སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་འཁོར་རྣམས་མ་ལུས་ཉོན། །ལུས་ཀྱི་མཚན་ཉིད་རྣམ་པ་གཉིས་ཡིན་ཏེ། །གནོད་བྱ་ཁམས་དང་གནོད་བྱེད་ཉེས་པའོ། །ལུས་ཟུངས་དྲི་མ་ནད་དང་རྣམ་པ་གསུམ། །ཕན་ཚུན་གཅིག་ལས་(ལ་)ཅིག་(གཅིག་)བརྟེན་རག་ལུས་པ། །ཆགས་གནས་འཇིགས་(འཇིག་)པའི་རྟགས་སུ་རྩ་བ་ཡིན། །

དང་པོ་གནོད་[བྱ་]ཁམས་དང་བྱེ་བྲག་ལས། །མེ་དྲོད་འགྱུར་དུས་འབྲས་བུ་རྫོགས་དུས་སོ། །གནོད་བྱའི་དབྱེ་བ་ཟུངས་དང་དྲི་མ་གཉིས། །ལུས་ཟུངས་དང་མ་ཁྲག་དང་ཤ་ཚིལ་དང་། །རུས་པ་རྐང་མར་ཁུ་བ་བདུན་དུ་བཤད། །དྲི་མ་བཤང་ལྕི་(གཅི་)རྔུལ་ལ་སོགས་པ་ཡིན། །དེ་ལ་དངས་མས་གནོད་བྱ་འཕེལ་བར་བྱེད། །ཁྲག་གིས་བརླན་ཞིང་སྲོག་འཚོ་ཤ་ཡིས་གཡོགས། །ཚིལ་གྱིས་སྣོམ་(སྣུམ་)ཞིང་རུས་པས་བརྟེན་(བརྟན་)པར་བཤད། །རྐང་གིས་བཅུད་འགྱུར་ཁུ་བས་མངལ་འཛིན་བྱེད། །བཤང་ལྕིས་(གཅིས་)རྟེན་འདྲུལ་འབྱིན་པར་བྱེད་པ་སྟེ། །རྔུལ་གྱིས་ལྤགས་པ་མཉེན་ཞིང་བ་སྤུ་བརྟེན། །མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། །འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། །ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང༌། །ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་གནས་སྒོར་འཇུག་ཟས་ལམ་སྒོ་གཏན་ཡིན། །དེ་སྟོབས་ལྡན་ནས་ཞུ་གནས་ཐུར་འགྲོ་སྟེ། །སྟོབས་ཞན་ཁ་ཟས་མ་སྨས་(སྨིན་)ཉིད་ཕྱིར་འབྱུང༌། །མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས། །སྟོབས་རྒྱས་འཕེལ་བར་བྱེད་པའི་གཞི་ཡིན་སྟེ། །མ་ཞུ་དང་(དྭངས་)སོགས་རྒྱས་པར་མི་འགྱུར་ཕྱིར། །ཟས་སྐོམ་སྤྱོད་ལམ་ཡང་ལ་དྲོ་བ་ཡིས། །འབད་དེ་མེ་དྲོད་བསྲུང་བ་གནས་འགྱུར་ནས། །ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་གྱུར། །མེ་དྲོད་དེ་ཡི་ཁ་ཟས་འཇུ་ཚུལ་ནི། །ཟས་སྐོམ་སྲོག་གི་རླུང་གིས་ལྟོ་བར་བཅུག །སྐོམ་གྱིས་བཤིག་ཅིང་སྣུམ་གྱིས་མཉེན་པར་བྱེད། །མེ་མཉམ་རླུང་གིས་མཁྲིས་པ་བཞུ་བྱེད་ནུས། །ཕོ་བའི་གནས་སུ་སྨན་ལྟར་བསྐོལ་བར་བྱེད། །དང་པོར་རོ་དྲུག་ཟས་སྐོམ་གང་ཟོས་པ། །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། །རོ་མངར་ལྦུ་བ་ཅན་འགྱུར་བད་ཀན་བསྐྱེད། །བར་དུ་མཁྲིས་པ་བཞུ་བྱེད་ཀྱིས་བཞུས་པ། །རྣམ་པར་ཚ་བས་རོ་སྐྱུར་མཁྲིས་པ་བསྐྱེད། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིག་འབྱེད། །ཁ་བར་འགྱུར་ཏེ་དེ་ཡིས་རླུང་བསྐྱེད་འགྱུར། །འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །འགྱུར་ཚུལ་ཞུ་རྗེས་དངས་སྙིག་བྱེ་བ་ལས། །སྙིགས་མ་རྒྱུ་བར་(མར་)གར་སླ་གཉིས་སུ་ཕྱེ། །སྐ་བ་བཤང་འགྱུར་སླ་བ་གཅིན་དུ་འགྱུར། །དངས་མ་ལུས་ཟུངས་རང་རང་མེ་དྲོད་ཀྱིས། །སྨིན་པར་འགྱུར་ཏེ་དངས་མ་ཕོ་བ་ནས། །དངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། །མཆིན་པའི་གནས་སུ་ཁྲག་འགྱུར་ཁྲག་ལས་ཤ །ཤ་ལས་ཚིལ་འགྱུར་ཚིལ་ལས་རུས་པར་འགྱུར། །རུས་ལས་རྐང་འགྱུར་རྐང་ལས་ཁུ་བར་འགྱུར། །དེ་རྣམས་རྩིག་མ་ཕོ་བའི་བད་ཀན་དང༌། །སྣོད་མཁྲིས་བུ་གའི་དྲི་མ་ཞགས་དང་ནི། །སོ་སེན་བ་སྤུ་བཤང་སྣུབ་(སྣུམ་)མངལ་འཛིན་ཡིན། །ལུས་བཟུང་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། །སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང༌། །ཚེ་གནས་གཟི་མདངས་བཀྲགས་དང་ལྡན་པར་བྱེད། །དེ་དག་འབྲས་བུ་རྫོགས་དུས་ཟས་ཟོས་པའི། །དངས་མ་ཁུ་བར་འགྱུར་དུས་ཞག་དྲུག་སྟེ། །རོ་ཙ་ལ་སོགས་འཕྲལ་དུ་ཁུ་བ་བསྐྱེད། །སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར། །

གནོད་འཚེ་(བྱེད་)ཉེས་པ་བརྒྱད་དེ་དབྱེ་བ་དང༌། །མངལ་དུ་གནས་ཚུལ་རང་བཞིན་མེ་དྲོད་དང༌། །ལྟོ་བ་གནས་དང་ལས་དང་མཚན་ཉིད་དོ། །དབྱེ་བ་རླུང་དང་མཁྲིས་པ་བད་ཀན་གསུམ། །རྒྱུ་དང་ངོ་བོ་དཔེ་དང་འབྲས་བུ་དང༌། །གཉེན་པོའི་སྒོ་ནས་གྲངས་དང་གོ་རིམ་གྲུབ། །རྣམ་པར་མ་གྱུར་ལུས་གནས་གྱུར་པས་འཇོམས། །རླུང་ལས་(ལ་)དབྱེ་ནས་(ལ་)སྲོག་ནི་འཛིན་གྱེན་རྒྱུ་དང༌། །ཁྱབ་བྱེད་མེ་མཉམས་(མཉམ་)ཐུར་སེལ་རྣམ་པ་ལྔ། །མཁྲིས་པའི་དབྱེ་བ་འཇུ་བྱེད་མདངས་བསྒྱུར་དང༌། །སྒྲུབས་(སྒྲུབ་)བྱེད་མཐོང་བྱེད་མདོག་གསལ་རྣམ་པ་ལྔ། །བད་ཀན་དབྱེ་བ་རྟེན་བྱེད་མྱག་བྱེད་དང༌། །མྱོང་བྱེད་ཚིམ་བྱེད་འབྱོར་བྱེད་རྣམ་པ་ལྔ། །དེ་ཉིད་མངལ་དུ་གནས་པའི་ཚུལ་བསྟན་པ། །སྐྱེ་བའི་དང་པོ་ཁུ་བ་ཁྲག་ལ་གནས། །དཔེར་ན་དུག་ཅན་སྲིན་པོའི་དུག་དང་མཚུངས། །ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། །ཉེས་པ་ལྷག་གྱུར་རང་བཞིན་མདུན་(བདུན་)དུ་འགྱུར། །རླུང་དང་(ཆུང་)མཁྲིས་པ་འབྲིང་ལ་བད་ཀན་ཆེ། །འདུས་པ་མཆོག་ཡིན་ལྡན་པ་(བར་)མར་འགྱུར། །དེ་བཞིན་ཕོ་བའི་མེ་དྲོད་བཞིར་འགྱུར་ཏེ། །རླུང་གིས་མི་སྙོགས་(སྙོམས་)མཁྲིས་པས་རྣོ་བ་དང༌། །བད་ཀན་ཆུང་སྟེ་འདུས་པ་མཉམ་པར་འགྱུར། །ལྟོ་བ་རླུང་གིས་སྲ་ལས་(ལ་)མཁྲིས་པས་སྙི། །བད་ཀན་གྱིས་ནི་ལྟོ་བ་བར་མར་འགྱུར། །གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ཁ་དང༌། །ལྟེ་བའི་འོག་བར་ལྟེ་(སྟེང་)ནས་མས་རིམ་གནས། །ཉེས་པའི་ལས་ནི་རླུང་གིས་དབུགས་འབྱིན་རྔུབ། །བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་འཚེ་རྒྱུ། །དབང་པོ་གསལ་དང་ལུས་རྗེས་འབྱིན་(འཛིན་)པར་བྱེད། ། འཁྲིས་པས་བཀྲེས་སྐོམས་ཟས་ལེན་འཇུ་བ་དང༌། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་ལྡན་བྱེད། །བད་ཀན་ལུས་དང་བློ་བརྟན་གཉིད་ལོག་དང༌། །ཚིག་(ཚིགས་)བྲོང་(འབྲེལ་)བཟོད་ཅིང་ལུས་འཇམ་སྣུམ་པར་བྱེད། །ཁྱེད་(ཁྱད་)པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས། །གྲེ་བ་བྲང་ལ་རྒྱུ་ཞིང་ཟས་སྐོམ་མིད། །དབུག་རྔུབ་མཆིལ་འདོར་སྦྲིད་པ་སྒྲེགས་པ་འབྱིན། །བློ་དང་དབང་པོ་གསལ་ཞིང་སེམས་འབྱིན་བྱེད། །གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས། །སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་པས། །སྟོབས་མདངས་ཁ་དོགས་འབད་རྩོལ་དྲན་གསལ་བྱེད། །ཁྱབ་བྱེད་རླུང་དེ་སྙིང་ལ་གནས་པ་དེ། །ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོགས་འགྲོ། །བརྐྱངས་བསྐུམས་འབྱེད་འཛུམ་བྱ་བ་ཕལ་རག་གསུམ། །མེ་དང་མཉམས་པའི་རླུང་ནི་ཕོ་བར་གནས། །ནང་གྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། །དྭངས་སྙིགས་འབྱེད་ཅིང་གནོད་བྱ་སྨིན་པར་བྱེད། །ཐུལ་(ཐུར་)དུ་སེལ་བའི་རླུང་ནི་གཞོང་(གཞང་)ལ་གནས། །ལོང་དང་ལྒང་པ་གསང་བ་བརླ་ནང་རྒྱུ། །ཁུ་ཁྲག་བཤང་ལྕི་(གཅི་)མངལ་ནང་འབྱིན་སྡོམ་བྱེད། །འཇུ་བྱེད་ཞུ་དང་མ་ཞུའི་བར་ན་གནས། །ཟས་འཇུ་དངས་སྙིགས་འབྱེད་ཅིང་ལུས་དྲོད་དང༌། །ལྷག་མ་བཞི་ཡི་གྲོགས་དང་སྟོབས་སྐྱེད་བྱེད། །མཁྲིས་པ་མདལ་སྐྱུར་(མདངས་སྒྱུར་)མཆིན་པར་གནས་པ་སྟེ། །དངས་མ་ལ་སོགས་ཁ་དོག་མ་ལུས་སྒྱུར། །མཁྲིས་པ་སྒྲུབས་བྱེད་སྙིང་ལ་གནས་པ་སྟེ། །ཡིད་གཞུང་ང་རྒྱལ་བློ་དང་འདོད་པ་སྒྲུབས། །མཐོང་བྱེད་མིག་ལ་གནས་ནས་གཟུགས་མཐོང་བྱེད། །མདོག་གསལ་ལྤགས་གནས་པགས་མདོག་གསལ་བར་བྱེད། །བད་ཀན་རྟེན་བྱེད་བྲང་ལ་གནས་པ་དེ། །ལྷག་མ་རྣམས་ཀྱི་རྟེན་དང་ཆུ་ལས་བྱེད། །བད་ཀན་མྱག་བྱེད་མ་ཞུ་བ་ལ་གནས། །ཟས་སྐོམ་མྱག་ཅིང་འདྲུལ་བར་བྱེད་པ་ཡིན། །བད་ཀན་མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། །ཚིམ་བྱེད་མགོར་གནས་དབང་པོ་ཚིམས་པར་བྱེད། །བད་ཀན་འབྱོར་བྱེད་ཚིགས་མིག་ཀུན་ལ་གནས། །ཚིགས་རྣམས་འབྱོར་བྱེད་བརྐྱངས་བསྐུམས་བྱེད་བྱེད་ཡིན། །ཉེས་པའི་མཚན་ཉིད་རླུང་མཁྲིས་བད་ཀན་གསུམ། །རླུང་གི་མཚན་ཉིད་རྩུབ་ཅིང་ཡང་བ་དང༌། །གྲངས་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་ཡིན། །མཁྲིས་པའི་མཚན་ཉིད་རྣུམ་(སྣུམ་)བཅས་རྣོ་ཞིང་ཚ། །ཡང་ཞིང་དྲི་མནམ་འཁྲུལ་(འཁྲུ་)ཞིང་གཤེར་བ་ཡིན། །བད་ཀན་མཚན་ཉིད་སྣུམ་ཞིང་བསྲེལ་(བསིལ་)བ་དང༌། །ལྕི་བཏུལ་(རྟུལ་)འཇམ་བརྟེན་(བརྟན་)འབྱར་བག་ཅན་དུ་གནས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།