་བ་ནས་སྙིང་གི་བར་དུ་དངས་མ་རྣམས་ལེན་ཞིང་སྨིན་པར་བྱེད་པའི་རྩ་དགུ་ཡོད་པ་དེ་དང་མཆིན་པའི་ལམ་ནས་རིམ་པ་ལྟར་བརྒྱུད་དེ། ཞེས་དང༌། བྲང་ཏི་དཔལ་མགོན་རྒྱལ་མཚན་དང༌། ཕག་སྟོན་ཤཱཀྱ་མགོན་པོ་ལ་སོགས་པའི་འགྲེལ་པར། དང་པོ་ཟས་ཀྱི་དངས་མ་དེ་ཕོ་བ་ནས་མཆིན་པའི་བར་ན་དངས་མ་ལེན་པའི་རྩ་མིག་དགུ་ཡོད་པ་དེར་འགྲོ་སྟེ། ཞེས་པ་དང༌། ཆོས་རྗེ་ཞིག་པོ་དང་བདག་ཆེན་རྣམ་རྒྱལ་གྲགས་པ་སོགས་ཀྱིས་ཀྱང་དེ་གའི་རྗེས་སུ་འབྲངས་ཤིང༌། དེ་དག་ཐམས་ཅད་ཀྱི་རྟོག་པ་ལ། ཕ་བ་དང་མཆིན་པ་གཉིས་དངས་མ་ལེན་པའི་རྩ་དགུས་འབྲེལ་ཏེ་ཡོད་དོ་སྙམ་པའམ། ཡང་ན་གང་ཡང་དཔྱད་མ་ཤེས་པར་གཞུང་ཚིག་ལྷུག་པར་བཏང་བ་ཙམ་ལས་མ་བྱུང་མོད། དེ་གཉིས་ཀྱི་བར་ན་དངོས་སུ་འབྲེལ་བའི་རྩ་ནི་རྟ་རྔ་བཤགས་པའི་ཚད་ཙམ་ཡང་མེད་ན་དགུ་ཙམ་འབྱུང་བ་ལྟ་ཅི་སྨོས། འོན་ཀྱང་གཞུང་གི་དགོངས་པ་ནི། ཕོ་བ་རང་གི་ནང་ངོས་ན་རྩ་སྦུབས་ཤིན་ཏུ་ཕྲ་བ་དྲ་བ་ལྟར་ཡོད་པའི་ནང་ནས་མཆིན་པའི་རྩ་བ་ཕྱོགས་དང་གང་རེག་པའི་རྩ་མིག་གཙོ་ཆེ་བའི་དབང་དུ་བྱས་པ་དགུ་ལས་ངང་གིས་འོངས་པ་མཆིན་པའི་རྩ་བོ་ཆེར་འགྲོ་སྟེ། དཔེར་ན་གཉེ་མ་ནས་ལྒང་པར་ཆུ་གསོག་པའམ། རས་ཚགས་དམ་པོར་ཆུ་བླུག་པར་ངང་གིས་འཛག་པའམ། རྫ་སོ་མ་བཏང་བར་ཆུ་བླུག་པ་རྔུལ་བ་ལྟར་འགྲོ་བར་དགོངས་པའོ།།

གཞན་ཡང་ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། ཞེས་པའི་སྐབས་སུ་སློབ་དཔོན་གྱིས། །དངས་མ་ལས་ཁྲག་དེ་ལས་ཤ་ །ཤ་ལས་ཚིལ་ཏེ་དེ་ལས་རུས། །རུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་ནི་མངལ་གནས་འགྱུར། །ལུང་ཟུངས་ཚིགས་མ་རིམ་བཞིན་དུ། །བད་མཁྲིས་བུ་གའི་དྲི་མ་དང༌། །རྔུལ་དང་སེན་མོ་བ་སྤུ་དང༌། །མིག་འདག་བཤང་སྣུམ་མདངས་སུ་འགྱུར། །ཞེས་དང༌། རང་འགྲེལ་ལས། ཁུ་ཆུའི་དངས་མ་ལས་ནི་བུར་འགྱུར་རོ། །སྙིགས་མ་ལས་ནི་ལུས་ཀྱི་གཟི་མདངས་སུ་འགྱུར་རོ། །ཞེས་དང༌། ཟླ་ཟེར་ལས། རྐང་ལས་ནི་ཁུ་ཆུ། ཁུ་ཆུ་ལས་ནི་མངལ་དུ་གནས་པའི་བུ་ཆགས་པའི་རྒྱུར་འགྱུར་རོ། །ཞེས་དང༌། ཁུ་ཆུའི་ཚིགས་མ་ནི་ལུས་ཟུངས་ཐམས་ཅད་ཀྱི་མདངས་སུ་འགྱུར་རོ། །ཞེས་བཤད་ཅིང༌། བཤད་རྒྱུ་རྩ་འགྲེལ་རྣམས་དང་བདུད་རྩི་སྙིང་པོ་ལ་སོགས་པའི་ཁུ་བའི་སྙིགས་མས་མངལ་འཛིན་ཅིང༌། དངས་མས་གཟི་མདངས་བསྐྱེད་པར་བཤད་པ་མ་མཐུན་པས་དོགས་པའི་གནས་སུ་སྣང་ཞིང༌། གཉིས་ཀ་ཡིད་ཆེས་པའི་ལུང་ཡིན་པས་གཅིག་གིས་གཅིག་སུན་དབྱུང་བར་མི་ནུས་ལ། འོན་ཀྱང་རང་གི་ཡིད་ལ་བཤད་རྒྱུད་ལྟར་འབབ་པར་མཐོང་ངོ༌། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། འགྱུར་ཚུལ་རགས་པ་དང༌། ཞིབ་པའོ། །དང་པོ་ནི། འགྱུར་ཚུལ་ཞེས་པ་ནས་གཅིན་དུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། འབྱུང་བ་ལྔ་དང་ལྡན་པའི་ཟས་ཀྱི་ཡོན་ཏན་གྱིས་ལུས་ཇི་ལྟར་རྒྱས་པར་འགྱུར་སྙམ་ན། དེའི་འགྱུར་ཚུལ་ནི། ཕོ་བར་བད་མཁྲིས་གཉིས་ཀྱིས་ཁ་ཟས་མྱག་ཅིང་བཞུས་པའི་ཞུ་རྗེས་ཀྱི་སྐབས་སུ་མེ་མཉམ་གྱིས་དངས་སྙིགས་སོ་སོར་ཕྱེ་བ་ལས། སྙིགས་མ་ནི་རྒྱུ་མའི་སྟོད་ལོང་གི་ནང་དུ་སོང་བ་སླར་ཡང་བསྐ སླ་གཉིས་སུ་ཕྱེ་བ་ལས། བསྐ བ་ནི་རྒྱུ་མ་ནག་པོའི་ནང་དུ་སོང་ནས་བཤང་བར་འགྱུར་ལ། སླ་བ་ནི་ལོང་ནས་རྒྱུ་ཁྲོག་ཅེས་སམ་གཉེ་མའི་ནང་དུ་སོང་བ་ལྒང་པ་དང་རེག་པ་ལས་གཅིན་དུ་འགྱུར་བ་ཡིན་ནོ།།

གཉིས་པ་ཞིབ་པའི་འགྱུར་ཚུལ་ལ་གསུམ། དྭངས་མའི་འགྱུར་ཚུལ་དང༌། སྙིགས་མའི་འགྱུར་ཚུལ་དང༌། མདངས་ཀྱི་འགྱུར་ཚུལ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། དྭངས་མ་ཞེས་པ་ནས་ཁུ་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། དྭངས་མ་བདུན་བརྒྱུད་ཀུན་ཀྱང་ལུས་ཟུངས་རང་རང་གི་མེ་དྲོད་ཀྱིས་སྨིན་པར་འགྱུར་བ་ཡིན་ཏེ། དེ་ཡང་འདིར་གཙོ་ཆེ་བའི་དབང་གིས་སྨིན་ཚུལ་མེ་དྲོད་གཅིག་པུ་ལས་མ་བཤད་ཀྱང༌། དོན་ཐོག་ཏུ་ལུས་ཟུངས་རང་རང་གི་གནས་སུ་བད་མཁྲིས་རླུང་གསུམ་གའི་ལས་མྱག་བཞུ་དྭངས་སྙིགས་འབྱེད་པའི་ཚུལ་གསུམ་ཡོད་དོ། །གལ་ཏེ་དེ་ལྟ་བུ་མེད་ན་ཕོ་བའི་གནས་སུ་དེ་གསུམ་ག་སྟོབས་མཉམ་དུ་དགོས་པའི་ཤེས་བྱེད་མ་གྲུབ་ཅིང༌། ཡང་ན་ལུས་ཟུངས་རྣམས་ལ་དྭངས་སྙིགས་གཉིས་གཉིས་སུ་མ་ངེས་པར་ཐལ་བ་དེའི་ཕྱིར་རོ། །ཁ་ཟས་ཀྱི་དྭངས་མ་ཐོག་མ་དེ་གོང་དུ་བཤད་པ་ལྟར་ཕོ་བ་ནས་དྭངས་མ་ལེན་པའི་རྩ་དགུའི་གནས་ནས་རིམ་པར་མཆིན་པའི་རྩ་མིག་གི་ལམ་ནས་བརྒྱུད་དེ་བསམ་སེའུའི་བར་དུ་འགྲོ་བ་ལས། ཐོག་མའི་དྭངས་མ་དེ་ཡང་མཆིན་པའི་གནས་སུ་སླེབས་པའི་ཚེ། མཆིན་པ་ལ་གནས་པའི་བད་མཁྲིས་རླུང་གསུམ་གྱི་བྱ་བ་བྱས་པ་ལ་བརྟེན་ནས་དེའི་དྭངས་མ་རྣམས་ཁྲག་འབའ་ཞིག་ཏུ་འགྱུར་ལ། ཁྲག་གི་དྭངས་མ་དེ་ཡང་ཤའི་གནས་སུ་སོང་བའི་ཚེ་དེའི་དྭངས་མ་དེ་རྣམས་ལས་ཤ་འབའ་ཞིག་ཏུ་འགྱུར་རོ། །དེ་བཞིན་དུ་ཤ་ཡི་དྭངས་མ་དེ་ཚིལ་གྱི་གནས་སུ་སོང་བའི་ཚེ་དེ་ཡི་ཡང་དྭངས་མ་རྣམས་ལས་ཚིལ་དུ་འགྱུར་ཞིང༌། ཚིལ་གྱི་དྭངས་མ་དེ་ལས་ནི་རུས་པར་འགྱུར་ལ། རུས་པའི་དྭངས་མ་དེ་ལས་རྐང་མར་དུ་འགྱུར་བ་དང༌། རྐང་མར་དེ་ལས་ཀྱང་ཁུ་བ་སྟེ་ཁམས་དཀར་དམར་དུ་འགྱུར་བར་བྱེད་པ་ཡིན་ནོ། །གཉིས་པ་སྙིགས་མའི་འགྱུར་ཚུལ་ནི། དེ་རྣམས་ཞེས་པ་ནས་མངལ་འཛིན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པ་དེ་རྣམས་ཀྱི་སྙིགས་མ་རྣམས་གང་དུ་འགྱུར་སྙམ་ན། ཁ་ཟས་ཀྱི་སྙིགས་མ་ནི་བཤང་གཅི་ཡིན་པར་སྔར་བཤད་ཟིན་ལ། དྭངས་མ་མཆིན་པའི་གནས་སུ་འགྲོ་བ་དེའི་སྙིགས་མ་ནི་མིག་དང་རྣ་བ་ལ་སོགས་པ་བུ་ག་དགུའི་ནང་ནས་འབྱུང་བའི་དྲི་མ་རྣམས་དང༌། ཚིལ་གྱི་སྙིགས་མ་ནི་ལུས་ཀྱི་ཞག་དང་རྔུལ་འབྱུང་བ་རྣམས་དང༌། རུས་པའི་སྙིགས་མ་ནི་སོ་སེན་མོ་དང་བ་སྤུ་རྣམས་དང༌། རྐང་གི་སྙིགས་མ་ནི་པགས་པ་དང་བཤང་བ་མིག་འདག་རྣམས་དང༌། ཁུ་བའི་སྙིགས་མ་ནི་ཐུར་དུ་འཛག་སྟེ་མངལ་འཛིན་པའི་ས་བོན་དུ་རིམ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྙིགས་མ་འདི་རྣམས་ལའང་དྭངས་སྙིགས་གཉིས་གཉིས་སུ་བྱེད་དགོས་པར་ཤེས་པར་བྱའོ། །སྐབས་འདིར་ཡང་སྔ་རབས་པ་ཀུན་མཐུན་པར་དྭངས་མའི་སྙིགས་མ་དེ་ཡང་མཆིན་པ་ནས་ཕོ་བར་ལོག་སྟེ་བད་ཀན་དུ་འགྱུར་རོ་ཞེས་ཟེར་བ་ཤིན་ཏུ་འཁྲུལ་པ་སྟེ། ཐོག་མའི་དྭངས་མ་དེ་ཡང་ཁྲག་ཏུ་འགྱུར་བའི་ཚེ་ཕོ་བ་ནས་དྭངས་སྙིགས་ཕྱེ་ནས་དྭངས་མ་ཁྲག་ཏུ་འགྲོ་ཞིང་སྙིགས་མ་བད་ཀན་དུ་འགྲོ་བ་མ་གཏོགས། མཆིན་པའི་གནས་སུ་སླེབས་ནས་དྭངས་མ་ཤ་དང་སྙིགས་མ་མཁྲིས་པར་འགྱུར་བའི་ཕྱིར་དང༌། དྭངས་མ་རྣམས་ཟོ་ཆུན་གྱི་མཁྱུད་མོ་ལྟར་རྒྱུན་མི་ཆད་པར་འགྲོ་བ་ལས་མཆིན་པའི་གནས་ནས་སླར་ཡང་ཕོ་བའི་གནས་སུ་སྙིགས་མ་བཟློག་ཏུ་རུང་བའི་སྐབས་ཨེ་འདུག་ཞིབ་ཏུ་སོམས་ཤིག

གསུམ་པ་མདངས་ཀྱི་འགྱུར་ཚུལ་ཁྱད་པར་དུ་བཤད་པ་ནི། ལུས་ཟུངས་ཞེས་པ་ནས་ལྡན་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། དྭངས་མ་ཐམས་ཅད་ཀྱི་ལུས་ཟུངས་བདུན་པ་ཁུ་བའི་ཡང་དྭངས་མ་མཐར་ཕྱིན་པ་ནི་མདངས་ཞེས་བྱ་བའི་མཆོག་དམ་པ་སྟེ། དེ་དག་སྙིང་ལ་ལྷག་པར་གནས་པ་ཡིན་མོད་ཀྱང༌། དེའི་ནུས་པ་ལུས་ཀུན་ལ་ཁྱབ་པར་བྱེད་པ་དང༌། ཚེ་རིང་དུ་གནས་པར་བྱེད་པའི་རྟེན་དང༌། གཟི་མདངས་ཆེ་ཞིང་བཀྲག་དང་ལྡན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡན་ལག་བརྒྱད་པ་བསྡུས་པ་ལས། འབྱུང་བ་ཀུན་གྱི་མདངས་གང་ཡིན། །གཟི་ཆེན་དེ་ནི་མཆོག་ཏུ་བཤད། །དེ་ནི་ཟླ་བའི་རང་བཞིན་ཏེ། །དམར་ཞིང་ཅུང་ཟད་སེར་དང་བཅས། །དང་པོར་མངལ་གྱི་སྙིང་པོ་གང༌། །གང་དེ་མངལ་གྱི་དྭངས་མར་གནས། །སྙིང་ནི་ཆགས་པར་གྱུར་པ་ན། །གང་ཞིག་སྔོན་ཆད་རྟེན་འགྱུར་ཞིང༌། །ལུས་ནི་དྭངས་མ་སྣུམ་པ་དང༌། །སྲོག་ནི་གང་ལ་རྟེན་གྱུར་པ། །གང་ཞིག་འཇིག་པས་འཇིག་གྱུར་ཞིང༌། གང་ཞིག་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་དང་ཁྱབ་གྱུར་གང༌། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་བཤད་དོ། །དེས་ན་ཁམས་ནི་ལུས་དང་ཚེ་རིང་དུ་གནས་པའི་རྒྱུ་མཚན་གཙོ་བོ་ཡིན་པས་ཕྱིར་དབྱུང་བར་མི་བྱ་ཞིང༌། རྫས་དང་སྔགས་དང་རླུང་སྦྱོར་ལ་སོགས་པའི་སྒོ་ནས་རབ་ཏུ་འཆིང་བ་ལ་འབད་པར་བྱའོ། །ལྔ་པ་འབྲས་བུ་རྫོགས་པའི་དུས་བཤད་པ་ལ་གཉིས་ཏེ། །སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ཟས་འཇུ་དྭངས་མ་སོགས་རིམ་གྱིས། །ཁུ་ཆུར་འགྱུར་བ་ལ་ལ་ནི། །ཉིན་ཞག་གཅིག་འདོད་གཞན་དག་ནི། །ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད། །ཅེས་དང༌། འགྲེལ་པ་གཉིས་ལས་ཀྱང༌། དེ་ཡང་སློབ་དཔོན་ཁ་ཅིག་ན་རེ། ཉིན་ཞག་གཅིག་གིས་ཟས་འཇུ་བའི་རིམ་པ་དྭངས་མ་ནས་ཁུ་ཆུའི་བར་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་རེ། ཉིན་ཞག་དྲུག་གིས་ཁུ་ཆུའི་བར་དུ་འགྱུར་རོ། །ཞེས་སྨྲའོ། །ཡང་སྨན་པ་གཞན་དག་ན་རེ། ཟླ་བ་གཅིག་གི་ཁུ་ཆུའི་བར་དུ་རིམ་པས་བཟོད་འགྱུར་རོ་ཞེས་ཟེར་རོ། །ཞེས་བཤད་པས་འདོད་པ་མི་འདྲ་བ་ནི་མང་དུ་ཡོད་པར་མངོན་ལ། དེ་བཞིན་དུ་རིགས་པས་དཔྱད་ན་ཕོ་བའི་མེ་དྲོད་དང་སྨན་དང་ཁ་ཟས་ཀྱི་ནུས་པ་རྣོ་རྟུལ་སོགས་ཀྱི་བྱེད་པའི་དབང་གིས་དངས་མ་ཀུན་གྱི་འབྲས་བུ་ཁུ་བའི་བར་དུ་རྫོགས་པའི་དུས་ལ་ངེས་པ་གཅིག་ཏུ་མེད་པར་སེམས་སོ། །གཉིས་པ་ཚིག་གི་དོན་ནི། དེ་དག་ཅེས་པ་ནས་ལས་བྱེད་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། བཟའ་བཏུང་གི་དྭངས་མ་དེ་དག་གི་འབྲས་བུའི་མཐར་ཐུག་པ་ཡོངས་སུ་རྫོགས་པའི་དུས་ནི་མཐའ་གཅིག་ཏུ་ངེས་པ་མེད་མོད་ཀྱང༌། རགས་པའི་དབང་དུ་བྱས་ན་ཟས་ཟོས་ཤིང་འཐུངས་པ་རྣམས་ཕོ་བའི་གནས་སུ་ཕྱེ་བ་ལས་བྱུང་བའི་དྭངས་མ་དེ་དག་ལུས་ཟུངས་ཀྱི་ཕྱི་མ་ཁུ་བར་འགྱུར་བའི་དུས་ནི་ཞག་དྲུག་ཡིན་ཏེ། ཞག་དང་པོ་ལ་དྭངས་མ་དེ་ཁྲག་དང༌། གཉིས་པ་ལ་ཁྲག་དེ་ཉིད་ཤ་དང༌། དེ་བཞིན་དུ་གསུམ་པ་ལ་ཤ་དེ་ཉིད་ཚིལ་དང༌། བཞི་བ་ལ་ཚིལ་དེ་ཉིད་རུས་པ་དང༌། ལྔ་པ་ལ་རུས་པ་དེ་ཉིད་རྐང་དང༌། དྲུག་པ་ལ་རྐང་དེ་ཉིད་ཁུ་བར་འགྱུར་བ་ཡིན་ནོ། །འོན་ཀྱང་རོ་ཙ་ན་སྟེ་བཅུད་ཆེན་པོའི་སྨན་སྲོ་མ་ཏོ་གེ་ལ་སོགས་པས་འཕྲལ་དུ་སྐད་ཅིག་ཉིད་དང༌། གཞན་ཡང་དབང་པོ་ལག་པ་ལ་སོགས་པ་སྨན་འགའ་ཞིག་དང༌། འོ་མ་དང་ཤ་ཁུ་སོགས་བཟའ་བཏུང་འགའ་ཡིས་ཀྱང་ཁུ་བ་བསྐྱེད་པ་དང༌། རིང་ཞིག་ལོན་ནས་བསྐྱེད་པ་སོགས་ནུས་པ་རྣོ་མྱུར་གྱི་དབྱེ་བ་བསམ་ལས་འདས་སོ། །སོགས་པའི་སྒྲས་བཙན་དུག་དང་དེའི་གཉེན་པོ་གཉིས་ཀས་ཀྱང་འཕྲལ་དུ་སྐད་ཅིག་གཉིས་པར་ལས་བྱེད་ཅིང༌། ཡང་སྦྱར་དུག་འགའ་ཞིག་གི་ལས་ནི་ལོ་དུ་མ་ཞིག་ནས་བྱེད་པའང་ཡོད་ལ། ནད་འདུ་བ་ལས་བྱུང་པའི་ནད་ཕལ་ཆེར་ལ་གཏོང་བའི་སྨན་ཞི་བྱེད་དང་སྦྱོང་བྱེད་ཀྱི་རིམ་པ་ཕལ་ཆེར་རྣམས་ཀྱང་ཞག་གཅིག་གི་ཁོངས་སུ་ལས་བྱེད་པར་འགྱུར་རོ། །འདི་ལའང་སྦྱོར་བ་རྣོ་མྱུར་གྱི་ཁྱད་པར་ཤིན་ཏུ་ཆེ་ཞིང་མི་འདྲ་བ་མང་དུ་ཡོད་པར་ཤེས་པར་བྱའོ། །

གཉིས་པ་གནོད་བྱེད་ཉེས་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གནོད་བྱེད་ཅེས་པ་ནས་མཚན་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གནོད་བྱ་དང་གནོད་བྱེད་ཅེས་པས་ཟླས་ཕྱེ་བའི་ཉེས་པ་ལ་རགས་པའི་དབང་དུ་བྱས་ན་རྣམ་པ་བརྒྱད་ཡོད་དེ། ཉེས་པའི་དབྱེ་བ་དང༌། ཉེས་པ་དེ་ཉིད་མའི་མངལ་དུ་གྲུབ་པའི་ཚུལ་དང༌། ཉེས་པ་དེ་ཉིད་ཤས་ཆེ་ཆུང་གི་རང་བཞིན་དང༌། ཉེས་པའི་དབང་གིས་ཕོ་བའི་མེ་དྲོད་ཆེ་ཆུང་དང༌། དེའི་དབང་གིས་ལྟོ་བ་སྲ་སྙི་དང༌། ཉེས་པའི་གནས་དང༌། ཉེས་པ་རྣམས་ཀྱི་བྱེད་ལས་དང༌། ཉེས་པའི་མཚན་ཉིད་བཤད་པ་རྣམས་སོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་དེ། དབྱེ་བ། མངལ་དུ་གྲུབ་ཚུལ། རང་བཞིན། མེ་དྲོད། ལྟོ་བ། གནས། ལས། མཚན་ཉིད་བཤད་པའོ། དང་པོ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང༌། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་ཡང་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་མཐུན་པར། རྒྱུའི་སྒོ་ནས་གྲངས་ངེས་པ་ལ་གསུམ་སྟེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་རྩ་བ་དུག་གསུམ་དུ་འདུས་ཏེ། འདོད་ཆགས་ལས་རླུང༌། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན་བསྐྱེད་པས་རྒྱུ་དུག་གསུམ་ལས་མེད་པའི་ཕྱིར་རོ། །ངོ་བོའི་སྒོ་ནས་གྲངས་གསུམ་དུ་ངེས་ཏེ་རླུང་མཚན་ཉིད་དྲུག་དང་ལྡན་ཡང་ཁྱད་པར་གྲང་ཞིང་གཡོ། མཁྲིས་པ་མཚན་ཉིད་བདུན་དང་ལྡན་ཡང་ཁྱད་པར་ཚ་ཞིང་རྣོ། བད་ཀན་མཚན་ཉིད་བདུན་དང་ལྡན་ཡང་ཁྱད་པར་ལྕི་ལ་བསིལ་བས་སོ། །དེ་གསུམ་གྱི་ངོ་བོ་གཅིག་འོག་ཏུ་གཅིག་མི་འདུ་སྟེ། རླུང་གྲང་བ་དང༌། མཁྲིས་པ་ཚ་བ་མི་མཐུན། མཁྲིས་པ་ཚ་བ་དང་བད་ཀན་བསིལ་བ་མི་མཐུན། བད་ཀན་ལྕི་བ་དང་རླུང་གཡོ་བ་མི་མཐུན་པའི་ཕྱིར་རོ། དཔེའི་སྒོ་ནས་ཀྱང་གྲངས་གསུམ་དུ་ངེས་ཏེ། བད་མཁྲིས་དགྲ་ཟུན་ལྟ་བུ། རླུང་སྒང་ཉལ་ལྟ་བུའོ། །འབྲས་བུའི་སྒོ་ནས་ཀྱང་གྲངས་གསུམ་དུ་ངེས་ཏེ། མཁྲིས་པའི་འབྲས་བུ་ཚ་བའི་ནད་དེ་མཁྲིས་པ་ལས་མ་སྐྱེས་པའི་ཚ་བ་མི་སྲིད། བད་ཀན་གྱི་འབྲས་བུ་གྲང་བའི་ནད་དེ་བད་ཀན་ལས་མ་སྐྱེས་པའི་གྲང་བ་མི་སྲིད། རླུང་ནི་ཚ་གྲང་གཉིས་ཀ་ལ་མི་གཏོགས་པའི་རླུང་རྐྱང་བའི་ནད་འབྱུང་བའི་ཕྱིར་གསུམ་དུ་ངེས་སོ། །གཉེན་པོའི་སྒོ་ནས་གྲངས་གསུམ་དུ་ངེས་ཏེ། ཚ་བ་ལ་བསིལ། གྲང་བ་ལ་དྲོད། རླུང་ལ་སྣུམ་གྱིས་འཇོམས་པར་བྱེད་པའི་ཕྱིར་རོ། །གཞན་ཡང་གནས་སྟེང་འོག་བར་གསུམ་དུ་ངེས་པ་དང༌། དུས་ཚ་གྲང་ཆར་དུས་གསུམ་དུ་ངེས་པ་དང༌། ན་ཚོད་གསུམ། ཉིན་ཞག་གསུམ། ཟས་ཟོས་གསུམ་དུ་ངེས་པའི་ཕྱིར་རོ། །གྲངས་གསུམ་དུ་ངེས་པ། དེ་ལྟར་ན་གོ་རིམ་ངེས་པ་ཡོད་དམ་མེད་ཅེ་ན། གོ་རིམ་ནི་ནད་ཆེ་ཆུང་གྲངས་མང་ཉུང་གིས་ངེས་ཏེ། རླུང་གི་ནད་དེ་ཚ་གྲང་གཉིས་ཀ་འཁྲུགས་པར་བྱེད་པས་སྟོབས་ཆེ། མཁྲིས་པ་ལ་ལྔ་དང་བསྡོངས། བད་ཀན་ལྔ་དང་བསྡོངས་ཤིང་རླུང་ནད་འཐབ་པའི་ཕྱིར་ནད་སྣ་མང་བས་དང་པོར་སྨོས་པའོ། །མཁྲིས་པ་དེ་རླུང་ལས་སྟོབས་ཆུང་ཡང་ནད་གདུག་ཅིང་སྲོག་ལ་མྱུར་དུ་རྒོལ་བས་སྟོབས་འབྲིང༌། མཁྲིས་པ་ལྔ་པོ་དེ་བད་ཀན་དང་བསྡོངས་ལ་ནད་མི་འཐབ་པས་རླུང་ལས་ཉུང་བའི་ཕྱིར་བར་དུ་སྨོས་པའོ། །

བད་ཀན་ལྔ་པོ་དེ་ལ་སྡོང་ཟླ་དང་ནད་འཐབ་པ་མེད་པས་ནད་ཉུང་ཞིང་འཇམ་པས་སྟོབས་ཆུང་བའི་ཕྱིར་ཐ་མར་སྨོས་པའོ། །ཞེས་ཟེར་རོ། །དེ་ལ་དང་པོར་ངོ་བོའི་སྒོ་ནས་གྲངས་ངེས་པའི་རྒྱུ་མཚན་དེ་དག་མི་འཐད་དེ། ཡང་ཞིང་གཡོ་བ་སོགས་ཁྱད་པར་དྲུག་བགྲངས་པའི་ཕྱིར། ངོ་བོ་གསུམ་དུ་འདོད་པ་དང་འགལ་ལོ། །དཔེའི་སྒོ་ནས་གྲངས་ངེས་པའི་དཔེ་དེ་ཡང་མི་འཐད་དེ། དགྲ་ཟུན་ཡིན་ན་ལྷན་ཅིག་ཏུ་གནས་པ་མི་སྲིད་པ་ལ་བད་མཁྲིས་གཉིས་མཉམ་དུ་གནས་པ་ལྡན་པའི་ནད་ལྟ་བུ་ཡོད་པའི་ཕྱིར། རླུང་སྒང་ཉལ་ཡིན་ན་གང་གི་ཕྱོགས་སུ་མ་ལྷུངས་པ་ཞིག་དགོས་པ་ལ་དེ་ལྟར་ནི་མ་ཡིན་ཏེ། འོག་ནས། རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། །ཉི་མར་ལྡན་ན་སྲེག་པའི་གྲོགས་བྱེད་ལ། །ཟླ་བར་ལྡན་ན་བསིལ་བའི་གྲོགས་བྱེད་དེ། །སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུ། །ཚ་གྲང་གཉིས་ཀ་འཁྲུག་ཅིང་སློང་བར་བྱེད། །དེ་བས་རླུང་ནི་ནད་ཀུན་མ་ལུས་རྒྱུ། །ཞེས་དང༌། མན་ངག་རྒྱུད་ལས། དཔེར་ན། རླུང་མཁྲིས་བད་ཀན་ཕ་སྤུན་འདྲ། །གཅིག་ལ་རྐྱེན་བྱུང་གཉིས་ཀྱང་མི་བདེ་འཁྲུག །རྐྱེན་གཅིག་མཁྲིས་པ་ལ་ཕོག་དེས་སློང་བས། །ཞར་ལ་བད་རླུང་གཉིས་ཀྱང་མི་བདེ་འཁྲུགས། །ཅེས་སོ། །ཟླ་ཟེར་ལས་ཀྱང༌། ཟུང་དུ་འཇུག་པ་རླུང་གི་མཆོག །ཡང་དག་སྦྱོར་བ་དོན་གཉིས་བྱེད། །ཉི་མར་ལྡན་ན་སྲེག་བྱེད་ཅིང༌། །ཟླ་བར་ལྡན་ན་བསིལ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། དཔེ་ནི་དགྲ་ཟུན་དང༌།གཉིས་ཀ་ལ་མ་གཏོགས་པའི་སྒང་ཉལ་བ་དང་གསུམ་ཡོད་པ་བཞིན་ནོ། །འོན་ཀྱང་ཡང་ཞེས་བྱ་བའི་སྒྲ་ནི། ལྷག་མ་ཅན་གྱི་ཚིག་ཡིན་པས་ཁྲག་ཉེས་པའི་ཁོང་དུ་ཅུང་ཟད་བསྡུས་པ་སྟེ། ཉེས་པ་དངོས་མ་ཡིན་པས་ཉེས་པའི་གྲངས་སུ་མ་བསྡུས་ཤིང༌། འཕེལ་བས་ནད་དུ་འགྱུར་བ་ཡོད་པའི་ཕྱིར། དེ་གསུམ་དུ་མ་འདུས་པའི་ཁྲག་ནད་ཀྱང་ཡོད་དོ་ཞེས་པའི་དོན་ཏོ། །འོ་ན་ཁྲག་དེ་ཉེས་པ་ཡིན་ནམ་ལུས་ཟུངས་ཡིན། ལུས་ཟུངས་ཡིན་ན་ཉེས་པར་བསྡུས་པ་དང་འགལ་ལ། ཉེས་པ་ཡིན་ན་ལུས་ཟུངས་དྲུག་ཏུ་འགྱུར་བའི་ཕྱིར་ནད་ཞར་ལ་འབྱུང་བ་ཡིན་ནོ། །འོ་ན་ལུས་ཟུངས་གཞན་ཡང་འཕེལ་ན་ནད་དུ་འགྱུར་བའི་ཕྱིར། ཁྲག་གཅིག་པུ་ནད་དུ་འགྱུར་བ་མ་ངེས་སོ་ཞེ་ན། ལུས་ཟུངས་གཞན་འཕེལ་བས་འཇུག་སྒོ་དྲུག་ཏུ་མི་འཇུག་ཅིང༌། མེ་དབལ་དང༌། ཁོང་འབྲས། སུ་རྱ་དང༌། མཛེ་ལ་སོགས་པ་སྲོག་གཅོད་པའི་ནད་དུ་མི་འགྱུར་བའི་ཕྱིར། འདི་ལ་ནད་ཀྱི་མིང་ཐོབ་སྟེ། འགྲེལ་བ་ལས། ཉེས་པ་གཞན་ལྟ་ཁྲག་དག་ནི། །གཞན་གྱི་དབང་གིས་ཉེས་ཡོད་མིན། །འདིར་ནི་ཏིལ་མར་ཚིག་པ་ལྟར། །ནད་ཀྱི་མིང་དུ་བྱས་པ་ཡིན། །ཞེས་དང༌། བསྡུས་པ་ལས་ཀྱང༌། ཁམས་སོགས་གནས་པའི་ཉེས་པ་ལ། །ནད་ནི་གང་ཞིག་འབྱུང་འགྱུར་བ། །ཉེ་བར་གདགས་པས་དེ་བསྐྱེད་པ། །བཤད་པ་ཚིག་པའི་མར་དང་མཚུངས། །ཞེས་བཤད་པའི་ཕྱིར་སྨྲའོ། །འདི་དག་ནི་མ་བརྟགས་པའི་འཆལ་གཏམ་ཙམ་དུ་ཟད་དོ། །ཟླ་ཟེར་དུ། ལ་ལ་ནི་ཁྲག་ཀྱང་ཡིན་ནོ་ཞེས་ཟེར་རོ། །ཞེས་གཞན་འགའ་ཞིག་གི་འདོད་པ་སྨོས་པ་ཡིན་ལ། དེ་དག་དགག་པ་ལ། ཁྲག་གཅིག་པུས་ནད་བསྐྱེད་པར་ནུས་པ་ནི་མ་མཐོང་ངོ༌། །ཞེས་གསུངས་པས་ཁྱོད་ཀྱིས་རང་ལུགས་དང་གཞན་ལུགས་འཚོལ་བར་ཁས་བླངས་པས་ནོངས་ཤིང༌། ཉེས་པ་གཞན་ལྟར་ཁྲག་དག་ནི། །ཞེས་སོགས་ཀྱི་ཚིགས་བཅད་དེ་ཡང་ཁྲག་གི་ནད་ཅེས་ཉེས་པ་གསུམ་པོ་གང་རུང་གིས་གཙེས་པའི་ཁྲག་དེ་ལ་དགོངས་ནས་གསུངས་ཀྱི། གཞན་དུ་ན་ཏིལ་མར་ཚིག་པ་ལྟར་ཞེས་པའི་དཔེ་མ་འབྱོར་བའི་སྐྱོན་ཡོད་ཅིང༌། རྣམ་པ་གསུམ་ཞེས་སྨོས་པ་ནི་ངེས་པའི་དོན་ཏེ་གསུམ་ཉིད་ཡོད་ཀྱི། བཞི་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ཡང་དོན་མེད་དུ་ཐལ་བར་འགྱུར་རོ། །གཞན་ཡང་སྐབས་འདིར་རྣམ་པར་མ་གྱུར་པའི་ཉེས་པ་བཤད་པར་བྱ་བ་ཡིན་ཞིང༌། ཁྲག་གི་ནད་ཅེས་བྱ་བ་ནི་རྣམ་པར་གྱུར་ན་མ་གཏོགས་འབྱུང་བར་མི་སྲིད་པའི་ཕྱིར། གལ་ཏེ་ཉེས་པ་ཡིན་ན། འདིས་ལུས་ཟུངས་གསུམ་པ་ཤའི་རྒྱུ་བྱེད་པར་འགལ་ལ། རྩ་རྒྱུད་དུ། ཁྲག་དང་མཁྲིས་པ་ཚ་བ་མེ་ཡིན་ཏེ། །ཞེས་བཤད་པ་ནི་རྣམ་པར་མ་གྱུར་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །ཡང་ཁ་ཅིག་ན་རེ། ངོ་བོ་ནི་རླུང་མཚན་ཉིད་དྲུག་ལྡན་ལ་སོགས་པ་ནི་རང་རང་གི་མཚན་ཉིད་དོ། །དཔེ་ནི་བར་སྣང་ལ་སྤྲིན་ཆགས་པས་ཆར་འབབ་པ་ལྟར། ནད་མ་སྙོམས་པ་ཕྱོགས་གཅིག་ཏུ་འདུས་ནས་ནད་ལྡང་བ་དང་མཚུངས་པའོ། །ཞེས་ཟེར་རོ། །དེ་ལ་ཉེས་པ་སོ་སོའི་ངོ་བོའི་འདོད་ཚུལ་མཚན་ཉིད་རྣམས་ལ་བྱེད་པ་མི་འཐད་དེ། ངོ་བོ་ནི་མཚོན་བྱ་ཡིན་ལ། མཚན་ཉིད་ནི་དེའི་ཡོན་ཏན་ཡིན་པའི་ཕྱིར། ཁྱོད་ལྟར་ན་ངོ་བོ་དྲུག་དང་བདུན་དུ་འདོད་དགོས་ཏེ། མཚན་ཉིད་ཀྱི་ཟུར་དྲུག་དང་བདུན་དུ་ཡོད་པའི་ཕྱིར། བར་སྣང་ལ་སྤྲིན་ཆགས་ནས་ཆར་འབབ་པའི་དཔེས་ཉེས་པ་གསུམ་དུ་ངེས་པར་སྒྲུབ་པ་ནི་ཤིན་ཏུ་ཡང་མི་རིགས་ཏེ། དཔེའི་ཆོས་གཅིག་ལས་མེད་ཅིང་རྒྱུ་མཚན་དུ་མ་སོང་བའི་ཕྱིར། གསུམ་དུ་ངེས་པའི་མཐུན་དཔེ་མ་གྲུབ་པ་ཡིན་ནོ། །དཔེ་འདི་ཡན་ལག་བརྒྱད་པར། གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། །དྭངས་མ་གང་དུ་ཆགས་གྱུར་པ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྤྲིན་ཆགས་ཆར་འབབ་མཚུངས། །ཞེས་པའི་རྒྱས་བཀབ་བྱས་པར་སྣང་ཡང༌། ཞྭ་དཔེ་ལྷམ་ལ་བཀབ་པ་ཞེས་བྱ་སྟེ་སྐབས་སུ་བབ་པ་མ་ཡིན་ནོ། །གཉིས་པ་རང་ལུགས་ནི། རྒྱུ་འདོད་ཁྲོ་གཏི་མུག་གསུམ། ངོ་བོ་བཏང་སྙོམས་ཚ་བསིལ་གསུམ། དཔེ་དཔང་པོ་སྔ་རྒོལ་རྩོད་པ་གསུམ། འབྲས་བུ་རྣམ་པར་གྱུར་པའི་རླུང་མཁྲིས་བད་ཀན་གསུམ། གཉེན་པོ་ས་སྨན་ཆུ་སྨན་མེ་སྨན་གསུམ་སྟེ། དེ་རྣམས་ཀྱི་སྒོ་ནས་ཉེས་པ་ལ་གྲངས་མང་བའི་བཞི་དང་ཉུང་བའི་གཉིས་ལ་སོགས་པ་ཡོངས་སུ་རྣམ་པར་བཅད་ནས་གསུམ་ཉིད་དུ་ངེས་པར་གྲུབ་ལ། དེར་མ་ཟད་རྒྱུ་ལ་སོགས་པ་དེ་རྣམས་ཀྱི་སྒོ་ནས་སྔ་ཕྱིའི་གོ་རིམ་ཀྱང་གྲུབ་སྟེ། རིམ་པ་བཞིན་སྦྱར་བ་ལས་ཤེས་སོ། །གོ་རིམ་དེ་ལྟར་འབྱུང་བའི་རྒྱུ་མཚན་གཞན་ཡང༌། མན་ངག་རྒྱུད་ལས། དེ་ལ་རླུང་ནི་ནད་ཀུན་འཁྲུག་པའི་རྒྱུ། །སྣ་འདྲེན་མཇུག་སྡུད་འཐོར་དང་ཁྱབ་པར་བྱེད། །རང་རྒྱུད་གདུག་ཅིང་ནད་མང་རྩུབ་པའི་ཕྱིར། །ཐོག་མར་རླུང་གི་བཅོས་ཐབས་བཤད་པར་བྱ། །ཞེས་དང༌། ཟླ་ཟེར་ལས། དེ་ལ་རླུང་དང་པོར་སྨོས་པའི་རྒྱུ་མཚན་བཤད་པར་བྱ་སྟེ། ཁྱབ་དང་མྱུར་དུ་བྱེད་ཕྱིར་དང༌། །སྟོབས་ལྡན་གཞན་དག་འཁྲུག་བྱེད་ཅིང༌། །རང་རྒྱུད་གདུག་དང་ནད་མང་ཕྱིར། །ཀུན་ལ་རླུང་ནི་སྟོབས་ལྡན་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་ནི་ཕལ་ཆེར་རྒྱུ་འདི་དག་ཉིད་ཀྱིས་མཁྲིས་པ་སྨོས་པ་ཡིན་ལ། དེ་བཞིན་དུ་བད་ཀན་ནི་ནུས་པ་ཆུང་བ་དང་ཉུང་བ་ཡིན་པའི་ཕྱིར་ཐ་མར་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་དགོངས་པ་ལྟར་ཤེས་པར་བྱ་ཞིང༌། ན་སོ་ཡུལ་ལ་སོགས་པའི་སྒོ་ནས་ཀྱང་སྦྱར་དུ་རུང་བར་མངོན་ནོ། །

གཉིས་པ་ཚིག་གི་དོན་ནི། དབྱེ་བ་ཞེས་པ་ནས་གྱུར་པས་འཇོམས་ཞེས་པའི་བར་གྱིས་བསྟན་ཏེ། ཉེས་པ་ནད་གཞིའི་དབྱེ་བ་ལ་གཙོ་ཆེ་བའི་དབང་དུ་བྱས་ན། རླུང་དང་མཁྲིས་པ་དང་བད་ཀན་ཏེ་རྣམ་པ་གསུམ་དུ་ཡོད་ལ། དེའི་རྒྱུ་མཚན་ཡང་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དུ་ངེས་པ་དང༌། ངོ་བོ་བཏང་སྙོམས་ཚ་བསིལ་གསུམ་དུ་ངེས་པ་དང༌། དཔེ་དབང་པོ་སྔར་རྒོལ་ཕྱིར་རྒོལ་ལྟ་བུ་གསུམ་དུ་ངེས་པ་དང༌། འབྲས་བུ་རྣམ་གྱུར་གྱི་ནད་རླུང་མཁྲིས་བད་ཀན་གསུམ་དུ་ངེས་པ་དང༌། གཉེན་པོ་ས་སྨན་ཆུ་སྨན་མེ་སྨན་གསུམ་དུ་ངེས་པའི་ཕྱིར། དེ་དག་རྣམས་ཀྱི་སྒོ་ནས་ཉེས་པ་ནད་གཞིའི་གྲངས་ཀྱང་གསུམ་ཁོ་ནར་ངེས་སོ། །ཞར་ལ་རླུང་མཁྲིས་བད་ཀན་གསུམ་སྔ་ཕྱིའི་གོ་རིམ་འདི་ལྟར་འབྱུང་བའི་རྒྱུ་མཚན་ཡང་གྲུབ་ཅིང༌། ནད་གཞིའི་ཉེས་པ་དེ་གསུམ་པོ་རང་རང་གི་གནས་དང་ལྡང་ཚད་ལས་རྣམ་པར་མ་གྱུར་པ་རང་སོར་གནས་པའི་ཚེ་ལུས་འདི་ཉིད་ནད་མེད་ཐ་མལ་དུ་གནས་པའི་གྲོགས་བྱེད་ལ། གལ་ཏེ་རང་གནས་དང་ལྡང་ཚད་ལས་གཞན་དུ་གྱུར་ན་ལོག་པའི་ལས་བྱས་ནས་ལུས་ཟུངས་སོགས་གནོད་བྱ་རྣམས་ལ་འཚེ་བར་བྱེད་པས་ན་ལུས་འཇོམས་པར་འགྱུར་བའི་རྒྱུ་ཡང་ཡིན་ནོ། །

གཉིས་པ་བྱེ་བྲག་ཏུ་དབྱེ་བ་ནི། རླུང་ལ་ཞེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་ཉེས་པ་དེ་ལ་གཙོ་ཆེ་བའི་དབང་དུ་བྱས་ནས་རིགས་བསྡུས་ན་རྣམ་པ་གསུམ་ཁོ་ནར་ཟད་མོད། འོན་ཀྱང་རང་རང་གི་རིགས་འདྲ་ནང་ཚན་གྱི་དབྱེ་བ་འགའ་ཞིག་འབྱུང་སྟེ། དེ་ཡང་རླུང་ལ་དབྱེ་ན་སྲོག་འཛིན་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། མེ་མཉམ་དང༌། ཐུར་སེལ་དང་བཅས་པ་སྟེ་རྣམ་པ་ལྔའོ། །མཁྲིས་པའི་དབྱེ་བ་ནི་འཇུ་བྱེད་དང༌། མདངས་བསྒྱུར་དང༌། སྒྲུབ་བྱེད་དང༌། མཐོང་བྱེད་དང༌། མདོག་གསལ་ཅེས་པ་རྣམ་པ་ལྔའོ། །བད་ཀན་ཀྱི་དབྱེ་བ་ནི་རྟེན་བྱེད་དང༌། མྱག་བྱེད་དང༌། མྱོང་བྱེད་དང༌། ཚིམ་བྱེད་དང༌། འབྱོར་བྱེད་ཅེས་པ་སྟེ་རྣམ་པ་ལྔའོ། །གཉིས་པ་ཉེས་པ་དེ་ཉིད་མངལ་དུ་གྲུབ་པའི་ཚུལ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། སྐྱེ་བའི་དང་པོ་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །ཞེས་དང༌། རང་འགྲེལ་ལས། མིའི་ལུས་ཀྱི་ནད་གཞིའི་དང་པོ་ནི། མའི་མངལ་དུ་ཟླ་མཚན་དང༌། ཁུ་བ་ཆགས་པ་དེ་ཚུན་ཆད་ནས་ལུས་སྐྱེ་བ་ལ་སོགས་པར་འགྱུར་བ་ནི་ནད་ཀྱི་འགོ་དེ་ནས་བྱུང་བ་ཡིན་ཏེ། དེས་ན་དཔེ་སྲིན་བུ་གདུག་པའི་དུག་དང་འདྲའོ། །ཞེས་གསུངས་པས་སོ་སོ་རང་རང་གི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་ནི་ལུས་འདི་ཆགས་པའི་ཐོག་མ་མའི་མངལ་ནས་ཡོངས་སུ་གྲུབ་པ་ཡིན་ཏེ། རྒྱུའི་གཙོ་བོ་ཕ་མའི་ཁམས་དཀར་དམར་གཉིས་པོ་ཡང་ཉེས་པ་གསུམ་པོའི་རང་བཞིན་ཅན་ཁོ་ན་ཡིན་ཞིང༌། དེ་ལས་གྲུབ་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། དེ་ཉིད་ཅེས་པ་ནས་དུག་དང་མཚུངས་ཞེས་པའི་བར་གྱིས་བསྟན་ཏེ། ཉེས་པ་གསུམ་པོ་དེ་ཉིད་མངལ་དུ་གྲུབ་པའི་ཚུལ་བསྟན་པ་ནི་རང་རང་གི་ལུས་འདི་ཉིད་ཐོག་མར་ཆགས་ཤིང་ཆེར་སྐྱེ་བའི་དང་པོ་ནི་ཕའི་ཁུ་བ་དང་མའི་ཁྲག་ཡིན་ལ། ཁུ་ཁྲག་དེ་ཡང་ཉེས་པ་གསུམ་པོའི་རང་བཞིན་འབའ་ཞིག་ཏུ་གནས་པ་ལས་བྱུང་བ་ཡིན་ནོ། །དེ་ཡང་དཔེར་ན་དུག་ནི་ལུས་ཅན་ཕལ་ཆེར་གྱི་སྲོག་འཕྲོག་པར་བྱེད་པའི་རང་བཞིན་ཅན་ཡིན་ཡང༌། དུག་དེ་ཉིད་ལ་བརྟེན་ལ་ཤིང་དེའི་ཁོངས་སུ་གནས་པའི་སྲིན་བུ་རྣམས་ཀྱི་ལུས་དུག་གིས་སྐྱེད་པར་བྱེད་པ་བཞིན་འདིར་ཡང་མཚུངས་པར་བལྟའོ། །གསུམ་པ་ལུས་ཀྱི་རང་བཞིན་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །

དང་པོ་ནི། སློབ་དཔོན་དཔའ་བོས། དེ་བཞིན་རང་བཞིན་རྣམ་གསུམ་ནི། །ཆུང་འབྲིང་ཆེན་པོ་སོ་སོར་བལྟ། །མ་ལུས་པ་ལས་ཁམས་མཉམ་པ། །མཆོག་ཡིན་ཉེས་པ་གཉིས་བྱུང་སྨད། །ཅེས་དང༌། རང་འགྲེལ་ལས། ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་བྱེ་བྲག་ལས། ལུས་ཀྱི་རང་བཞིན་ནི་རླུང་དང་མཁྲིས་པ་དང་བད་ཀན་རེ་རེ་ལ་ཆེན་པོ་དང་འབྲིང་དང་ཆུང་ངུ་སོ་སོར་བལྟའོ། །དེ་གསུམ་པོ་འཕྲོད་སྙོམས་ན་ལུས་ཟུངས་འཕྲོད་སྙོམས་པ་ཡིན་ཏེ། ནད་མེད་པས་མཆོག་གོ། །དེ་གསུམ་པོ་གང་ཡང་རུང་བ་གཉིས་ཤིག་ལྷག་པར་མཆེད་ན་ནད་གཞི་རྣམ་གཉིས་ལས་ནད་དུ་འགྱུར་ཏེ། སྨད་པར་བྱ་བའི་རང་བཞིན་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། དེ་ཡང་རླུང་ཤས་ཆེ་བ་ནི་རང་བཞིན་ཆུང་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བས་ནི་འབྲིང་ངོ༌། །བད་ཀན་ཤས་ཆེ་བས་ནི་ཆེན་པོའོ། །མ་ལུས་པ་སྟེ་ཁམས་ཐམས་ཅད་ཀྱི་ནང་ནས་གང་ཁམས་མཉམ་པའི་རང་བཞིན་དེ་ནི་མཆོག་ཏུ་སྟེ། ཐུ་བོ་དང་དམ་པ་ཡིན་པས་འདི་ནི་བཞི་པའོ། །དེ་ཡང་གང་གི་ཕྱིར་ཁམས་མཉམ་པར་འགྱུར་བ་དེ་ནི་ཁམས་མཉམ་པ་སྟེ། ཁམས་ཀྱི་སྒྲ་ནི་ནད་གཞིའི་ཉེས་པ་ལ་བྱའོ། །ཉེས་པ་གཉིས་བྱུང་སྨད་ཅེས་པ་ནི་གང་ཉེས་པ་འདྲེས་པ་ལས་བྱུང་བའི་རང་བཞིན་གསུམ་ནི་སྨད་པར་བྱ་བ་ཡིན་ནོ། །ནད་མེད་པ་མ་ཡིན་པའི་གཞིར་གྱུར་པའི་ཕྱིར་རོ། །ཞེས་བཤད་ཅིང༌། འདིར་ནི་ལྡན་གསུམ་བར་མར་འགྱུར་ཞེས་པ་ཙམ་མ་གཏོགས་ནད་མང་བར་མ་བཤད་པས། རྐྱང་བ་ཤས་ཆེ་བས་གསུམ་ལས་མཆོག་ཏུ་གྱུར་པ་ལ་དགོངས་སོ། །འདིར་དོགས་པ་འདི་འབྱུང་སྟེ། ལུས་ཆགས་ཚུལ་གྱི་སྐབས་སུ་རླུང་ལ་སོགས་པ་ཤས་ཆེ་ཆུང་གི་སྐྱོན་གྱིས་མངལ་ཆགས་པའི་གེགས་བྱེད་པར་བཤད་ལ། འདིར་ཁུ་ཁྲག་དྭངས་མའི་ཟས་སྤྱོད་ཀྱི་དབང་ལས་བྱུང་བའི་རླུང་ལ་སོགས་པ་ཤས་ཆེ་བའི་རང་བཞིན་བཤད་པ་གཉིས་འགལ་ལྟར་བྱུང་ངོ༌། །དེ་དག་གི་ཕྱིར་བཤད་པར་བྱ་སྟེ། ཟླ་ཟེར་ལས། དཔེར་ན་དུག་གི་སྲོག་འཇིག་པའི་རྒྱུ་ཡིན་ཡང༌། རང་གི་སྲིན་བུ་འདི་སྐྱེ་བའི་རང་བཞིན་ཅན་དུ་འབྱུང་བར་སྣང་ངོ༌། །དེ་བཞིན་དུ་འདི་དག་ནི་གནོད་པའི་རང་བཞིན་ཅན་ཡིན་ཡང་རང་གི་ཚད་ལས་ལྷག་པའི་ཉེས་པ་ཁུ་བ་དང་ཁྲག་ལ་གནས་པས་སྐྱེ་བའི་དང་པོ་ལུས་འབྱུང་བར་འགྱུར་རོ། །ཞེས་དང༌། རྒྱུད་ཆུང་བདུད་རྩི་སྙིང་པོར། དུག་ནི་སྲོག་འཇིག་རྒྱུ་ཡིན་ཡང༌། །དུག་ཅན་སྲིན་བུ་བསྐྱེད་པ་ལྟར། །ཞེས་བྱུང་བས་ཉེས་པ་ཤས་ཆེ་ཆུང་ཡོད་པ་རྣམས་མངལ་འཛིན་པའི་མི་མཐུན་ཕྱོགས་ཡིན་ཡང༌། དེ་ཉིད་ལ་བརྟེན་པ་ན་རང་རང་གི་འབྲས་བུ་རིགས་འདྲ་ཙམ་སྟོན་གྱི། འགྲུབ་པའི་གེགས་བྱེད་པ་ཁོ་ན་ནི་མ་ཡིན་ཞིང༌། སྤྱིར་བཏང་དམིགས་བསལ་གྱི་དོན་ཡང་ཤེས་དགོས་སོ། །ལུས་ཀྱི་རང་བཞིན་མི་འདྲ་བའི་རྣམ་པར་གཞག་པ་རྒྱས་པར་འོག་ནས་ཀྱང་འབྱུང་ངོ༌། །

གཉིས་པ་ཚིག་གི་དོན་ནི། ཁུ་ཁྲག་ཅེས་པ་ནས་བར་མར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། རང་རང་གི་ལུས་ཀྱི་རྒྱུའི་གཙོ་བོ་ཁུ་ཁྲག་གཉིས་ཀྱི་ཉེས་པ་ཤས་ཆེ་ཆུ་དང༌། དེར་མ་ཟད་མངལ་དུ་གནས་པའི་དུས་སུ་མའི་ཟས་དང་སྤྱོད་ལམ་འགའ་ཞིག་གི་དབང་གིས་ཉེས་པ་གསུམ་པོ་གང་ཡང་རུང་བ་ལྷག་པར་འགྱུར་ཞིང༌། དེའི་དོན་གྱིས་མིའི་ལུས་ཀྱི་རང་བཞིན་ཡང་རྣམ་པ་བདུན་དུ་ངེས་པར་འགྱུར་ཏེ། ཇི་ལྟར་ཞེ་ན། ཁུ་ཁྲག་གཉིས་རླུང་ཤས་ཆེ་ཞིང་མའི་ཟས་སྤྱོད་ཀྱང་རྩུབ་ལ་ཡང་བ་ཕལ་ཆེ་བ་ལ་བརྟེན་ནས་སྐྱེས་པའི་མི་ནི་ལུས་བོངས་ཆུང་ཞིང༌། དེ་བཞིན་དུ་མཁྲིས་པ་ཤས་ཆེ་བའི་རྒྱུ་དེ་རྣམས་ལས་ལུས་བོངས་འབྲིང་དང༌། བད་ཀན་ཤས་ཆེ་བའི་རྒྱུ་དེས་ནི་ལུས་བོངས་ཆེན་པོར་འབྱུང་བ་དང༌། དེ་གསུམ་ཀ་ཆ་མཉམ་དུ་འདུས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པ་ནི་གཟུགས་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཡིན་ཞིང༌། རླུང་མཁྲིས་གཉིས་སུ་ལྡན་པ་དང༌། བད་རླུང་གཉིས་སུ་ལྡན་པ་དང༌། བད་མཁྲིས་གཉིས་སུ་ལྡན་པའི་རྒྱུ་རྐྱེན་ལས་བྱུང་བའི་ལུས་ནི་གཟུགས་སོགས་ཡོན་ཏན་ཀུན་དང་ལྡན་ཞིང་ནད་མང་བར་འགྱུར་བ་ཡིན་ལ། འོན་ཀྱང་དེ་གསུམ་པོ་སྔ་མའི་རྐྱང་བ་རྣམས་ལས་ཆེས་མཆོག་ཏུ་འགྱུར་ཞིང༌། འདུས་པའི་རང་བཞིན་ཅན་ལས་ཤིན་ཏུ་དམད་པས་ན་བར་མར་འགྱུར་བ་ཡིན་ནོ། །བཞི་པ་མེ་དྲོད་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དེ་ལ་གང་ལེགས་པར་ཟས་ཟོས་ཀྱང་ཡུན་རིང་པོ་ཞིག་ན་འཇུ་བ་དང༌། ལན་འགར་ལེགས་པར་མ་ཟོས་ཀྱང་ཤིན་ཏུ་མྱུར་བར་འཇུ་བ་ནི་མི་སྙོམས་པའོ། །གང་དུས་ཐམས་ཅད་དུ་རན་པར་མ་ཟོས་ཀྱང་མྱུར་དུ་འཇུ་བ་དེ་ནི་རྣོ་བ་ཡིན་ནོ། །གང་དུས་ཐམས་ཅད་དུ་རན་པར་ཟོས་ཀྱང་ཡུན་རིང་བ་ཞིག་ན་འཇུ་བ་ནི་ཆུང་བ་ཡིན་ཏེ། རྒྱུ་མ་འཁྲུག་ཅིང་ལྡབ་ལྡབ་པོར་འགྱུར་བའོ། །མི་གང་རན་ཞིང་ལེགས་པར་མ་ཟོས་ཀྱང་བདེ་བར་འཇུ་བ་ནི་མཉམ་པ་ཞེས་བྱའོ། །ཞེས་བཤད་པ་ལྟར་ཤེས་པར་བྱ་དགོས་སོ། །འདིར་དོགས་པ་ནི། ཉེས་པ་རྐྱང་པ་ལྡན་འདུས་ཀྱི་དབང་གིས་ལུས་ཀྱི་རང་བཞིན་བདུན་དུ་འགྱུར་བ་བཞིན་དུ་མེ་དྲོད་དང་ལྟོ་བ་ཡང་བདུན་དུ་འབྱུང་རིགས་པ་ལ་མི་འབྱུང་བ་ཅི་ཡིན་སྙམ་ན། དེ་ལྟར་རྒྱུད་ཆེ་ཆུང་དང་བརྒྱད་པ་རྩ་འགྲེལ་སོགས་གང་ནས་ཀྱང་མ་བཤད་མོད། དོན་ཐོབ་ལ་དེ་ལྟ་བུ་ཤིན་ཏུ་རུང་སྟེ། མེ་དྲོད་དེ་རྐྱང་བ་གསུམ་པོ་ལས་སྙོམས་ཤིང་འདུས་པ་ལས་མི་སྙོམས་པར་བར་མར་འགྱུར་ལ། དེ་ལའང་ནང་ཚེགས་ཀྱིས་གསུམ་དུ་འགྱུར་ཏེ། མཁྲིས་རླུང་གཉིས་ཀྱི་དབང་གིས་ཤིན་ཏུ་རྣོ་ཞིང༌། བད་མཁྲིས་གཉིས་ཀྱིས་འབྲིང་དང༌། བད་རླུང་གཉིས་ཀྱིས་ཆུང་བར་འགྱུར་ལ། དེ་བཞིན་དུ་ལྟོ་བ་ལའང་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། དེ་བཞིན་ཞེས་པ་ནས་མཉམ་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་རང་བཞིན་རྣམ་པ་མི་འདྲ་བ་བདུན་དུ་གྱུར་པ་དེ་བཞིན་དུ་ཕོ་བ་ན་གནས་པའི་མེ་དྲོད་ཀྱང་རྣམ་པ་བཞིའམ་བདུན་དུ་འགྱུར་ཏེ། རླུང་མེ་མཉམ་སྟོབས་ཆེ་བའི་དབང་གིས་མེ་དྲོད་ཆེ་ཆུང་མི་སྙོམས་པ་ངེས་མེད་དུ་འགྱུར་ཞིང༌། མཁྲིས་པ་འཇུ་བྱེད་སྟོབས་ཆེ་བ་ལས་ནི་མེ་དྲོད་ཤིན་ཏུ་རྣོ་བ་དང༌། བད་ཀན་མྱག་བྱེད་སྟོབས་ཆེ་བའི་དབང་གིས་མེ་དྲོད་ཆུང་བ་ཡིན་ལ། དེ་གསུམ་ག་ཆ་མཉམ་དུ་འདུས་པ་ལས་ནི་མེ་དྲོད་ཆེ་ཆུང་རྟག་ཏུ་མཉམ་པར་འགྱུར་ཞིང༌། ལྡན་པ་གསུམ་ནི་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །འདི་ལྟར་མ་བཤད་ན་དེ་བཞིན་ཕོ་བའི་མེ་དྲོད་ཅེས་པའི་དེ་བཞིན་གྱི་ཚིག་ལ་ནུས་པ་མེད་པར་འགྱུར་བས་ཤུགས་ལས་རྟོགས་པར་བྱ་བའི་དོན་ཏོ། །

ལྔ་པ་ལྟོ་བ་སྲ་སྙི་བཤད་པ་ལ་ཡང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འདིར་དངོས་སུ་ལྟོ་བ་སྲ་སྙི་བར་མ་གསུམ་ལས་མ་བཤད་ཀྱང༌། རྒྱུད་ཆུང་བར། དེ་གསུམ་ལྟོ་བ་སྲ་སྙི་རན། །གསུམ་ཀ་མཉམ་ན་བར་མར་འགྱུར། །ཞེས་དང༌། ཟླ་ཟེར་ལས། དེ་བཞིན་ལྟོ་བ་སྲ་སྙི་རན། །མཉམ་པས་ཀྱང་ནི་བར་མར་འགྱུར། །ཞེས་བྱ་བ་ནི་རླུང་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་ནི་ལྟོ་བ་རྣམ་པ་བཞིར་འགྱུར་ཏེ། རླུང་ཤས་ཆེ་བས་ནི་ལྟོ་བ་སྲ་བར་འགྱུར་ཏེ། དུར་བྱིད་ལ་སོགས་པས་ཀྱང་འཁྲུ་བར་དཀའོ། །མཁྲིས་པ་ཤས་ཆེ་བས་ནི་ལྟོ་བ་སྙི་བར་འགྱུར། ཞོ་ཁ་ཆུ་དང་འོ་མས་འཁྲུ་ནུས་པའོ། །བད་ཀན་གྱིས་ནི་རན་པར་འགྱུར་ཏེ། དང་པོ་ཁ་ལ་སོགས་པས་འཁྲུ་ནུས་པའོ། །མཉམ་པ་ཞེས་བྱ་བ་ནི་ཉེས་པ་གསུམ་མཉམ་པས་ཏེ། དེས་ནི་བར་མར་འགྱུར་ཞེས་སྲ་བ་ཡང་མ་ཡིན་སྙི་བ་ཡང་མ་ཡིན་པར་འགྱུར་རོ། །ཞེས་འབྱུང་བས། འདུས་པའི་ལྟོ་བ་ཤུགས་ལས་རྟོགས་པར་བྱ་དགོས་ཤིང༌། ཞར་ལ་ལྡན་པ་གསུམ་ཡང་ཤེས་པར་བྱའོ། །ཉེས་པའི་དབང་གིས་ལྟོ་བ་སྲ་སྙི་དེ་ལྟར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། འདིར་ལྟོ་བ་སྲ་སྙི་ཞེས་པ་ནི་ཐུར་དུ་འཁྲུ་བའི་དབང་དུ་བྱས་པ་དེ། རླུང་གིས་ནི་འཁྲུ་སྨན་ས་ཆུའི་རང་བཞིན་རྣོན་པོ་རྣམས་ཀྱང་སྐེམ་པར་བྱེད་པས་ན་མི་འཁྲུ་སྟེ། ཕྱི་རྒྱུད་དུ། མདོར་ན་བཤལ་དགྲ་རླུང་ཡིན་དེ་འདུལ་གཅེས། །ཞེས་པ་དང་མཐུན་ལ། མཁྲིས་པའི་བྱེད་ལས་ནི་རང་བཞིན་གྱིས་འཁྲུ་ཞིང་གཤེར་བ་ཡིན་པས་ན། འཁྲུ་སྨན་ཤིན་ཏུ་རྟུལ་བ་རྣམས་ཀྱིས་ཀྱང་འཁྲུ་ནུས་ཤིང༌། བད་ཀན་ནི་རང་གི་ངོ་བོས་ཆུའི་རང་བཞིན་ཅན་ཡིན་མོད་དུ་ཟིན་ཀྱང༌། བྱེད་ལས་ལ་བཞུ་ཞིང་འཁྲུ་བའི་ནུས་པ་མེད་པས་སྔ་མ་གཉིས་ལ་བལྟོས་ན་བར་མར་འགྱུར་རོ། །གཞན་དུ་ནི་ཉེས་པ་གསུམ་ཆ་མཉམ་དུ་འདུས་པའི་ལྟོ་བ་དེ་ཉིད་སྲ་སྙི་བར་མའམ་རྣོ་རྟུལ་མཉམ་པ་ཡིན་ལ། ལྡན་པ་གསུམ་ལའང་རྣོ་རྟུལ་བར་མ་གསུམ་དུ་ངེས་ཤིང༌། སྔ་མ་གསུམ་པོའང་ཁྱད་པར་ཤིན་ཏུ་ཆེ་བར་རྟོགས་པར་བྱ་དགོས་སོ། །ཞིབ་ཏུ་དབྱེ་ན་དེ་ལྟར་ཡིན་ཡང༌། མདོར་བསྡུ་ན་རྣོ་རྟུལ་བར་མ་གསུམ་དུ་མ་འདུས་པ་མེད་པས་འདིར་གསུམ་དུ་བཤད་པའོ།།

གཉིས་པ་ཚིག་གི་དོན་ནི། ལྟོ་བ་ཞེས་པ་ནས་བར་མར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ལྟོ་བ་སྲ་སྙིའི་རྣམ་དབྱེ་ནི། འཁྲུ་སྨན་དང་ས་ཆུའི་རང་བཞིན་ཅན་གྱི་ཁ་ཟས་ཟོས་པའི་ཚེ་ན་རླུང་གི་ཤས་ཆེ་བ་ཡིན་ན་ལྟོ་བ་སྲ་བ་ཡིན་པས་འཁྲུ་སྨན་རྣོན་པོས་ཀྱང་མི་འཁྲུ་བ། མཁྲིས་པ་ཤས་ཆེ་ན་སྙི་སྟེ་དོན་མེད་དུ་འཁྲུ་བ་དང༌། བད་ཀན་ཤས་ཆེ་ན་དེ་དག་གིས་ནི་ལྟོ་བ་མར་མར་འགྱུར་ཏེ་འཁྲུ་སྨན་རྣམས་ཀྱིས་འཀྲུ་བར་ནུས་ལ། ཞོ་ཁ་ཆུ་སོགས་བཟའ་བཏུང་རྣམས་ཀྱིས་མི་འཁྲུ་བས་སྲ་སྙི་རན་པ་ཞེས་བྱའོ། །དྲུག་པ་ཉེས་པའི་གནས་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ཁྱད་པར་གཞི་ཆེར་གནས་པ་ནི་སྙིང་ག་དང༌། ལྟེ་བ་དང༌། ལུས་སྟོད་སྨད་བར་གསུམ་ལ་བཅད་པའི་རླུང་མཁྲིས་བད་ཀན་གྱི་གོ་རིམ་ལྟར་ལུས་ལ་མས་རིམ་གྱིས་ཁྱབ་སྟེ། ལྟེ་བ་མན་ཆད་རླུང་གི་གནས། ལྟེ་བ་དང་སྙིང་གའི་བར་མཁྲིས་པའི་གནས། སྙིང་ག་ཡན་བད་ཀན་གྱི་གནས་སོ་ཞེས་ཟེར་བ་མི་འཐད་དེ། རྒྱུད་ཆུང་ལས། ཁྱབ་དང་སྙིང་ག་སྟེང་འོག་རླུང༌། །སྙིང་གོང་བད་ཀན་དེ་འོག་མཁྲིས། །ཞེས་པ་དང༌། སློབ་དཔོན་གྱིས། དེས་ཁྱབ་གྱུར་ཀྱང་སྙིང་ག་དང༌། །ལྟེ་བའི་འོག་བར་སྟེང་ན་གནས། །ཞེས་དང༌། ཟླ་ཟེར་ལས། རླུང་ལ་སོགས་པ་དེ་རྣམས་ཀྱིས་ཁྱབ་ཅིང་ལུས་མ་ལུས་པ་ལ་རྒྱུ་བར་བྱེད་ཀྱང་གནས་ངེས་པ་ཡོད་པར་ཤེས་པར་བྱ་སྟེ། དེ་ནི་སྙིང་ག་དང་ལྟེ་བའི་འོག་བར་སྟེང་ན་གནས་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྙིང་ག་དང་ལྟེ་བའི་འོག་མན་ཆད་ནི་རླུང་གི་གནས་ཡིན་ནོ། །དེ་གཉིས་ཀྱི་བར་ནི་མཁྲིས་པའི་གནས་སོ། །དེ་གཉིས་ཀྱི་སྟེང་ཡན་ཆད་ནི་བད་ཀན་གྱི་གནས་ཡིན་ནོ། །ཞེས་སྙིང་རླུང་གི་གནས་ཡིན་པའི་ཕྱིར། གནས་ས་ལུས་ཁྱབ་གྱུར་ཀྱང་རྙིང་ག་དང༌། །ལྟེ་བའི་འོག་བར་སྟེང་ན་མས་རིམ་གནས། །ཞེས་པའི་ཚིག་འདི་དག་གིས་ཀྱང་གསལ་བར་བསྟན་པའི་ཕྱིར། སྙིང་བད་ཀན་གྱི་གནས་སུ་བྱེད་པ་ནི་རྣམ་པར་འཁྱམས་པའོ། །གཞན་ཡང༌། ཁྱབ་བྱེད་རླུང་ནི་སྙིང་ལ་གནས། །ཞེས་པ་དང༌། མན་ངག་རྒྱུད་ལས། ཕོ་མཁལ་སྙིང་གི་ཚ་བ་གྲང་རླུང་འདྲ། །ཞེས་པ་དང༌། གནས་ཀྱི་གབ་པ་ཕོ་མཁལ་སྙིང་དང་གསུམ། །ཚ་བ་ཞུགས་ཀྱང་གྲང་རླུང་གནས་ཡིན་པས། །ཞེས་པ་ལ་སོགས་ཏེ་མང་དུ་གསུངས་པ་ལས་རྟོགས་དགོས་སོ། །གཉིས་པ་ཚིག་གི་དོན་ནི། གནས་ས་ཞེས་པ་ནས་མས་རིམ་གནས་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོའི་གནས་ས་ནི། སྤྱིར་ལུས་ཀྱི་ཆ་ཤས་ཤིན་ཏུ་ཕྲ་བ་དང་བཅས་པ་ཀུན་ལ་རིས་མེད་དུ་ཁྱབ་པར་གྱུར་ཅིང་གནས་པ་ཡིན་མོད་དུ་ཟིན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་སྙིང་ག་དང་ལྟེ་བའི་འོག་མན་ཆད་དང༌། ལྟེ་བ་དང་སྙིང་གའི་བར་དང༌། སྙིང་གའི་སྟེང་སྟེ་དེ་ཡན་ཆད་ལ་མས་ནས་རིམ་བཞིན་རླུང་མཁྲིས་བད་ཀན་གསུམ་གནས་པའོ། །བདུན་པ་གནོད་བྱེད་ཉེས་པའི་ལས་བཤད་པ་ལ་གཉིས་ཏེ། སྤྱིའི་ལས་དང༌། བྱེ་བྲག་གི་ལས་གནས་དང་བཅས་ཏེ་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དེ་རླུང་དབུགས་དབྱུང་དབུགས་རྔུབ་དང༌། །བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང༌། །ལུས་ཟུངས་ལེགས་པར་རྒྱུ་བ་དང༌། །དབང་པོ་རྣམས་ནི་གསལ་བ་དགའ། །མི་གནོད་པ་ནི་རྗེས་འཛིན་ཡིན། །ཞེས་དང༌།

ཟླ་ཟེར་ལས། ལུས་དེ་ན་རླུང་མི་གནོད་ཅིང་དབུགས་དབྱུང་བ་ལ་སོགས་པ་མཉམ་པར་གནས་ན་ལུས་རྗེས་སུ་འཛིན་ཅིང་བརྟན་པར་བྱེད་པ་ཡིན་ནོ། །དེ་ལ་དབུགས་དབྱུང་བ་ནི་གྱེན་དུ་དབུགས་འབྱིན་ཞིང་གཏོང་བའོ། །དབུགས་རྔུབ་པ་ནི་དབུགས་སྡུད་ཅིང་ཐུར་དུ་འཇུག་པའོ། །བསྐྱོད་པ་ནི་ལས་སུ་བྱ་བ་ཐམས་ཅད་ལ་བརྩོན་ཞིང་རྩོལ་བའོ། །ལས་ལ་སྤྱོད་པ་ནི། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ལ་སྤྱོད་ཅིང་འཇུག་པའོ། །ཤུགས་འབྱིན་པ་ནི་བཤང་བ་དང་གཅི་བ་དང་རླུང་ཕྱི་རོལ་ཏུ་འབྱིན་པའོ། །ལུས་ཟུངས་ལེགས་པར་རྒྱུ་བ་ཞེས་བྱ་བ་ནི། ལུས་ཟུངས་ཀྱི་དགྲ་ནི་དྭངས་མ་ལ་སོགས་པ་དང༌། མཁྲིས་པ་དང་བད་ཀན་དག་ཀྱང་བཟུང་ངོ༌། །དེ་རྣམས་ལེགས་པར་རྒྱུ་བ་ནི་མཉམ་པར་གནས་ཤིང་འཇུག་པའོ། །དེ་ལ་མཉམ་པར་རྒྱུ་བའི་གནས་སྐབས་ཀྱིས་དེ་རྣམས་རླུང་ཉིད་མི་གནོད་པར་འགྱུར་བའི་རྒྱུ་ཡིན་ཏེ། གང་གི་ཕྱིར་རྣམ་པར་འཐོར་ཞིང་འཁྲུགས་པ་སྡུད་ཅིང་ཞི་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབང་པོ་རྣམས་གསལ་བ་སྟེ། མིག་ལ་སོགས་པའི་དབང་པོ་ཡུལ་འཛིན་པ་ལ་གསལ་བར་གནས་པའི་ཡོན་ཏན་དེ་དག་དང་མི་གནོད་ཅིང་རྗེས་སུ་འཛིན་པ་ཡིན་ནོ། །ཞེས་དང༌། མཁྲིས་པ་འཇུ་དྲོད་མཐོང་བྱེད་དང༌། །བཀྲེས་སྐོམ་ཟས་ལེན་མདངས་ཡིད་གཞུང༌། །བློ་ལྡན་དཔའ་ཞིང་ལུས་འཇམ་པས། །ཞེས་བྱ་བ་ལ་མཁྲིས་པ་འགྱུར་བ་མེད་ཅིང་འཇུ་བ་ལ་སོགས་པས། ལུས་རྗེས་སུ་བརྟན་པར་བྱེད་པ་ཡིན་ནོ། །དེ་ལ་འཇུ་བ་ནི་ཟས་འཇུ་ཞིང་སྨིན་པར་བྱེད་པའོ། །དྲོད་ནི་མེའི་ཤས་སོ། །མཐོང་བ་ནི་གཟུགས་འཛིན་པར་ནུས་བའོ། །བཀྲེས་པ་ནི་ཟས་འདོད་པའོ། །སྐོམ་པ་ནི་བཏུང་བ་འདོད་པའོ། །ཟས་ལེན་པ་ནི་ཡི་ག་འབྱེད་ཅིང་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །མདངས་ནི་བཞིན་མདོག་གསལ་ཞིང་གཟི་མདངས་ཆེ་བའོ། །ཡིད་གཞུངས་པ་ནི་ཤེས་རབ་དང་ལྡན་པའོ། །བློ་དང་ལྡན་པ་ནི་བློ་གྲོས་དང་ལྡན་པའོ། །དཔའ་ནི་སེམས་བརྟུལ་ཕོད་པ་ཉིད་དེ་བརྟན་ཞིང་མི་གཡོ་བའོ། །ལུས་འཇམ་པ་ནི་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་སྟེ། དེ་དག་གིས་ལུས་ཀྱི་རྟེན་བྱེད་དོ། །ཞེས་དང༌། བད་ཀན་བརྟན་ཞིང་སྣུམ་ཉིད་དང༌། །ཚིགས་འབྲེལ་བཟོད་ལ་སོགས་པའོ། །ཞེས་པ་ལ་དེ་ལ་བད་ཀན་ནི་མི་འགྱུར་ཞིང་བརྟན་པ་ལ་སོགས་པ་དང་ལྡན་པས་ནི་ལུས་རྗེས་སུ་འཛིན་པར་བྱེད་དོ། །བརྟན་པ་ནི་མི་གཡོ་བ་ཉིད་དོ། །སྣུམ་པ་ནི་ལུས་སྣུམ་པར་གྱུར་པ་ཉིད་དོ། །ཚིགས་འབྲེལ་བ་ནི་ལྷུ་ཚིགས་ཀྱི་ངོ་བོ་དེ་རྣམས་ལེགས་པར་འབྲེལ་ཞིང་དམ་དུ་གནས་པའོ། །བཟོད་པ་ནི་གནོད་པ་ལ་མི་འཁྲུགས་པ་སྟེ་དེ་དག་ལ་སོགས་པས་ཕན་པའི་ལས་བྱེད་པ་ཡིན་ནོ། །ཞེས་བཤད་པ་ལྟར་རྒྱས་པར་ཤེས་དགོས་སོ། །གཉིས་པ་ཚིག་གི་དོན་ནི། ཉེས་པའི་ཞེས་པ་ནས་སྣུམ་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཉེས་པའི་ལས་ནི་རླུང་མཁྲིས་བད་ཀན་གྱི་དབྱེ་བས་རྣམ་པ་གསུམ་སྟེ། དང་པོ་རླུང་གིས་ནི་དབུགས་གྱེན་དུ་འབྱིན་པ་དང༌། ནང་དུ་རྔུབ་པ་དང༌། ལུས་ཀྱི་འདུ་བྱེད་བྱ་བའི་ཡུལ་ལ་བསྐྱོད་པ་དང༌། ལུས་ངག་ཡིད་གསུམ་གྱི་ལས་ལ་ལོངས་སྤྱོད་ཅིང་འཇུག་པ་དང༌། བཤང་གཅི་དང་ངར་སྣབས་ལ་སོགས་པའི་ཤུགས་འབྱིན་པ་དང༌། དྭངས་མ་ལ་སོགས་པའི་གནོད་བྱ་ལུས་ཟུངས་བདུན་པོ་རང་རང་གི་བུ་ག་རྣམས་སུ་བདེ་བར་རྒྱུ་ཞིང་ཁྱབ་པར་བྱེད་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔའམ་དྲུག་རྣམས་ཀྱང་རང་རང་གི་ཡུལ་གཟུགས་སོགས་ཉེ་བར་འཛིན་པ་གསལ་བར་བྱེད་པ་སྟེ། དེ་རྣམས་ཀྱི་སྒོ་ནས་ལུས་འདི་ཉིད་ལ་མི་གནོད་ཅིང་རྗེས་སུ་འཛིན་པར་བྱེད་དོ། །དེ་བཞིན་དུ་མཁྲིས་པའི་ལས་ནི་མེ་དྲོད་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་མྱུར་དུ་ཞུ་ནས་ཡང་ཡང་བཀྲེས་ཤིང་སྐོམ་ལ་ཡི་ག་བྱེ་ནས་ཟས་ལེན་ཞིང་འདོད་པར་བྱེད་པ་དང༌། དེ་ཡང་མྱུར་དུ་འཇུ་བར་བྱེད་པ་དང༌། ལུས་ཀྱི་དྲོད་དང་གཟི་མདངས་གསལ་ལ་བྱ་བ་གང་ལ་ཡང་མི་འཇིགས་པའི་སྙིང་དཔའ་བ་དང༌། རྩོམ་པ་ཀུན་ལ་རབ་ཏུ་བཀྲ་བའི་བློ་དང་ལྡན་པར་བྱེད་པའོ། །བད་ཀན་གྱི་ལས་ཀྱང་ལུས་དང་བློ་གཉིས་ཀ་ཆེ་ཞིང་བརྟན་པར་བྱེད་པ་དང༌། ངང་རྒྱུད་རིང་བས་བྱ་བ་ཀུན་དང་གནོད་པ་ལ་བཟོད་བསྲན་ཆེ་ཞིང་ལུས་ཀྱི་ཕྱི་ནང་ཀུན་ཀྱང་དཀར་ལ་འཇམ་པར་བྱེད་པ་ཡིན་ནོ། །འདི་གཉིས་ཀྱི་བྱ་བ་འདི་ཡང་རང་རང་གི་རང་བཞིན་གྱི་བྱ་བ་ལས་མ་གཡོས་པ་དེས་ནི་ལུས་རྗེས་སུ་འཛིན་པར་བྱེད་དོ། །

གཉིས་པ་བྱེ་བྲག་གི་གནས་དང་བཅས་པ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ལ་ལ་དག་ནི་སྲོག་འཛིན་སྤྱི་བོར་གནས། །ཁྱབ་བྱེད་སྙིང་ལ་གནས་པ་འདིར་བཤད་དེ། །དུས་འཁོར་ལ་སོགས་རྒྱུད་སྡེ་དང་འགལ་བས། །མི་མཁས་པ་ཡིས་བོད་དུ་བསྒྱུར་ཞེས་གླེང༌། །ཚུལ་འདི་སྔ་མོའི་གཞུང་རྙིང་མ་དག་པ། །རིམ་པར་མཆེད་ནས་དེང་སང་བར་དུ་ཡང༌། །བཤད་པའི་རྒྱུད་དུ་དེ་ལྟར་གསུངས་མོད་ཀྱང༌། །མན་ངག་རྒྱུད་དུ་ནད་རྣམས་ཀུན་ལ་ཡང༌། །རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་གསལ་བར་བསྟན། །དེ་ཡི་སྐབས་སུ་རྟགས་བཅོས་མ་ནོར་བས། །དོན་ལ་ནོར་བའི་དྲི་མས་དབེན་པོ་ཡིན། །ཡིན་ཚུལ་སྲོག་འཛིན་སྙིང་ལ་གནས་པ་དང༌། །ཁྱབ་བྱེད་སྤྱི་བོར་གཞན་ནས་བཤད་ལྟར་གནས། །ཡི་གེ་ནོར་བ་ཆོས་ཀྱི་སྐྱོན་ཡིན་ན། །གསུང་རབ་ཀུན་ལ་སྐྱོན་མེད་ཤིན་ཏུ་དཀོན། །ཞེས་ཟེར་རོ། །འདིའི་ལུགས་སྔ་ཕྱི་གཉིས་ཀས་བབ་ཆོལ་དུ་སྨྲ་བ་ཙམ་མ་གཏོགས་མདོ་དོན་ཅི་ཡང་མེད་དེ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནོར་གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང༌། །ཁྱབ་བྱེད་ཀླུ་དང་རུས་སྦལ་དག་དང་རྩངས་པའི་རླུང་དང་ལྷས་བྱིན་དང་ནི་ནོར་ལས་རྒྱལ་ཞེས་པ། །རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་ལྟེ་བའི་འཁོར་ལོ་ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །ཞེས་དང༌། དེའི་འགྲེལ་པར། འཕགས་པ་སྤྱན་རས་གཟིགས་ཀྱིས། སྲོག་སྟེང་དུ་རྒྱུ་སྟེ་ཐུར་སེལ་ལྟེ་བའི་འོག་ཏུ་རྒྱུའོ། །མཉམ་གནས་ཤར་གྱི་འདབ་མ་ལ་སྣར་མའི་རྩ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་མེའི་འདབ་མ་ལ་གླང་པོ་ཆེའི་ལྕེའི་རྩའོ། །ཁྱབ་བྱེད་ལྷོའི་འདབ་མ་ལ་སེར་སྐྱའི་རྩའོ། །ཞེས་པ་ལ་སོགས་པས་ལྟེ་བའི་འཁོར་ལོའི་སྟེང་འོག་གཉིས་སུ་སྲོག་འཛིན་དང་ཐུར་སེལ་རྒྱུ་ལ། གཞན་ཕྱོགས་མཚམས་བརྒྱད་དུ་རླུང་ལྷག་མ་བརྒྱད་པོ་ཡང་རྒྱུ་བར་བཤད་ཀྱི། སྲོག་འཛིན་སྙིང་དང་ཁྱབ་བྱེད་སྤྱི་བོར་གནས་ཚུལ་བཤད་པ་གཏན་མེད་ལ། ཁྱོད་ལྟར་ན་སྨན་དཔྱད་ཀྱི་སྐབས་འདིར་ཡང་རླུང་ཐམས་ཅད་ལྟེ་བ་ལ་གནས་པར་འགྱུར་ཏེ། དུས་འཁོར་ལས་དེ་ལྟར་བཤད་པའི་ཕྱིར། ཡང་དགོན་པས་རྡོ་རྗེ་ལུས་ཀྱི་སྦས་བཤད་དུ། སྲོག་འཛིན་སྙིང་དང་ཁྱབ་བྱེད་སྤྱི་བོར་གནས་པར་བཤད་མོད་ཀྱང༌། རྒྱུད་སྡེ་རིན་པོ་ཆེ་གང་གི་ཡང་ཁུངས་མི་སྣང་བས་རང་བཟོ་ཙམ་དུ་ཟད་དོ། །ལུགས་ཕྱི་མས་ནི་ཅལ་སྒྲོག་གི་རྗེས་སུ་བརྒྱུགས་པས་རང་ལུགས་རླུང་ལ་བསྐུར་བ་ཡིན་ཏེ། ཇི་ལྟར་ཞེ་ན་གཞུང་འདིར་མ་ཟད་མང་པོ་ཞིག་ནས་མཐུན་པར་འབྱུང་བའི་ཕྱིར། དེ་ཡང་གང་ལས་ཤེ་ན། རྒྱུད་ཆུང་ལས། རླུང་སྲོག་གྱེན་ཁྱབ་མེ་མཉམ་བདུན། །སྲོག་འཛིན་སྤྱི་བོར་གནས་བྲང་དང༌། །གྲེ་བར་རྒྱུ་བློ་དབང་སེམས་འཛིན། །མཆིལ་སྦྲིད་སྒྲེགས་དབུགས་རྔུབ་ཟས་མིད། །གྱེན་རྒྱུ་བྲང་གནས་སྣ་ལྕེ་ལྐོག །ཚིག་འབྱིན་འབད་རྩོལ་མདངས་སྟོབས་དྲན། །ཁྱབ་བྱེད་སྙིང་གནས་ལུས་ཀུན་རྒྱུ། །མགྱོགས་འགྲོ་འདེགས་འཇོག་དབང་འབྱེད་འཛུམ། །དེ་སོགས་བྱ་བ་ཕལ་ཆེར་བྱེད། །ཅེས་པ་ལ་སོགས་པ་གསུངས་ཤིང༌། བདུད་རྩི་སྙིང་པོར། སྲོག་འཛིན་སྤྱིར་གནས་བྲང་དང་གྲེ་བར་རྒྱུ། །ཞེས་དང༌། ཁྱབ་བྱེད་སྙིང་གནས་ལུསཀུན་ཁྱབ་པར་རྒྱུ། །ལུས་ཅན་བྱ་བ་ཕལ་ཆེར་དེ་ཡིས་བྱེད། །ཅེས་པ་དང༌།

སོ་མ་རཱ་ཛ་ལས། ལྟེ་བ་ནས་ཆགས་སྲོག་འཛིན་རླུང༌། །ཡན་ལག་ལྔ་ལས་དང་པོ་མགོ །དབང་པོ་ལྔ་ལས་དང་པོ་མིག །ཅེས་པ་དང༌། ཡན་ལག་བརྒྱད་པར། རླུང་ནི་སྲོག་སོགས་དབྱེ་བ་ཡིས། །ལྔ་ཡི་བདག་ཉིད་འདིར་སྲོག་ནི། །སྤྱིར་གནས་བྲང་དང་གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་ཚིམ་བྱེད། །མཆིལ་འདོར་སྦྲིད་འབྱུང་སྒྲེགས་པ་གཏོང༌། །དབུགས་རྔུབ་ཟས་ནི་མིད་པར་བྱེད། །ཅེས་དང༌། ཁྱབ་བྱེད་རྙིང་ལུས་ཀུན་ལ་གནས། །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས། །འགྲོ་དང་འདེགས་དང་འཇོག་པ་དང༌། །ཞེས་སོགས་བཤད་ཅིང༌། རང་འགྲེལ་ལས། རླུང་གི་ལྔ་ལའང་གནས་དང་ཡུལ་དང་ལས་ཏེ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བའི་རླུང་གི་གནས་ནི་སྤྱི་བོ་ན་འདུག་གོ་ །རླུང་དེའི་ཡུལ་ནི་བྲང་དང་ནམ་ཚོང་དང་གྲེ་བ་ཡན་དུ་རྒྱུ་ཞིང་འགྲོའོ། །ལས་ནི་གློ་དང་སྙིང་དང་དབང་པོ་དང་སེམས་རྣམས་བརྟེན་པ་དང༌། མཆིལ་མ་འདོར་བ་དང༌། སྦྲིད་པ་འབྱུང་བ་དང༌། སྒྲེགས་པ་གཏོང་བ་དང༌། ཁ་ཟས་མིད་པའི་ལས་བྱེད་དོ། །དེ་ལ་སྟོད་དུ་རྒྱུ་བ་ཞེས་བྱ་བའི་གནས་ནི་བྲང་དང་ནམ་ཚོང་ན་འདུག་གོ །དེའི་ཡུལ་སྣ་དང་ལྟེ་བ་དང་གྲེ་བ་ཡན་མན་དུ་རྒྱུའོ། །དེའི་ལས་ནི་ཁ་ཟས་དང་ཚིག་ཏུ་སྨྲ་བ་འབྱུང་བར་བྱེད་པ་དང༌། འབད་ཅིང་སྒྲིམ་པར་བྱེད་པ་དང༌། མདངས་བཟང་བ་དང༌། སྟོབས་ཡོད་པ་དང༌། བཞིན་མདོག་དང་ལྡན་པ་དང༌། དྲན་པར་བྱ་བའི་ལས་བྱེད་དོ། །དེ་ལ་རླུང་ཁྱབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་བརྟེན་ཞིང་འདུག་གོ། དེའི་ཡུལ་ནི་ལུས་ཐམས་ཅད་པར་ཁྱབ་པར་བྱེད་ཅིང་འཇུག་གོ །དེའི་ལས་ནི་གང་རབ་ཏུ་མགྱོགས་པ་དང༌། ཕན་ཚུན་འགྲོ་བར་བྱེད་པ་དང༌། ལེན་ཞིང་འདེགས་པ་དང༌། འཇོག་ཅིང་འདོར་བ་དང༌། མིག་འབྱེད་པ་དང་འཛུམ་པ་ལ་སོགས་པའི་ལས་བྱེད་དོ། །ཡོངས་ནི་ལུས་ཀྱི་ལས་སུ་བྱ་བ་ཐམས་ཅད་རླུང་འདི་ལ་ཕལ་ཆེར་རག་ལས་སོ། །དེ་ལ་མེ་དང་མཉམ་པའི་རླུང་གི་གནས་ནི་ཕོ་བའི་མེ་དྲོད་དང་ལྷན་ཅིག་ཏུ་གནས་སོ། །དེའི་ཡུལ་ནི་ཁོང་བའི་ནང་ཁྲོལ་ཐམས་ཅད་ཀྱི་ནང་ན་འགྲོ་ཞིང་རྒྱུའོ། །ལས་ནི་ཁ་ཟས་དང་དུ་ལེན་ཞིང་འཇུ་བར་བྱེད་དོ། །དྭངས་སྙིགས་ཕྱེ་སྟེ་འདོར་བར་བྱེད་དོ། །དེ་ལ་ཐུར་དུ་སེལ་བའི་རླུང་གི་གནས་ནི་གཞང་གི་ནང་ན་འདུག་གོ །དེའི་ཡུལ་ནི་མདོང་མོའི་ནང་ན་ལྒང་པ་དང༌། ཕོ་མཚན་དང༌། བརླའི་ནང་ཕན་ཚུན་དུ་རྒྱུ་ཞིང་འགྲོའོ། །ལས་ནི་ཁུ་ཆུ་དང་ཟླ་མཚན་འབྱུང་བ་དང༌། མངལ་ནས་བྱིས་པ་འབྱུང་བར་བྱེད་པ་དང༌། བཤང་གཅི་ཐུར་དུ་སེལ་བའི་ལས་བྱེད་དོ། །ཞེས་པ་དང༌།

ཟླ་ཟེར་ལས་ཀྱང༌། འདིར་ལྔ་པོ་འདི་དག་གི་ནང་ནས་སྲོག་ཅེས་བྱ་བའི་རླུང་ནི་སྤྱི་བོར་གནས་ཤིང༌། མགོ་ལ་བརྟེན་པ་དང༌། ཞེས་དང༌། རླུང་ཁྱབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་ཏེ། ཞེས་སོགས་གསལ་བར་བཤད་ཅིང༌། མན་ངག་རྒྱུད་ལས། སྲོག་རླུང་ཟས་རྩུབ་རླུང་དང་དྲག་ཤུལ་ལས། །ཤུགས་བཀག་བཙིར་བས་འཁྲུགས་ཏེ་མགོ་བོ་འཁོར། །སྙིང་འཕྱོས་དབུགས་སྡུད་དཀའ་ཞིང་མིད་མི་ཐུབ། །ཅེས་དང༌། ཁྱབ་བྱེད་འགྲོ་འདུག་རྩེད་མོ་དྲགས་པ་དང༌། །འཇིགས་དང་ཡི་མུག་ཁ་ཟས་རྩུབ་པས་འཁྲུགས། །སྙིང་བཅུགས་བརྒྱལ་འབོག་མང་དུ་སྨྲ་མང་དང༌། །འགྲོ་འདོད་འཇིགས་སྐྲག་མི་སྙན་ཚིག་གིས་སློང༌། །ཞེས་དང༌། སྲོག་འཛིན་རླུང་ལ་ཏིལ་མར་བསྐུ་མཉེ་བྱ། །སྣ་སྨན་འཇམ་པོ་བཏང་ལ་རླུང་གསང་བསྲོ། །ཞེས་དང༌། ཁྱབ་བྱེད་ཛཱ་ཏི་ཞོ་ཤའི་སྨན་མར་བཏང༌། །བུར་ཆང་ལོ་ཤ་ཤ་ཆེན་ཚ་བ་བསྟེན། །ཞེས་གསུངས་པ་འདིས་ཀྱང་སྲོག་འཛིན་སྤྱི་བོ་དང༌། ཁྱབ་བྱེད་སྙིང་ལ་གནས་པ་ཁོ་ནར་བསྟན་ཏེ། སྲོག་འཛིན་གྱི་ནད་ལ་སྣ་སྨན་གཏོང་བ་དང༌། ཁྱབ་བྱེད་ལ་སྙིང་གི་ཁ་འཛིན་ཛཱ་ཏི་དང༌། ལི་ཤི་དང༌། སྙིང་ཞོ་ཤ་གཏོང་བར་བཤད་པའི་ཕྱིར། དེས་ན་རྟགས་བཅོས་དབྱེ་བ་ཀུན་ཀྱང་འདི་ལྟར་མཐུན་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། མན་ངག་རྒྱུད་གཙོ་ཆེ་སྙམ་ནས་ཁ་འཕང་བ་འདི་ཡང་རྒྱུད་ཀྱི་ཞབས་འདྲེན་དང༌། རང་གི་ནང་ཁྲོལ་མི་གཙང་བའི་ཕུང་པོ་རྣམས་དངོས་སུ་བསྟན་པར་ཟད་དོ། །

གཉིས་པ་རང་གི་ལུགས་ནི། གཙོ་ཆེར་ཤུགས་ལས་རྟོགས་མོད་ཀྱང༌། ཞིབ་ཏུ་ན་རྒྱས་པར་ལུས་ཆགས་ཚུལ་གྱི་སྐབས་སུ་བཤད་པ་ལྟར་སྲོག་ཆེན་པོའམ་སྲོག་འཛིན་གྱི་རླུང་ཞེས་བྱ་བ་དོན་གཅིག་ལ། དེ་ཡང་རླུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་ཡིད་ལྷན་ཅིག་པའི་གཡོ་བ་དེ་ལ་བྱ་ཞིང༌། དེ་ནི་དོན་ལ་རྩ་དབུ་མའི་སུམ་ཆ་ལྟེ་བ་ནས་སྤྱི་བོའི་བར་ཐམས་ཅད་གང་བའི་ཚུལ་གྱིས་གནས་ཀྱང༌། ལས་བྱེད་པའི་ཚུལ་ནི་གཙོ་བོར་སྤྱི་བོར་གནས་ནས་ནམ་ཚོང་ཡན་ཆད་དུ་ཐུར་དུ་རྒྱུ་ཞིང་ཟས་མིད་པ་ལ་སོགས་པའི་བྱ་བ་བྱེད་དོ། །སྨན་གྱི་སྐབས་འདིར་མ་བྱུང་ཡང་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཡན་ལག་གི་རླུང་ལྔ་ཞེས་བྱ་བ། ཀླུ་དང་རུས་སྦལ་དང་རྩངས་པ་དང་གཞུ་ལས་རྒྱལ་བ་དང་ལྷས་བྱིན་ཏེ་ལྔ་པོ་ཀུན་ཀྱང་སྲོག་འཛིན་གྱི་ཡན་ལག་ཡིན་པས། སྤྱི་བོ་ནས་མིག་ལ་སོགས་པའི་དབང་པོ་ལྔ་ལ་རིམ་པ་བཞིན་ཡོད་པར་གསུངས་པས་ཀྱང་རྟོགས་པར་ནུས་སོ། །གཉིས་པ་ཚིག་གི་དོན་ལ་གསུམ། རླུང་བཤད་པ། མཁྲིས་པ་བཤད་པ། བད་ཀན་བཤད་པའོ། །དང་པོ་ནི། ཁྱད་པར་ཞེས་པ་ནས་འབྱིན་སྡོམ་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ཉེས་པ་གསུམ་པོ་སྤྱིའི་ལས་དང་གནས་བཤད་ཚར་ནས་འདིའི་ཁྱད་པར་གྱི་དབྱེ་བ་ཡང་ལྔ་ལྔ་ཡོད་པའི་དང་པོ་རླུང་རིགས་ལྔ་ལས། དང་པོ་སྲོག་འཛིན་ཅེས་བྱ་བའི་རླུང་དེ་ནི་གཙོ་བོར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་གནས། ཡུལ་གྲེ་བ་དང་བྲང་གཞུང་དུ་རྒྱུ་ཞིང༌། ཟས་སྐོམ་མིད་པ་དང༌། དབུགས་རྔུབ་པ་དང༌། མཆིལ་མ་འདོར་བ་དང༌། སྦྲིད་པ་དང༌། སྒྲེགས་པ་འབྱིན་པ་དང༌། བློ་གྲོས་དང་མིག་ལ་སོགས་པའི་དབང་པོ་གསལ་ཞིང་སེམས་མི་གཏོང་བར་རང་དང་ལྷན་ཅིག་ཏུ་འཛིན་པར་བྱེད་པ་ཡིན་ནོ། །གཉིས་པ་གྱེན་དུ་རྒྱུ་བ་ཞེས་བྱ་བའི་རླུང་ནི་གཙོ་བོར་བྲང་ལ་གནས་བྱས་ནས་ཡུལ་སྣ་ལྕེ་ལྐོག་མར་རྒྱུ་ཞིང༌། ལས་ཚིག་འབྱིན་པ་དང༌། སྟོབས་མདངས་ཁ་དོག་རྣམས་རྒྱས་པར་བྱེད་པ་དང༌། འབད་པ་དང་རྩོལ་བ་བསྐྱེད་ཅིང་དྲན་པའི་དབང་པོ་གསལ་པར་བྱེད་པ་ཡིནནོ། །གསུམ་པ་ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་གཙོ་བོར་སྙིང་ལ་ལྷག་པར་གནས་པ་སྟེ། དེའི་ཡུལ་ནི་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་རྒྱུ་ཞིང༌། རྐང་ལག་རྣམས་འདེགས་པ་དང༌། འཇོག་པར་བྱེད་པའི་ངང་ནས་འགྲོ་བ་དང་བརྐྱང་བསྐུམ་དང་ཁ་མིག་སོགས་འབྱེད་འཛུམ་ལ་སོགས་ཏེ། མདོར་ན་ལུས་ངག་ཡིད་དང་བཅས་པའི་བྱ་བ་ཕལ་ཆེར་རླུང་འདི་ཉིད་ལ་རག་ལས་པ་ཡིན་ནོ། །བཞི་པ་ཕོ་བའི་མེ་དང་མཉམ་དུ་འཇུག་པའི་རླུང་ནི་གཙོ་བོར་ཕོ་བར་གནས་ནས་ཡུལ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང༌། ལས་ཁ་ཟས་རྣམས་འཇུ་བ་དྭངས་སྙིགས་འབྱེད་ཅིང་ཁྲག་ལ་སོགས་པའི་གནོད་བྱ་གཞན་རྣམས་སྨིན་པར་བྱེད་པ་ཡིན་ནོ། །ལྔ་པ་ཐུར་དུ་སེལ་བའི་རླུང་ནི་གཙོ་བོར་གཞང་ལ་གནས་ནས། ཡུལ་ལོང་སྟོད་སྨད་དང་ལྒང་བ་དང་གསང་བའི་གནས་དང་བཅས་པའི་བརླའི་ནང་དུ་རྒྱུ་ཞིང༌། ལས་ཁུ་ཁྲག་དང༌། བཤང་གཅི་རྣམས་དང༌། མངལ་ན་གནས་པའི་བུ་ལ་སོགས་པ་འབྱིན་པ་དང་སྡོམ་པའི་བྱ་བ་རྟག་ཏུ་བྱེད་པ་ཡིན་ནོ། །གཉིས་པ་མཁྲིས་པ་བཤད་པ་ནི། འཇུ་བྱེད་ཅེས་པ་ནས་གསལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། འདི་ལའང་ལྔ་ལས། དང་པོ་འཇུ་བྱེད་བྱ་བའི་མཁྲིས་པ་ནི་ཕོ་བར་ཟས་ཞུ་བ་དང་མ་ཞུ་བའི་བར་ན་གནས་ཤིང༌། ལས་ནི་ཁ་ཟས་ཀྱི་རིགས་ཀྱི་རིམ་པ་ཟོས་ཤིང་འཐུངས་པ་རྣམས་རབ་ཏུ་འཇུ་བ་དང༌། དྭངས་སྙིགས་ཀྱང་ཅུང་ཟད་འབྱེད་ཅིང་ལུས་ཀྱི་དྲོད་ལྷག་པར་བསྐྱེད་པ་དང༌། དེར་མ་ཟད་མཁྲིས་པ་ལྷག་མ་མདངས་སྒྱུར་ལ་སོགས་པ་བཞི་ཡི་གྲོགས་དང་སྟོབས་ཀྱང་སྐྱེད་པར་བྱེད་པའོ། །གཉིས་པ་མཁྲིས་པ་ལྷག་མ་མདངས་སྒྱུར་ཞེས་བྱ་བ་ནི་མཆིན་པ་ལ་གནས་པ་སྟེ། དེའི་ལས་ནི་ལུས་ཟུངས་བདུན་གྱི་ཐོག་མ་དྭངས་མ་རང་ལ་སོགས་པའི་ཁོང་ནས་ཤ་སྟེ་དེ་གཉིས་པོའི་ཁ་དོག་མ་ལུས་པར་དམར་པོར་སྒྱུར་བར་བྱེད་པའོ། །

གསུམ་པ་མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་པ་སྟེ། དེ་དག་གི་ལས་ནི་བསྒྲུབ་པར་བྱ་བའི་དོན་ལ་ཡིད་གཞུང་བ་དང༌།  ང་རྒྱལ་བསྐྱེད་པ་དང༌། བློ་གྲོས་དང་འདོད་པ་བསྒྲུབ་པ་ལ་བརྩོན་པར་བྱེད་པའོ། །བཞི་པ་མཁྲིས་པ་མཐོང་བྱེད་ཅེས་བྱ་བ་ནི་མིག་ལ་གནས་པར་བྱས་ནས། ལས་ནི་ཕྱི་རོལ་གྱི་གཟུགས་ཀྱི་བྱེ་བྲག་རྣམས་མཐོང་བར་བྱེད་པའོ། །ལྔ་པ་མཁྲིས་པ་མདོག་གསལ་ཞེས་བྱ་བ་ནི་ལུས་ཀྱི་པགས་པའི་རིམ་པ་རྣམས་ལ་གནས་ནས། ལས་ཀྱང་པགས་པའི་ཆ་ཤས་ཡོད་དོ་ཅོག་གི་མདོག་གསལ་ཞིང་དྭངས་བར་བྱེད་པའོ། །གསུམ་པ་བད་ཀན་བཤད་པ་ནི། བད་ཀན་ཞེས་པ་ནས་བྱེད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལའང་ནང་ཚན་ལྔ་ལས་དང་པོ་བད་ཀན་རྟེན་བྱེད་ཅེས་བྱ་བ་ནི་བྲང་ལ་གནས་པ་སྟེ། ལས་ནི་ལྷག་མ་མྱག་བྱེད་ལ་སོགས་པ་རྣམས་ཀྱི་རྟེན་བྱེད་ཅིང༌། ཁྱད་པར་དུ་མ་འཐུངས་ཀྱང་ངོམས་པ་ལ་སོགས་པ་ཆུ་དང་མཐུན་པའི་ལས་བྱེད་པ་ཡིན་ནོ། །གཉིས་པ་བད་ཀན་བྱེད་ཅེས་བྱ་བ་ནི་ཕོ་བའི་སྟོད་མ་ཞུ་བའི་ཆ་ལ་གནས་ནས། ལས་ནི་ཟས་སྐོམ་མིད་པ་རྣམས་ཞིབ་མོར་མྱག་ཅིང་ལྡུར་ལྡུར་བོར་འདྲུལ་བྱེད་པ་ཡིན་ནོ། །གསུམ་པ་བད་ཀན་མྱོང་བྱེད་ཅེས་བྱ་བ་ནི་ལྕེའི་དབང་པོར་གནས་ནས་རོ་དྲུག་གི་བྱེ་བྲག་རྣམས་ཚོར་ཞིང་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །བཞི་པ་བད་ཀན་ཚིམ་བྱེད་ཅེས་བྱ་བ་ནི་མགོ་བོར་གནས་ནས་ལས་ནི་མིག་ལ་སོགས་པའི་དབང་པོ་རྣམས་རྒྱས་ཤིང་ཚིམ་པར་བྱེད་པ་ཡིན་ནོ། །ལྔ་པ་བད་ཀན་འཇུ་བྱེད་ཅེས་བྱ་བ་ནི་ལུས་ཀྱི་ཚིགས་པའི་ཆ་ཤས་མ་ལུས་པའི་མིག་གམ་བར་མཚམས་ཀུན་ལ་གནས་ནས་ལས་ནི་ཚིགས་པ་རྣམས་ཕན་ཚུན་འབྱོར་བར་བྱེད་ཅིང༌། དེ་རྣམས་ཀྱི་མཚམས་ལ་བརྐྱང་བ་དང་བསྐུམ་པའི་བྱ་བ་ཡང་བྱེད་པ་ཡིན་ནོ། །དེ་ལྟར་བཤད་པའི་རླུང་མཁྲིས་བད་ཀན་གྱི་དབྱེ་བ་ལྔ་གསུམ་བཅོ་ལྔ་པོའི་མིང་དེ་དག་ཐམས་ཅད་ཀྱང་རང་རང་གི་བྱེད་ལས་སོགས་རྒྱུ་མཚན་ཅན་གྱི་སྒོ་ནས་བཏགས་པ་འབའ་ཞིག་ཡིན་པས་དོན་ཡང་དེ་ལྟ་བུར་ཤེས་པར་བྱའོ། །བརྒྱད་པ་མཚན་ཉིད་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ཡང་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་རྣམས་ན་རེ། རླུང་གི་མཚན་ཉིད་ནི་དྲུག་སྟེ། རྩུབ། ཡང༌། གྲང༌། སྲ། ཕྲ། གཡོ་བའོ། །དང་པོ་རྩུབ་པ་ནི། རང་རྒྱུད་གདུག་ཅིང་རྩུབ་པས་ནད་དྲག་པོ་བཟོད་པར་དཀའ་བ་སྟེ། དཔེར་ན་མི་མཐུན་པ་བསྡེབས་པ་ལྟ་བུའོ། །ན་དུས་སུ་རྟགས་ཇི་ལྟར་འབྱུང་བ་ནི་ལྕེ་རྩུབ། པགས་པ་དང་ཁྲག་རྩུབ། གོས་འཇམ་པོ་གྱོན་ཡང་རྩེ་ཡེར་འབྱུང་བའོ། །ཡང་བ་ནི་རང་རྒྱུད་ཡང་བར་གནས་པས་གཉེན་པོའི་ཁ་ན་ཡང་བ་སྟེ། ནད་རྟགས་ནི་ལུས་དང་ཤེས་པ་ཡང༌། བྱུག་བདུག་ཙམ་གྱིས་ཞི་ནུས་པའོ། །གྲང་བ་ནི་བསིལ་བ་ཙམ་སྟེ་ངོ་བོ་ལ་དྲོད་མེད་པར་གནས་པའོ། །

དེའི་ནད་རྟགས་ནི་གྲང་ཤུམ་ཆེ། ཟས་སྤྱོད་དྲོད་ལ་སྲེད་པ་འབྱུང་ངོ༌། །སྲ་བ་ནི་མི་འདྲུལ་ཞིང་ཕིགས་དཀའ་བ་སྟེ། དེའི་ནད་རྟགས་ནི་སྐྲངས་པ་རྣག་ཏུ་འགྲོར་མི་འདོད་ཅིང་ཚ་བ་སྨིན་དཀའ། ལྟོ་བ་སྲ་བས་སྦྱོང་མི་ཐེབས་པའོ། །ཕྲ་བ་ནི་རྫས་སུ་མ་གྲུབ་པས་བུ་ག་ཕྲ་མོ་ཀུན་ལ་འཇུག་པ་སྟེ། སྐྲ་དང་བ་སྤུ་ལངས་ཤིང་བརྩེ། སོ་དང་སེན་མོ་ཡན་ཆད་བེར་གྱིས་ན་བའོ། །གཡོ་བ་ནི་གཅིག་ཏུ་མི་བརྟན་ཞིང་འཕོ་འགྱུར་ཆེ་བ་སྟེ། དེའི་ནད་རྟགས་སུ་སེམས་འཕྱོ། འགྲོ་འདོད། ཁ་ལབ། ནད་འཕེལ་འབྲི་འཕོ་འགྱུར་ཆེ་སྟེ་སྟོང་སྐྱུགས་འོང༌། རྩ་སྡོད་པ་དང་གཡོ་བའོ། །ཞེས་པ་དང༌། མཁྲིས་པའི་མཚན་ཉིད་སྣུམ་དང་བཅས་པས་རྣོ་བ། ཚ་བ། ཡང་བ། དྲི་མ་མནམ་པ་འཁྲུ་བ། གཤེར་བ་དང་བདུན་ཡོད་དེ། དེ་ལ་སྣུམ་བཅས་ཞེས་པ་ནི། སྣུམ་པ་རང་མ་ཡིན་པར་ཅུང་ཟད་སྣུམ་པ་དང་བཅས་པ་སྟེ། དེའི་ནད་དུ་གྱུར་པའི་རྟགས་སུ་གདོང་བ་དང་བ་སྤུའི་སྒོ་སྣུམ་པར་འགྱུར་རོ། །རྣོ་བ་ནི་ལས་བྱེད་པ་མྱུར་བ་སྟེ། དེའི་རྟགས་སུ་སྐྲངས་པ་རྣམས་རྣག་པ་སླ། ཚ་བ་སྨིན་སླ་བས་སྲོག་ལ་མྱུར་དུ་རྒོལ་བའོ། །ཚ་བ་ནི་ངོ་བོ་ཆུ་ཚན་ལྟར་གནས་པས་གནོད་བྱ་ཚིག་ནུས་པ་སྟེ། དེའི་རྟགས་སུ་ལུས་ཚ་བས་ཟས་སྤྱོད་བསིལ་བ་ལ་སྤྱོད་དོ། ཡང་བ་ནི་གཉེན་པོའི་ཁ་ནས་ཡང་བ་སྟེ། རྟགས་སུ་ཚ་བ་རྐྱང་པ་ལས་མ་འདས་པ་རྣམས་ལ། ཆུ་བཞི་བསྟེན་ན་འཕྲལ་དུ་བཟློག་ནུས་པའོ། །དྲི་མ་མནམ་པ་ནི་སྣའི་དབང་པོ་ལ་དཀུ་བ་སྟེ། རྔུལ་དྲི་ཁ་དྲི་ཆུ་དྲི་འཁྲུ་བའི་དྲི་སྟེ་ནད་ཀྱི་དྲི་ཆེ་བའོ། །འཁྲུ་བ་ནི་ལྟོ་བ་སྙི་བས་ཐུར་དུ་འབྱུང་བ་སྟེ་ནད་རྟགས་སུ་ཟས་སྤྱོད་མི་མཐུན་པ་བག་ཙམ་རེ་ལའང་འཁྲུ་བའོ། །གཤེར་བ་ནི་སྐམ་པོ་མ་ཡིན་པ་སྟེ་ངོ་བོ་ལ་བརླན་ཞིང་གཤེར་བ་ཡོད་པའོ། །དེའི་རྟགས་སུ་འཁྲུ་བ་སླ། ལུད་པ་སླ། གཏར་ཁྲག་སླ་བར་འབྱུང་བའོ། །ཞེས་ཟེར་རོ། །དེ་ལ་རླུང་གི་མཚན་ཉིད་ལས་ཟུར་དང་པོ་རྩུབ་པའི་འབྲུ་གནོན་དེ་ལྟར་མི་འཐད་དེ། །ནད་དྲག་པོ་བཟོད་དཀའ་བ་དཔེར་ན་མི་མཐུན་པ་བསྡེབས་པ་ལྟ་བུ་ནི་ཉེས་གསུམ་ཕན་ཚུན་འཐབ་པའི་ནད་ཀུན་ལ་འབྱུང་བའི་ཕྱིར། ཟུར་གཉིས་པ་ཡང་བའི་འབྲུ་གནོན་ཡང་མི་འཐད་དེ། རང་རྒྱུད་ཅེས་པ་ཟླ་བོ་དང་མ་འདྲེས་པ་རྐྱང་པའི་དོན་ཡིན་པས་རྐྱང་པ་ཡང་བ་ཞེས་པའི་དོན་དང་མ་འབྱོར་ཞིང༌། གཉེན་པོའི་ཁ་ན་ཡང་ཞེས་པ་གཉེན་པོ་དང་གོང་འོག་ཏུ་ཉེས་པ་མ་གྲུབ་པའི་ཕྱིར། ཟུར་གསུམ་པ་གྲང་བའི་འབྲུ་གནོན་དེ་ཡང་མི་འཐད་དེ། བསིལ་བ་ཞེས་པ་ས་ཆུའི་ཡོན་ཏན་ཡིན་པས་རླུང་ལ་སྦྱོར་བ་སྐབས་སུ་མ་བབ་ཅིང༌། རླུང་ལ་གྲང་བ་ཙམ་མ་གཏོགས་བསིལ་བ་མེད་པའི་ཕྱིར། ཟུར་བཞི་པ་སྲ་བའི་འབྲུ་གནོན་ཡང་མི་འཐད་དེ། ལྟོ་བ་སྲ་བས་རླུང་སྲ་བར་མི་འགྲུབ་པའི་ཕྱིར། ཟུར་ལྔ་པ་ཕྲ་བའི་འབྲུ་གནོན་ཡང་མི་འཐད་དེ། ཕྲ་བ་རྫས་སུ་མ་གྲུབ་ན་དངོས་པོར་མ་གྲུབ་པ་ཡིན་པས་རླུང་དངོས་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་མཁྲིས་པའི་མཚན་ཉིད་ལས། ཟུར་གཉིས་པས་རྣོ་བའི་འབྲུ་གནོན་དེ་ལྟར་མི་འཐད་དེ། ལས་བྱེད་པ་མྱུར་བ་རླུང་ལའང་ཡོད་པའི་ཕྱིར་ཏེ། ཟླ་ཟེར་ལས། ཁྱབ་དང་མྱུར་དུ་བྱེད་ཕྱིར་དང༌། །ཞེས་བཤད་པའི་ཕྱིར། ཟུར་གསུམ་པ་ཚ་བས་སྨིན་སླ་བས་ཞེས་པ་ཡང་མི་རུང་སྟེ། སྨིན་སླ་བ་ཙམ་གྱིས་ཚ་བར་འཇོག་མི་ནུས་པའི་ཕྱིར། ཁྱད་པར་ཚ་བའི་ངོ་བོ་ནི་ཆུ་ཚན་ལྟར་གནས་པ་ཞེས་པ་ནམ་ཡང་མི་འཐད་དེ། ཆུ་ཚན་ལྟར་གནས་ན་རླུང་གིས་བུས་པའི་ཚེ་གྲང་ནས་བསྲེག་མི་ནུས་པར་འགྱུར་དགོས་པ་ལ་ཆེར་ཆེར་འབར་བར་བྱེད་པའི་ཕྱིར། དེ་ལྟ་ན་སྟོངས་ཚད་ལ་སོགས་པ་མི་འབྱུང་བར་འགྱུར་ཏེ། མན་ངག་རྒྱུད་ལས། རླུང་གིས་ཚ་བ་བུས་ཀྱིན་ཚད་རྟགས་འཕེལ། །རླུང་ཉིད་གྲང་ཕྱིར་ཚད་རྟགས་འགལ་ཞེ་ན། །སྟོངས་པའི་ཚ་བ་མགར་བའི་སོལ་མལ་འདྲ། །སྦུད་པ་གྲང་ཡང་མེ་ཡི་གྲོགས་སུ་འགྱུར། །སྦུད་བྱེད་མ་བཅད་ཚ་བ་ཆེས་ཆེར་འཕེལ། །དེ་ཕྱིར་སྟོངས་པའི་ཚ་བ་ཞེས་སུ་བརྗོད། །ཅེས་གསུངས་པའི་དཔེ་དོན་དགོས་མེད་དུ་ཐལ་ལ། ཆུ་ཚན་གྱི་ངོ་བོ་ཡིན་ན་ཤིན་ཏུ་ལྕི་བ་ཡིན་པས་མཚན་ཉིད་དུ་ཡང་བ་སྨོས་པ་དང་འགལ་ཞིང༌། འོག་ཏུ། མཁྲིས་པ་འཁྲུགས་པས་ལུས་ཟུངས་སྲེག་པར་བྱེད། །འདི་ནི་མེ་ཡི་རང་བཞིན་ཚ་བ་སྟེ། །སྨད་ན་གནས་ཀྱང་སྟོད་དུ་འབར་བར་བྱེད། །ཚ་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །ཅེས་པ་དང་ཡང་འགལ་ལོ། །དེས་ན་གཤེར་བའི་འབྲུ་གནོན་པ་ཡང་འཁྲུལ་ཏེ།

དེའི་རྒྱུ་མཚན་ཡང༌། མཁྲིས་པ་སྡོར་གྱི་རྐྱལ་པ་བཀལ་བ་འདྲ། །ཞེས་པའི་མཁྲིས་པ་འདི་ལ་འཁྲུལ་པ་ཡིན་ཡང༌། འདི་ནི་འཇུ་བྱེད་ལ་སོགས་པ་མཁྲིས་པའི་དབྱེ་བ་ལྔ་པོ་གང་ཡང་མ་ཡིན་ཏེ་ཁྲག་གི་སྙིགས་མ་ཡིན་པས་གནོད་བྱའི་ཁོངས་སུ་གཏོགས་པའི་ཕྱིར་དང༌། དེའི་ངོ་བོ་ཆུ་ཚན་ལྟར་གནས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ནད་ཀྱི་མཚན་ཉིད་རེ་རེའི་སྐབས་སུ་ནད་རྟགས་རྣམས་འཆད་པ་ཡང་སྐབས་སུ་བབ་པ་མ་ཡིན་ཏེ། འདིར་ནད་མེད་ཀྱི་ལུས་ཀྱི་ཉེས་པ་རང་བཞིན་སྟོན་པའི་སྐབས་ཡིན་པའི་ཕྱིར། ནད་རྟགས་འོག་ནས་སྟོན་པ་རྣམས་དང་ཟློས་པའི་སྐྱོན་ཡོད་པའི་ཕྱིར། མཚན་ཉིད་དང་མཚོན་བྱའི་འཇོག་ཚུལ་ལ་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཞིག་གི་སྒོ་ནས་འཆད་དགོས་པ་ལས་ཆ་ཙམ་ཡང་མ་ཤེས་པས་གཞུང་གི་ཞབས་འདྲེན་དུ་སོང་བ་ཡིན་ནོ། །ཡང་ཁ་ཅིག་ན་རེ། རླུང་གི་མཚན་ཉིད་རྩུབ་པ་ནི་ནད་སྟོབས་ཚ་བས་རྩུབ་པ་དང༌། ལྕེ་དང་པགས་པ་ལ་སོགས་པའི་རེག་བྱ་རྩུབ་ཅིང་ཡོན་ཏན་འཇམ་པ་སེལ་བར་བྱེད་པ་ཡིན་ལ། ཡང་བ་ནི་ལུས་དང་སེམས་ཡང་བ་དང་གཉིད་སྲབ་སྟེ་ཡང་བ་ལ་སོགས་པའོ། །གྲང་བ་ནི་ལུས་གྲང་ཞིང་དྲོད་དང་བྲལ་བ་ཡིན་ལ། སྲ་བ་ནི་ལུས་ཀུན་ཏུ་སྲ་བས་གྱོང་བར་གནས་པ་དང༌། སྐྲངས་པའི་རིགས་རྣམས་སྲ་ལ་སྨིན་དཀའ་བའོ། །ཕྲ་བ་ནི་རྩ་སྦུབས་ཕྲ་མོ་རྣམས་ལ་རླུང་འཇུག་པ་ཡིན་ཞིང༌། དེའི་རྐྱེན་གྱིས་བ་སྤུ་ལ་སོགས་པ་རྣམས་ལངས་ཤིང་ལུས་བརྩེ་བ་ལ་སོགས་པ་རྣམས་འབྱུང་བ་ཡིན་ནོ། །གཡོ་བ་ནི་འགྲོ་སྙིང་འདོད་པ་དང་གྱེན་དུ་སྐྱུག་པ་དང་གཅིག་ཏུ་མི་བརྟན་པར་འཕེལ་འགྲིབ་ཆེ་སྟེ་རླུང་གི་མཚན་ཉིད་ནི་དྲུག་དང་ལྡན་པ་ཡིན་ནོ། ཞེས་དང༌། མཁྲིས་པའི་མཚན་ཉིད་ནི། བ་སྤུ་དང་གདོང་བ་ལ་སོགས་པ་སྣུམ་བག་དང་བཅས་པ་དང༌། རྣོ་བ་ནི་མཁྲིས་པའི་བདག་ཉིད་ཀྱི་ནད་སྨིན་པ་མྱུར་ཞིང༌། སྐྲངས་པ་ལ་སོགས་པ་ཡང་མྱུར་དུ་རྣག་ཏུ་སྨིན་པར་བྱེད་པ་ཡིན་ནོ། །ཚ་བ་ནི་ལུས་དྲོད་ཆེ་ཞིང་ཚ་ལ་སྐོམ་དད་ཆེ་ཞིང་རྩ་ཆུ་ལ་ཚད་པའི་རྟགས་སུ་སྟོན་པའོ། །ཡང་བ་ནི་གཉེན་པོའི་ཁ་ན་ཡང་ཞིང་འཕྲལ་དུ་བཟློག་སླ་བའོ། །དྲི་མནམ་པ་ནི་རྔུལ་དང༌། དྲི་ཆུ་དང་འཁྲུ་བའི་རྫི་དུག་བར་མནམ་པའོ། །འཁྲུ་བ་ནི་དོན་མེད་པར་འཁྲུ་ཞིང་ཐུར་དུ་འབྱུང་བ་ཡིན་ལ། གཤེར་བ་ནི་སྣབས་དང༌། མཆིལ་མ། ལུད་པ། གཏར་ཁྲག་ལ་སོགས་པ་སླ་བའི་བདག་ཉིད་ཅན་ཏེ། དེ་ལྟར་མཁྲིས་པའི་མཚན་ཉིད་བདུན་དང་ལྡན་པ་ཡིན་ནོ། །ཞེས་དང༌། བད་ཀན་གྱི་མཚན་ཉིད་སྣུམ་པ་ནི་ལུས་སྣུམ་ཞིང་འཁྲུ་སྐྱུག་དང༌། ལུད་པ། གཏར་ཁྲག་ལ་སོགས་པའང་སྣུམ་མདངས་དང་ལྡན་པ་ཡིན་ཞིང༌། བསིལ་བ་ནི་ལུས་ཀུན་བསིལ་ བདང་དྲོད་ཆུང་བ་སྟེ་གྲང་བའི་བདག་ཉིད་དོ། །ལྕི་བ་ནི་ལུས་ལྕི་ཞིང་གཉེན་པོའི་ཁར་ལྕི་བའོ། །རྟུལ་བ་ནི་ནད་རྒྱས་དུས་སུ་རྒྱས་པར་མི་ནུས་པའོ། །འཇམ་པ་ནི་ལྕེ་དང༌། པགས་པ་དང༌། ནད་ཟུག་ཀྱང་ཆུང་སྟེ་འཇམ་པའོ། །བརྟན་པ་ནི་ནད་འགྱུར་ལྡོག་ཆུང་ཞིང་ལུས་ལྕི་བའོ། པགས་པ་དང༌། ནད་ཟུག་ཀྱང་ཆུང་སྟེ་འཇམ་པའོ། །བརྟན་པ་ནི་ནད་འགྱུར་ལྡོག་ཆུང་ཞིང་ལུས་ལྕི་བའོ། །འབྱར་བག་ཅན་ནི་ལུད་པ་འབྱིན་པ་དང༌། བཤང་བ་དང༌། འཁྲུ་སྐྱུག རྣག་ཁྲག་ལ་སོགས་པ་འབྱར་བག་ཅན་དུ་གནས་པ་སྟེ་བད་ཀན་གྱི་མཚན་ཉིད་བདུན་དང་ལྡན་པའོ། །ཞེས་ཟེར་རོ། །འཆད་ཚུལ་འདི་ནི་རླུང་མཁྲིས་བད་ཀན་གསུམ་པོའི་མཚན་ཉིད་དུ་མ་སོང་སྟེ། མཚན་ཉིད་ཀྱི་ཟུར་ཕལ་ཆེར་ལུས་ཀྱི་འགྱུར་བ་འབའ་ཞིག་ལ་སྦྱར་ནས་བཤད་པའི་ཕྱིར། དཔེར་ན་མེ་ཆུ་རླུང་གསུམ་པོ་སོ་སོའི་མཚན་ཉིད་འཆད་པའི་སྐབས་སུ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་བུམ་པའི་གཟུགས་ཀྱི་འགྱུར་བ་འཆད་པ་དང་འདྲ་བས་ཤིན་ཏུ་མི་རིགས་ལ།

སྐབས་འདིར་རླུང་མཁྲིས་བད་ཀན་གྱི་ནད་རྟགས་འཆད་པ་ཡང་རྣམ་པར་འཁྱམས་པ་ཡིན་ནོ། །རྣམ་པར་མ་གྱུར་པའི་དུས་སུ་ཡང་ནད་རྟགས་དེ་རྣམས་འབྱུང་ན་ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །གཞན་ཡང་འདོད་པ་སྔ་ཕྱི་གཉིས་ཀས་རླུང་ལ་མཚན་ཉིད་དྲུག་དང༌། བད་མཁྲིས་གཉིས་ལ་མཚན་ཉིད་བདུན་བདུན་དུ་ཡོད་ཅེས་སྨྲ་བ་ཡང་གཏན་ནས་མི་རིགས་ཏེ། ས་སྐྱ་པཎ་ཆེན་གྱིས། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །ཞེས་གསུངས་པས། མཚོན་བྱ་རླུང་མཁྲིས་བད་ཀན་གསུམ་པོ་ཡང་དྲུག་དང༌། བདུན་བདུན་དུ་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ཁས་ལེན་དུ་རུང་བ་ཡང་མ་ཡིན་ཏེ། རླུང་རང་རྒྱུད་པའི་དབྱེ་བ་གཞི་གཅིག་པུའི་མཚན་ཉིད་དུ་གསུངས་པའི་ཕྱིར། གལ་ཏེ་དབྱེ་བ་བྱས་པའི་ཚེ་ནའང་མི་རུང་སྟེ། རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་པོ་ལ་རང་རང་གི་དབྱེ་བ་ལྔ་ལྔ་ལས་མེད་པའི་ཕྱིར་རོ། །

གཉིས་པ་རང་གི་ལུགས་ནི། གཙོ་ཆེར་ཚིག་དོན་གྱི་སྐབས་ལས་ཤེས་པར་འགྱུར་མོད། འོན་ཀྱང་མཁྲིས་པའི་ངོ་བོ་དེ་ཅི་ལྟ་བུའི་ཚུལ་གྱིས་གནས་སྙམ་ན། དཔེར་ན་རླུང་ནི་ཕྱི་རོལ་གྱི་རླུང་དང་ཆ་མཚུངས་ཤིང༌། བད་ཀན་ཡང་ས་ཆུ་གཉིས་འདུས་པ་དང་ཆ་མཚུངས་པ་དེ་བཞིན་དུ། མཁྲིས་པ་ཡང་ཕྱི་རོལ་གྱི་མེ་དང་ཚུལ་མཐུན་པར་རང་གི་ངོ་བོ་སྣུམ་བཅས་རྣོ་ཞིང་ཚ་བའི་རང་བཞིན་དུ་གནས་པ་ཡིན་ལ། འཁྲུ་ཞིང་གཤེར་བ་དང་དྲི་མནམ་པ་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ་རང་གི་ངོ་བོ་ལ་ཡེ་ནས་མེད་པར་ཤེས་དགོས་སོ། །བད་རླུང་གཉིས་ཀྱི་མཚན་ཉིད་ནི་ཟུར་ཀུན་ཀྱང་རང་གི་ངོ་བོ་འབའ་ཞིག་ལ་གནས་པའི་སྒོ་ནས་བཏགས་པ་ཡིན་ཞིང༌། རླུང་གི་མཚན་ཉིད་ཟུར་དྲུག་ལྡན་དང་བད་མཁྲིས་གཉིས་ཀྱི་མཚན་ཉིད་ལ་ཟུར་བདུན་བདུན་དུ་ཡོད་པ་རྣམས་ལ་མཚན་ཉིད་དྲུག་དང་བདུན་བདུན་དུ་ཡོད་བྱས་ན་དོན་འཕྱོགས་འགྲོ་བས་མཚན་ཉིད་ཀྱི་ཟུར་ཞེས་མཁས་པ་རྣམས་ལ་གྲགས་ལ། རང་རང་གི་མཚན་ཉིད་ཀྱི་ཟུར་དེ་རྣམས་བསྡོམས་པ་ལ་མཚན་ཉིད་ཅེས་བྱ་སྟེ། དཔེར་ན་བུམ་པའི་མཚན་ཉིད་ལ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། ཆུ་སྐྱོར་བའི་དོན་བྱེད་ནུས་པ་ཞེས་འབྱུང་བ་ལྟར་འདིར་ཡང་མཚན་ཉིད་རགས་པ་གསུམ་མ་ཡིན་པར་མཚན་ཉིད་ཀྱི་ཟུར་ཡིན་པའི་ཕྱིར་རོ། །

གཉིས་པ་ཚིག་གི་དོན་ནི། རླུང་གི་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་མ་གྱུར་པའི་རླུང་གི་མཚན་ཉིད་ནི་རང་རང་གི་ངོ་བོ་འཇམ་པ་དང་ལྕི་བ་མ་ཡིན་པའི་རྩུབ་ཅིང་ཡང་བ་དང༌། དྲོ་བ་སྦོམ་པ་དང༌། སྙི་བ་དང་བརྟན་པའི་ངོ་བོ་དང་བྲལ་བས་རང་གི་རང་བཞིན་གྲང་ཞིང་ཕྲ་མོར་གནས་ལ་སྲ་བ་སྟེ་མཁྲེགས་ཤིང་གཡོ་བའི་ངོ་བོར་གནས་པ་ཡིན་ནོ། །རྩུབ་པ་ལ་སོགས་པའི་ཟུར་དྲུག་དང་ལྡན་པའི་མཚན་ཉིད་འདི་ནི་རླུང་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་ནོ། །དེ་བཞིན་རྣམ་པར་མ་གྱུར་པའི་མཁྲིས་པའི་མཚན་ཉིད་ནི། སྐྱ་བ་ལས་ཅུང་ཟད་བཟློག་པས་སྣུམ་པ་དང་བཅས་པས་རྟུལ་བ་དང་བསིལ་བའི་རང་བཞིན་ལས་གོ་བཟློག་པས་རྣོ་ཞིང་ཚ་བ་དང༌། ལྕི་བ་མེད་པའི་ཡང་བའི་ངོ་བོར་གནས་ཤིང་དྲི་མ་མེད་པ་རྣམས་དང་སྐམ་པའི་ལས་མི་ལྡན་པས་དྲི་མི་ཞིམ་པ་རྣམ་པར་བྱེད་པ་དང༌། ས་ཆུའི་རང་བཞིན་གྱི་སྨན་ཟས་འགའ་ཞིག་དང་འཕྲད་པའི་ཚེ། ཐུར་དུ་འཁྲུ་ཞིང་གཤེར་བའི་བྱ་བ་བྱེད་པ་ཡིན་ནོ། །སྣུམ་པ་དང་བཅས་པ་ལ་སོགས་པའི་ཟུར་བདུན་དང་ལྡན་པའི་མཚན་ཉིད་འདི་ནི་མཁྲིས་པ་ཁོ་ནའི་ཁྱད་པར་གྱི་ཆོས་སོ། །རྣམ་པར་མ་གྱུར་པའི་བད་ཀན་གྱི་མཚན་ཉིད་ཀྱང༌། སྐྱ་བ་དང་ཚ་བ་ལས་རིང་དུ་ཉམས་པས་སྣུམ་ཞིང་བསིལ་བ་དང༌། ཡང་རྣོ་རྩུབ་གཡོ་རྣམས་ཀྱི་རང་བཞིན་དང་བྲལ་བས་ལྕི་རྟུལ་འཇམ་བརྟན་གྱི་ངོ་བོར་གནས་ཤིང༌། རྣམ་པ་འབྱར་བག་ཤིན་ཏུ་ཆེ་བ་བེ་སྣབས་ཅན་གྱི་ཚུལ་དུ་གནས་པ་ཡིན་ནོ། །ཤིན་ཏུ་སྣུམ་པ་ལ་སོགས་པ་ཟུར་བདུན་དང་ལྡན་པའི་མཚན་ཉིད་འདི་ནི་བད་ཀན་ཁོ་ནའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་བའོ། །ཞེས་བྱ་བའི་དོན་ཏོ། །

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 12:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།