སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།



ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ། 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེད་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རླུང་མཁྲིས་བད་ཀན་བཅོས་ཐབས་དེ་ལྟར་ན། །འདུས་པའི་ནད་ལ་གསོ་ཐབས་ཇི་ལྟར་བགྱི། །མཚོན་བྱེད་མིང་དང་དབྱེ་བ་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།  སྟོན་པས་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།  འདུས་པའི་ནད་ལ་གསུམ་གས་བཅོས་པ་སྟེ། །འོན་ཀྱང་རང་བཞིན་རྒྱུ་ཡིས་འདུས་པ་དང༌། །བྱུང་ཚུལ་དུས་གྱི་སྒོ་ནས་འདུས་པ་དང༌། །འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་གསུམ། །ཕྱི་མ་མ་སྨིན་ཚ་བ་དུག་ནད་དེ། །དང་པོ་མཚོན་བྱེད་བད་ཀན་སྨུག་པོར་བཏགས། །དེ་ལ་རྒྱུ་རྐྱེན་གནས་དུས་རིགས་དང་རྟགས། །བཅོས་པའི་ཐབས་དང་རྗེས་བཅད་བརྒྱད་དུ་བཤད།།

རྒྱུ་ནི་བད་ཀན་ཁྲག་མཁྲིས་རླུང་དང་བཞི། །ནད་ཀུན་འདུས་ཕྱིར་འདུས་ནད་རྟགས་བཅོས་དཀའ། །དེ་ལ་སྐྱེད་པའི་རྐྱེན་ནི་ཚ་གྲང་གཉིས། །ཚ་རྐྱེན་འགྲམས་ཁྲག་ལྷག་དང་མཚོན་ཁྲག་ལུས། །དེ་ཉིད་མཆིན་པའི་སྟེང་དུ་ལྷུང་བའམ། །ཚ་སྐྱུར་ཟས་ཀྱིས་ཁྲག་འཕེལ་མཆིན་པ་རྒྱས། །དེ་དག་ཟུངས་སུ་འགྱུར་དུ་མ་འདོད་པར། །མཆིན་གནས་ཕོ་བར་བབས་པས་བད་ཀན་འདྲེས། །ཁྲག་དང་བད་ཀན་རུལ་ནས་རྒྱུ་མར་ལྷུང༌། །མཁྲིས་པར་འདྲེས་པས་ཁ་དོག་དུད་ཁུར་འགྱུར། །དེ་ཉིད་ལོང་དུ་འཕྱུགས་པས་རླུང་དང་བསྡོངས། །དེ་ལ་སྨུག་པོ་ཡས་བབས་ཞེས་སུ་འདོད། །གྲང་རྐྱེན་འཇུ་དཀའ་མི་འཕྲོད་ཟས་བསྟེན་པས། །ཕོ་བར་མ་ཞུ་དེ་ཡིས་བེ་སྣབས་འཕེལ། །མེ་མཉམ་རླུང་དང་འཇུ་བྱེད་མཐུ་ཉམས་པས། །དྭངས་སྙིགས་མ་ཕྱེད་མཆིན་པའི་གནས་སུ་ཤོར། །ཟུངས་སུ་མ་གྱུར་ཁྲག་ངན་མཆིན་པར་རྒྱས། །ཁ་ལུད་གོང་བཞིན་ཕོ་བར་ལྷུང་བ་དེ། །མ་ཞུས་རྒྱུ་བྱས་བད་ཀན་གྲང་ཤས་ཆེ། །སྨུག་པོ་གབ་པས་ཝ་ལྟར་གཞའ་བར་བྱེད། །དེ་ལ་སྨུག་པོ་མས་ཆགས་ཞེས་བྱར་འདོད།།

སྨུག་པོའི་གནས་ལ་རང་གནས་གཞན་གནས་གཉིས། །རང་གནས་ཕོ་མཆིན་རྒྱུ་ལོང་རྣམ་པ་བཞི། །ཕོ་བར་གནས་པས་བད་ཀན་ནད་དང་འདྲ། །མཆིན་པར་གནས་པས་ཁྲག་གི་ནད་དང་འདྲ། །རྒྱུ་མར་གནས་པས་མཁྲིས་པའི་ནད་དང་འདྲ། །ལོང་དུ་ལྷུང་བས་རླུང་གི་ནད་དང་འདྲ། །གནས་གཞན་བྱེར་ལ་ཕྱི་ནང་རྣམ་པ་གཉིས། །ཕྱི་གནས་ཤར་རྒྱས་ལྤགས་གྲམ་ས་བདག་འདྲ། །རྩར་བྱེར་དུག་འདྲ་ཚིགས་ལ་གྲུམ་བུར་བྱེད། །ནང་གནས་སྲོག་རྩ་མཆིན་ལམ་ཁྲག་ལ་ཞོན། །སྲོག་རྩ་རྫོང་ལ་ཚིགས་པ་མཁར་དུ་འདོད། །ཡར་ལ་མགོ་ལ་འཕྱུར་བས་མགོ་ནད་བྱེད། །གློ་ལ་གློ་ནད་སྙིང་ལ་སྙིང་རླུང་བྱེད། །མཆེར་པར་མཆེར་ནད་མཁལ་མར་མཁལ་ནད་བྱེད།།

སྨུག་པོའི་དུས་གསུམ་དང་པོ་ཚ་བའི་དུས། །བར་དུ་ཚ་གྲང་འཐབ་པའི་དུས་ཡིན་ཏེ། །ཐ་མ་གྲང་བ་ལྷིང་ཆད་པ་དང་གསུམ། །དང་པོ་སྨུག་པོ་ཚ་བ་སྐྱེས་པ་ལས། །ཁྲག་མཁྲིས་འཕེལ་བས་རྒྱས་ཏེ་ཚ་བའི་དུས། །གྲང་བ་སྐྱེས་ན་དང་པོ་རང་གནས་གབ། །བར་དུ་ཁྲག་མཁྲིས་ཚ་ལ་བད་རླུང་གྲང༌། །དེ་དག་ཤེད་སྙོམས་ཚ་གྲང་འཐབ་པར་བྱེད། །ཐ་མར་ཁྲག་མཁྲིས་ཚ་བའི་སྟོབས་ཟད་ནས། །བད་རླུང་རྒྱས་པས་གྲང་བར་འགྱུར་བ་ཡིན།།

སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིངས་འདྲིལ་བཞི། །བྱེར་ལ་ཕྱིར་བྱེར་བ་དང་ནང་བྱེར་གཉིས། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །སྨུག་པོ་འགྱིངས་ལ་གབ་དང་མ་གབ་གཉིས། །སྨུག་པོ་འདྲིལ་ལ་གསར་དང་རྙིང་པ་གཉིས།།

དེ་རྣམས་བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རྩ་ཆུ་ནད་རྟགས་ལོ་མ་དང༌། །ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་བཞི། །རྩ་ལ་ངོས་བཟུང་སྦོམ་ཁེངས་ཀན་རྩ་ཞར། །གྲང་བས་བསྐྱེད་ན་ཕལ་ཆེར་ཕྲ་ལ་གུད། །ཆུ་མདོག་སྨུག་དུགས་སྐ་ལ་རྙོག་མ་ཅན། །ཡང་ན་དམར་སྨུག་ལྗང་ཡང་སྲིད་པ་ཡིན། །ན་ལུགས་ཕོ་མཆིན་ཁ་འཁོར་རོ་རྒྱབ་སྦྲག །ལུས་ལྕི་བྱིན་པ་མི་ཐེག་སྒལ་ཚིགས་ན། །དང་ག་མི་བདེ་ཁ་མངལ་ཉ་དྲི་བྲོ། །བྲང་ཚ་སྐྱུག་སྙམ་བྱེད་ཅིང་སྐྱུག་པ་དཀའ། །སྐབས་སུ་ཁོང་ཚ་མགོ་དང་མིག་རུས་ན། །རྔུལ་གྲང་རྗེས་ལ་གླང་ཐབས་ལྡང་བ་དང༌། །དྲི་མ་སྨུག་ལ་སྐམ་ཞིང་ཤ་རིལ་འདྲ། །འགྲངས་ཀྱང་ན་ལ་ལྟོགས་ཀྱང་ན་བ་དང༌། །གྲང་ཡང་ན་ལ་དྲོས་ཀྱང་ན་སྙམ་བྱེད། །དོན་མེད་ན་ལ་བྱས་པ་མེད་པར་དྲག །ཕལ་ཆེར་སྟོན་དཔྱིད་དུས་ན་ལྡང་བ་ཡིན། །འདི་ལ་དུས་ཀྱི་ལོ་མ་རྣམ་གསུམ་འབྱུང༌། །དང་པོ་འཇུག་དུས་ཆུ་ཚན་ཆུ་སྐྱུར་སྐྱུག །བར་དུ་སྨིན་ནས་སེར་པོ་རྒྱ་བཤལ་སྐྱུག །ཐ་མར་རྒྱས་ནས་ཁྲག་རུལ་དུད་ཁུར་སྐྱུག །གསར་ཐོག་འབྲུ་དང་གྲོ་ཡོས་ཕྱེ་སུངས་ཟན། །མར་རྙིང་ཁྲག་ཚོད་འབྲུ་མར་ར་ཤ་དང༌། །གནག་ཤ་རུལ་སུངས་ཉ་ཕག་ཤ་བེམ་དང༌། །ཆང་སྐྱུར་སྒོག་སྐྱ་ཞོ་མ་ལངས་ལ་སོགས། །སྣུམ་ལྕིའི་ཟས་དང་བསིལ་དྲོད་དྲགས་པ་གནོད། །གནའ་དགོ་བ་ལང་ཤ་གསར་རྙིང་པའི་འབྲུ། །སྲན་མ་བ་ར་མཛོ་ཞོ་དར་བ་དང༌། །ཉ་ཤ་ཕག་ཤ་སོལ་བ་ལ་སོགས་པ། །ཟས་སྐོམ་ཡང་རྩུབ་བསིལ་དྲོད་སྙོམས་པ་འཕྲོད། །བྱེ་བྲག་གནས་ས་ཡུལ་ལ་བརྟག་པ་དང༌། །གནས་སྐབས་དུས་དང་ནད་རིགས་སྒོ་ནས་བརྟག །དང་པོ་གནས་ས་ཕོ་མཆིན་རྒྱུ་ལོང་བཞི། །ཕོ་བར་གནས་ཚེ་སྒྲེག་སྐྱུག་ཟོས་རྗེས་ན། །འཇུ་དཀའ་ཆང་རྒན་ཆང་གསར་ཤི་ཤ་གནོད། །ཧ་ཅང་དྲོད་དྲགས་རླན་གྲང་དུས་ན་ལྡང༌། །མཆིན་པར་གནས་ཚེ་མཆིན་དྲི་རོ་རྒྱབ་ན། །ཚིགས་པ་བཀན་ཞིང་མཉེས་ན་ཕན་སྙམ་བྱེད། །མེ་ཉི་དྲོད་བཅུད་རུལ་སྐྱུར་དག་ལས་ལྡང༌། །མཆིན་པར་རྒྱས་ན་སྲ་ཁེངས་སྐྲན་ལྟར་ན། །རྒྱུ་མར་གནས་ཚེ་ན་ཞིང་འགྱུ་བ་དང༌། །འདྲིལ་ནས་ན་ཞིང་མིག་དང་ཆུ་མདོག་སེར། །ལོང་དུ་གནས་ཚེ་སྦོ་འཁྲོག་འུར་བ་དང༌། །དགོང་དང་སྐྱུར་འཐུངས་དུས་ན་ཁྱད་པར་སྦོ། །ཐུར་རླུང་དྲི་ཆེ་དྲོད་འཕྲོད་གྲང་བ་གནོད། །དུས་ཀྱི་བརྟག་པ་དང་པོ་ཚ་བའི་དུས།  རྩ་གྲིམས་ཆུ་མདོག་སྨུག་ལ་དྲི་རླངས་ཆེ། །ལྕེ་སྐམ་གྱོང་ལ་ཁ་ཁ་དང་ག་འགག །ལུས་ལྕི་གཉིད་ཆེ་གདོང་སྣུམ་མིག་སྤྲིན་དམར། །མཆིན་དྲི་རོ་རྒྱབ་གཉིས་སུ་སྦྲག་ཅིང་གཟེར། །མགོ་དང་མིག་རུས་ན་ཞིང་མཚོག་མ་ལྕི། །མེ་དང་ཉི་མས་དྲོས་ཚེ་ཁྱད་པར་ན། །རུལ་སྐྱུར་དྲག་ཤུལ་རྗེས་ལ་ལྡང་བ་ཡིན། །དེ་ཉིད་སྨུག་པོའི་ཚ་བ་རྒྱས་ཞེས་བྱ། །འཐབ་པ་སྨུག་པོས་མཉམ་གནས་ལམ་བགགས་པས། །མཉམ་གནས་སྣོད་ཀྱི་རྩ་ནང་ཀུན་ཏུ་ཞུགས། །རླུང་ཁྲག་ཕར་འབོར་ཚུར་འབོར་འདེད་ཅིང་རྒྱུ། །དུས་མེད་རྒྱུན་དུ་ཟུག་ཆེ་གླང་ཐབས་ལྡང༌། །ཉིན་མོ་ཅུང་བདེ་མཚན་མོ་རྒྱུན་དུ་ན། །ལྟོགས་ཤིང་དུགས་བྱས་དུས་ན་བདེ་སྙམ་བྱེད། །ཤ་ཞུ་པགས་པ་སྐམས་ལ་རྩ་རྣམས་རྒྱས། །བསིལ་དྲོད་ཟས་སྨན་ཅིས་ཀྱང་ཕན་གནོད་ཆུང་། །འདི་ནི་སྨུག་པོ་འཁྲུགས་པ་ཞེས་བྱ་སྟེ། །གསོ་དཀའ་ཕལ་ཆེར་འཆི་བ་མང་བ་ཡིན། །ཐ་མར་ལུས་གྲང་ཉམ་ཆུང་ཟས་མི་འཇུ། །སྒྲེག་སྐྱུག་འགྲངས་རྗེས་ན་ལ་འཁྲུ་ཡང་སྲིད། །སྦོ་འཁྲོག་འགྱིང་ཞིང་ཆུ་དང་སིངས་གླེག་གནོད། །རིགས་ཀྱི་སྒོ་ནས་བརྟག་ན་བྱེར་བ་ནི། །མགོ་དང་མིག་རུས་ན་ཞིང་ལུས་ཀུན་བརྩེ། །ལུས་ལྕི་སྒྱིད་པ་སྐྱུར་ལ་ཤེད་ཉམ་འབྲི། །མཆིན་དྲི་རོ་རྒྱབ་རྩིབ་ལོགས་གཟེར་ཞིང་འཁྱུག །སྒལ་ཚིགས་བརྫིས་ན་ཕན་སྙམ་བཤུལ་ཤ་འཕྲིག །ལུད་པ་ཁྲག་བཅས་སྨུག་པོ་ལུ་བར་བྱེད། །མཁལ་རྐེད་བརླ་སུལ་ཚིགས་གཞི་བྱིན་ཉྭ་ན། །ངེས་མེད་འཕོ་ཞིང་ན་ལ་སྐྱུག་སྙམ་བྱེད། །ཁྱད་པར་མགོ་ལ་བྱེར་ན་མཚོག་མ་ལྕི། །མིག་རུས་ན་ཞིང་སྣ་ཁྲག་མི་ཆོད་འཛག །སྙིང་ལ་བྱེར་ན་སྨྱོ་འདར་སྙིང་མི་དགའ། །གཉིད་མེད་ཆང་འཐུངས་དུས་ན་སྲན་མི་བཟོད། །སྟོད་རྒྱངས་དྲོད་བཅུད་མེ་བཙས་ཕན་སྐྱེད་མེད། །གློར་བྱེར་རོ་རྒྱབ་ཚ་ལྕི་དུམ་རེ་ན། །ལུད་པ་ཁྲག་བཅས་སྨུག་ཁམ་ཡུན་དུ་འབྱུང༌། །གཏར་སྨན་གློ་བཅོས་སྐྱེད་མེད་དྲོད་བཅུད་གནོད། །མཆེར་པར་བྱེར་པ་གཡོན་གཟེར་དྲོས་ཚེ་ན། །ཞེ་འཁུན་བྱེད་ཅིང་གདོང་པ་སྨུག་པོར་འགྲོ། །མཁལ་བྱེར་རྐེད་པ་འཁོར་ཞིང་རྐང་པ་ལྕི། །བརླ་སུལ་མཁལ་རྩ་འཕྲིག་ཅིང་ཆུ་མདོག་དམར། །བསམ་སེར་བྱེར་ན་ཕོ་མོའི་མཚན་མ་ནས། །ཁྲག་རྣག་མི་ཆོད་རྒྱུན་དུ་འབྱམས་པ་ཡོད། །ཤ་ལྤགས་ལ་བྱེར་ཀོ་ལེར་ཚ་ཞིང་ན། །རྩར་བྱེར་རྩ་རྒྱས་མདོག་ནག་སྦྲིད་ཅིང་སྐྲངས། །ཚིགས་བྱེར་བརྐྱང་བསྐུམ་དཀའ་ཞིང་ཚིགས་མགོ་སྦོམ། །ལྕི་ཞིང་དྲོད་ཆེ་བཅུད་གནོད་གྲུམ་རྟགས་ན། །མཁར་བྱེར་ཚིགས་པའི་རྒྱུད་ན་བཤུལ་ཤ་འཕྲིག །ཁ་བྱེ་མནན་བཙིར་བཀན་ན་ཕན་སྙམ་བྱེད། །དེ་ལྟར་བྱེར་རྟགས་སྣ་ཚོགས་ཅི་འདྲ་ཡང་། །མདོར་ན་ཕོ་མཆིན་ནད་དང་བསྡོངས་པས་ཤེས། །རེ་མོས་ན་འམ་སྔར་དུས་ཕོ་མཆིན་ན། །ཕྱིས་གཞན་ནད་བྱུང་སྔར་ནད་མེད་ན་ངེས། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །མ་རྡོལ་སྨུག་པོའི་ཁྲག་ཚད་རྒྱས་པའི་རྟགས། །དང་པོ་ཚ་བའི་དུས་ཀྱི་སྐབས་སུ་བསྟན། །ཤིན་ཏུ་རྒྱས་ན་ཁྲག་རུལ་རྡོལ་འགྱུར་ཏེ། །དེ་ཡང་མ་ཞུའི་གནས་རྒྱས་དུད་ཁུ་སྐྱུག །ཞུ་བའི་གནས་སུ་རྒྱས་ན་ཁྲག་ནག་འཁྲུ། །བར་དུ་རྒྱས་ན་གཉིས་ཀར་རྡོལ་བར་འགྱུར། །གྱེན་ཐུར་གཉིས་པོ་གང་དུ་རྡོལ་གྱུར་ཀྱང༌། །དེ་ལ་ཁྲག་ལམ་ཆོད་དང་མ་ཆོད་གཉིས། །ངོ་བོ་ཟད་དང་རྣམ་པ་གསུམ་དུ་འགྱུར། །ལམ་ཆོད་ཟུངས་ཁྲག་མ་ཤོར་ནད་ཁྲག་ཐོན། །ཟུག་མེད་ལུས་ཡང་དང་ག་བདེ་ན་འཚོ། །ཁྲག་ལམ་མ་ཆོད་མང་དུ་སྐྱུགས་ཁྲུས་རྗེས། །ཁྲག་ནག་དུད་ཁུ་མ་ཟད་བདེ་སྟོབས་མེད། །དང་ག་འགགས་ན་ཕལ་ཆེར་གསོ་བ་དཀའ། །ངོ་བོ་ཟད་པ་ཕལ་ཆེར་ཟུངས་ཁྲག་ཤོར། །ཆུ་དམར་ལྦུ་བ་ཆེ་ལ་རྩ་སྟོང་རྒྱུག །གློ་སྙིང་མི་བདེ་དབུགས་འདེག་སྐྲ་འདབ་འདར། །ལྕེ་མཆུ་སེན་མོའི་བཀྲག་ཤོར་གདོང་པ་སེར། །སྐེ་རྩ་སྤྲུག་ཅིང་བོལ་གོང་ཅུང་ཟད་གཡོ། །སྐོམ་དད་ཆེ་ལ་སྙིང་ལ་གྲང་མོ་འདོད། །ཕལ་ཆེར་འཆི་ལ་འཚོ་བ་འགའ་འབྱུང་སྲིད། །སྨུག་པོ་འགྱིངས་ལ་གབ་དང་མ་གབ་གཉིས། །མ་གབ་རྟགས་དང་བཅོས་ཐབས་སྤྱི་དང་འདྲ། །གྲང་བས་མགོ་བྱིབས་སྣོད་ཚད་གབ་པ་ནི། །རྩ་རྒྱུད་ཕྲ་ལ་བྱིང་ཞིང་ཆུ་མདོག་ལྗང༌། །ལུས་ལྕི་སྒྱིད་པ་སྐྱུར་ལ་དང་ག་འགྲིབ། །མཆིན་དྲི་རོ་རྒྱབ་ན་ཞིང་སྒྲེག་པ་འབྱུང༌། །ཁ་དྲི་མངལ་ལ་སྐྱུགས་ན་ཕན་སྙམ་བྱེད། །རྔུལ་གྲང་ཞོ་དར་གྲང་རྗེས་གླང་ཐབས་ལྡང༌། །ཟས་དང་སྤྱོད་ལམ་དྲོ་ན་བདེ་བར་མངོན། །འཇུ་དཀའ་ཕོ་བ་འཚིང་ལ་དྲི་མ་སྐམ། །སྨུག་པོ་སྐྲན་དུ་འདྲིལ་ན་མཆིན་པ་དང༌། །མཆེར་པ་ཕོ་ལོང་རྒྱུ་མའི་གནས་སུ་འབྱུང༌། །སྲ་འདྲིལ་གཟེར་ཞིང་ན་ལ་མནན་ན་འཕར། །གནས་དེ་ཚ་ཞིང་སྟོབས་འཛད་དང་ག་འགག །རྩ་རྒྱུད་ཕྲ་མགྱོགས་ཆུ་མདོག་དམར་བར་འོང༌། །གསར་དུས་ཆགས་མོད་མཆིན་པ་ལྟ་བུར་གཉན། །རྙིངས་ཤིང་རུལ་ནས་གསོ་བར་སླ་བ་ཡིན། །འདྲིལ་བ་ཟགས་ན་གདོང་དང་རྐང་བོལ་གཡོ། །གསུས་པ་ལྕི་ལྡིར་གསུས་པའི་རྩ་རྣམས་བཀྲ། །སྨུག་པོ་ཟགས་པའི་ཚ་ཆུ་མི་འཚོ་སྤང༌། །ཅི་ཕྱིར་སྐྲན་རོ་བཤིག་ཚད་ཆུ་རུ་གསོག །བསྐམས་པས་མི་སྐོམས་རྒྱུ་ལས་འཛག་པ་ཡིན། །ཁོང་ནད་ཕལ་ཆེར་སྨུག་པོའི་རྒྱུ་ཡིས་སྐྱེད། །མི་མཁས་རྨོངས་པས་དུག་ཏུ་འཛིན་པ་ཡོད། །ལ་ལས་ཚ་བ་ལ་ལས་གྲང་བར་འཛིན། །ལ་ལས་ས་བདག་གདོན་དུ་འཛིན་པའང་ཡོད། །དེ་ཕྱིར་སྨུག་པོའི་ནད་ལ་བྱ་ར་སྒྲིམས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །དང་པོ་ཟས་སྤྱོད་སྒོ་ནས་བཅོས་པ་ནི། །ཉ་དང་ཕག་པ་གྲ་མའི་ཤ་གསར་དང༌། །མཛོ་ཡི་ཞོ་དར་གནའ་དགོ་བ་ལང་ཤ །སྲན་མ་ཇ་དང་བསྐོལ་གྲང་ཆུ་ལ་སོགས། །སྨུག་པོ་ཚ་བ་རྒྱས་པའི་ཟས་སུ་བཤད། །དྲོད་བཅུད་དྲག་ཤུལ་ཀུན་ཏུ་སྤང་བར་བྱ། །གཙང་ཉ་རྒོད་གཡག་ཤ་དང་ལུག་ཤ་གསར། །གསར་འཇམ་སྐམ་སའི་ཟན་དྲོན་ལ་སོགས་པ། །སྨུག་པོ་གྲང་རྐྱེན་གབ་པའི་ཟས་སུ་བཤད། །འཇུ་དཀའ་ལྕི་བསིལ་ཉིན་གཉིད་གྲང་བ་སྤང༌། །རླན་མེད་དྲོ་སར་རྔུལ་མ་ཐོན་ཙམ་བཅག །སྨན་གྱིས་བཅོས་པ་རྩི་རྡོ་སྔོ་དང་གསུམ། །རྩི་སྦྱོར་ཨ་རུ་བྲག་ཞུན་འདུ་བ་སྙོམས། །ཅུ་གང་གུར་ཀུམ་གློ་མཆིན་ཁ་གནོན་ཡིན། །སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང༌། །མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །བད་ཀན་ཚ་བ་འཇོམས་པའི་གཉེན་པོ་ཡིན། །ཏིག་ཏ་བ་ཤ་ཀ་ཡིས་ཁྲག་མཁྲིས་གསོད། །ཚ་སྟོབས་ཆེ་ན་གི་ཝཾ་ཙན་དན་བསྣན། །གྲང་བ་ཆེ་ན་ད་ལིས་སྒེ་གཤེར་བསྣན། །སྟོད་སྨད་བར་གནས་བུར་དཀར་སྦྲང་རྩིས་བསྒྱུར། །སྨུག་པོ་མ་ལུས་འཇོམས་པའི་སྤྱི་སྨན་ཡིན། །ཁྱད་པར་སྨུག་པོ་ཚ་བ་རྒྱས་ལ་བསྔགས། །རྡོ་སྦྱོར་གངས་ཐིག་ཨ་རུ་བྲག་ཞུན་རྒྱལ། །བཙུན་མོ་བ་ཤ་ཀ་དང་རེ་སྐོན་པ། །ཅོང་ཞི་སྲས་ལ་བློན་པོ་གཉེན་པོ་(མ་ནུ་འུ་སུ་སྟར་བུ་)གསུམ། །སྨུག་པོ་མ་ལུས་གསོ་བའི་སྤྱི་སྨན་ཡིན། །ཛཱ་ཏི་ཨ་ག་རུ་དང་ཙན་དན་བསྣན། །སྨུག་པོ་སྙིང་དང་སྲོག་རྩར་བྱེར་བ་འཇོམས། །གི་ཝཾ་ཙན་དན་དཀར་པོ་བསིལ་གསུམ་བསྣན། །སྨུག་པོ་གསར་དུས་ཚ་བ་རྒྱས་པ་སེལ། །ཅུ་གང་རྒུན་འབྲུམ་ཤིང་མངར་དོམ་མཁྲིས་བསྣན། །སྨུག་པོ་གློ་ལ་བྱེར་བ་འཇོམས་པར་བྱེད། །བོང་ང་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། །སྨུག་པོ་ཚ་བ་སྣོད་དུ་གབ་པ་འཇོམས། །ལྡུམ་བུ་ཕག་ཁྲག་སྐྱེར་པའི་བར་ཤུན་བསྣན། །རྩ་ཚིགས་བྱེར་བ་དུག་དང་འདྲ་བ་འཇོམས། །རྒྱ་སྐྱེགས་པུ་ཤེལ་འབྲས་ཡོས་གྱེན་རྡོལ་གཅོད། །ད་ཏྲིག་བྱ་རྐང་དུག་ཉུང་ཐུར་རལ་སྡོམ། །སྟར་བུ་རྒྱམ་ཚྭ་སྦྲུལ་ཤས་འདྲིལ་བ་འཇིག །ད་ལིས་སེ་འབྲུ་དྲོད་སྨན་གབ་པ་སེལ། །སྨན་རྟ་ཀ་ར་བུ་རམ་སྦྲང་རྩིས་བསྒྱུར། །འདུས་ནད་གསོ་དཀའ་སྨུག་པོ་འཇོམས་པའི་མཆོག །སྔོ་སྦྱོར་པྲི་ཡངྐུ་དང་ཁུར་མང་དང༌། །སེ་རྒོད་བར་ཤུན་སྟར་བུ་ཡུང་བ་ལྔ། །གོང་མ་ཆ་བསྐྱེད་གཙོ་ཡིན་དེ་ཡི་འཁོར། །ད་ལིས་ཤིང་ཚ་སུག་སྨེལ་ར་མཉེ་བ། །སླེ་ཏྲེས་ཞིབ་བཏགས་ཀ་རས་རྟ་བྱས་ལ། །ཚ་གྲང་ཆུ་བསིལ་བསྐོལ་བས་འཕུལ་ལ་བཏང༌། །སྨུག་པོ་ཀུན་འཇོམས་ཁྱད་པར་འཐབ་པ་སེལ། །ཙན་དན་ཅུ་གང་གུར་ཀུམ་མ་ནུ་དང༌། །འུ་སུ་ཀ་ར་སྦྱར་བ་ལྟག་པ་སྤྲད། །སྨུག་པོ་ཁྲག་ཚད་རྒྱས་པ་སེལ་བར་བྱེད། །ཆ་མཉམ་བཞི་ཐང་ལྟག་སྤྲད་སྦོ་སྒྲེག་འཇོམས། །གུར་ཀུམ་དོམ་མཁྲིས་རྒྱ་སྐྱེགས་པུ་ཤེལ་རྩེ། །འབྲས་ཡོས་ཀ་ར་སྦྲང་གིས་སྐྱུག་པ་གཅོད། །ཅོང་ཞི་རེ་སྐོན་ད་ཏྲིག་དུག་མོ་ཉུང༌། །པྲི་ཡངྐུ་རྣམས་འབྲས་ཐུག་ལ་བཏབ་སྟེ། །ལྟག་པ་སྤྲད་པས་ཐུར་དུ་འཁྲུ་བ་གཅོད། །འདུས་ནད་སྨུག་པོའི་གྲོང་ཁྱེར་འཇོམས་པར་བྱེད། །མེ་ཏོག་དང་པོ་ཆུ་སྐྱུར་སྐྱུག་དུས་སུ། །སེ་འབྲུ་མ་ནུ་གུར་ཀུམ་པི་པི་ལིང༌། །སུག་སྨེལ་ཅོང་ཞི་ཀ་རས་ཁ་སླངས་བཏང༌། །ཡང་ན་སེ་འབྲུ་སྟར་བུ་སྐྱུ་རུ་ར། །ད་ཏྲིག་སྐྱེར་འབྲུ་ཆུ་རྐང་སྦྱར་བ་བཏང༌། །སེར་པོ་མཁྲིས་ཐབས་སྐྱུག་དུས་དུག་མོ་ཉུང༌། །ཏིག་ཏ་ཤིང་མངར་འུ་སུ་ཀ་ཀོ་ལ། །དོམ་མཁྲིས་ཀ་ར་སྦྱར་བས་ཞི་བར་འགྱུར། །ཡང་ན་ཤིང་མངར་གསེར་གྱི་མེ་ཏོག་དང༌། །ཏིག་ཏ་སེ་འབྲུ་དམར་པོ་གསུམ་ཐང་དང༌། །རྒྱ་བཤལ་སྐྱུག་དུས་ཙན་དན་གུར་ཀུམ་དང༌། །ཅུ་གང་ཏིག་ཏ་ཨུཏྤལ་བ་ལེ་ཀ །སྐྱུ་རུ་ར་དང་སྐྱེར་ཤུན་ཀ་ར་སྦྱར། །རྒྱ་སྐྱེགས་ཁུ་བས་འཕུལ་བཏང་ཞི་བར་བྱེད། །ཁྲག་རུལ་དུད་ཁུ་སྐྱུག་དུས་སེ་འབྲུ་དང༌། །བཙོད་དང་འུ་སུ་སུག་སྨེལ་པི་པི་ལིང༌། །བསེ་ཡབ་ཤིང་མངར་དོམ་མཁྲིས་སྦྲང་སྦྱར་བཏང༌། །དཔྱད་དུ་གཏར་ག་བཤལ་དང་མེ་བཙའ་དུགས། །གང་དགོས་ནད་ཀྱི་སྐབས་དང་སྦྱར་ཏེ་བཅོས། །དེ་ནས་བྱེ་བྲག་བཅོས་ཐབས་རྣམ་གསུམ་སྟེ། །གནས་དང་དུས་དང་རིགས་དང་སྦྱར་ཏེ་བཅོས། །དང་པོ་གནས་དང་སྦྱར་ཏེ་བཅོས་པ་ནི། །ཕོ་བར་གནས་ཚེ་བད་ཀན་གཙོ་བོར་བཅོས། །དང་པོ་མ་ནུ་བཞི་ཐང་གཏོང་བ་བསྔགས། །སྤྱི་སྨན་སེ་འབྲུ་བཞི་དང་ལྟག་པ་སྤྲོད། །ཡང་ན་སེ་འབྲུ་བཞི་དང་གུར་ཀུམ་དང༌། །མ་ནུ་འུ་སུ་སྟར་བུ་སྦྱར་ལ་བཏང༌། །མཆིན་པར་གནས་ཚེ་ཁྲག་ནད་གཙོ་བོར་བཅོས། །དང་པོ་ཏིག་ཏ་རུ་རྟ་བ་ཤ་ཀ །མ་ནུ་པུ་ཤེལ་རྩེ་ཡི་བསྐོལ་གྲང་བཏང༌། །ཕྱེ་མ་གུར་ཀུམ་བདུན་དང་ཅུ་གང་བརྒྱད། །རུ་ཐུང་སྣོད་ཀ་ཁྲག་ཚོད་སྦྱར་ལ་བཏང༌། །ཕྱེ་མ་གཏར་གྱིས་མ་ཞི་དུར་བྱིད་དང༌། །ཧོང་ལེན་ཚ་ལའི་རིལ་བུས་ཟུངས་སྦྱར་སྦྱང༌། །རྒྱུ་མར་གནས་ཚེ་མཁྲིས་པ་གཙོ་བོར་བཅོས། །ཏིག་ཏ་མ་ནུ་དུག་ཉུང་བསྐོལ་གྲང་བཏང༌། །ཡང་ན་ཨིཎྜ་བཞི་ཐང་ཤིས་པ་ཡིན། །ཕྱེ་མ་བྲག་ཞུན་དུག་ཉུང་བོང་ང་དཀར། །དོམ་མཁྲིས་མ་ནུ་འུ་སུ་ཨ་རུ་ར། །ག་དུར་ཀ་ར་སྦྱར་བའི་ཕྱེ་མ་བསྟེན། །ཞི་བར་མ་ནུས་གོང་ལྟར་བཤལ་གྱིས་སྦྱང༌། །ལོང་དུ་གནས་ཚེ་རླུང་ཉིད་གཙོ་བོར་བཅོས། །དང་པོ་མ་ནུ་བཞི་ཡི་བསྡུས་ཐང་བཏང༌། །སེ་འབྲུ་ཚ་བ་གསུམ་དང་བཟང་པོ་གསུམ། །གུར་ཀུམ་ཤིང་ཚ་ཟི་ར་ཨ་རུ་ར། །རྒྱམ་ཚྭ་ཁ་རུ་ཚྭ་དང་བུ་རམ་སྦྱར། །ཆུ་ཚན་འཕུལ་བས་སྦོ་འཁྲོག་ལོང་རླུང་འཇོམས། །སྨད་དུ་ཟུག་ཆེ་འགགས་ན་མས་འདྲེན་བྱ། །སྨུག་པོ་དུས་ཀྱིས་བཅོས་པ་ཚ་བའི་དུས། །རུ་རྟ་(ཏིག་ཏ་བ་ཤ་ཀ་པུ་ཤེལ་རྩེ་མ་ནུ་)ལྔ་ཐང་སྨུག་པོའི་འཕྲལ་ཟུག་གཅོག །ཕྱེ་མ་ཙན་དན་གི་ཝཾ་གུར་ཀུམ་དང༌། །ཅུ་གང་མ་ནུ་འུ་སུ་བ་ཤ་ཀ །ཨུཏྤལ་རེ་སྐོན་ཏིག་ཏ་བྲག་ཞུན་རྣམས། །ཀ་ར་སྦྱར་ལ་སུམ་ཡར་བཏང་བར་བྱ། །ཡང་ན་ཨ་རུ་བྲག་ཞུན་རེ་སྐོན་པ། །ཀྱི་ལྕེ་བོང་ང་སྤང་རྩི་པྲི་ཡངྐུ། །ཀ་ར་སྦྱར་བཏང་ཡང་ན་ཙན་དན་དཀར། །གི་ཝཾ་བསིལ་གསུམ་ཏིག་ཏ་བ་ཤ་ཀ །རུ་རྟ་བྲག་ཞུན་ཨ་རུ་ཀ་ར་སྦྱར། །ཆུ་གྲང་འཕུལ་བས་སྨུག་པོ་རྒྱས་པ་འཇོམས། །སྣོད་ཀ་རུ་ཐུང་ལོང་རྩ་གནས་སྦྱར་གཏར། །ཕྱེ་མ་གཏར་གྱིས་མ་ཞི་གོང་ལྟར་སྦྱང༌། །བར་དུ་འཁྲུགས་ཏེ་རླུང་ཁྲག་འཐབ་པའི་དུས། །མ་གྲང་བཅག་ཅིང་བསིལ་དྲོད་ཁྲེའུར་བཏང་། །སེ་འབྲུ་མ་ནུ་སྟར་བུ་པི་པི་ལིང༌། །བ་ཤ་ཀ་དང་ཀ་ར་སྦྱར་བ་བསྔགས། །ཡང་ན་ཅུ་གང་བདེ་བྱེད་ཆུང་ངུ་ལ། །མ་ནུ་འུ་སུ་སྟར་བུ་བསྡེབས་ཏེ་བསྟེན། །ཆུ་བ་ཧ་བོའི་དུགས་ཀྱིས་འཕྲལ་ཟུག་བཅག །དེ་ལ་བདེ་སྐྱེད་ཆུང་ཡང་སྟོབས་བཟང་ན། །སྔོན་འགྲོ་ཡུན་བསྲིང་འཇམ་རྩིས་རླུང་བསལ་ལ། །དུར་བྱིད་སྟར་བུ་དུང་ཐལ་སྦྲུལ་གྱི་ཤ །རྒྱ་ཚྭ་བུ་རམ་སྦྱར་བའི་བཤལ་གྱིས་སྦྱང༌། །སྦྱང་བའི་ཟུངས་མེད་འཇམ་རྩི་ནི་རུ་སྤེལ། །ལན་གྲངས་བདུན་དགུ་ཅི་རིགས་བཏང་བྱས་ན། །རླུང་མལ་གཞུག་ཅིང་ལོང་ཕུགས་ཁྲག་སྐམ་དབྱུང༌། །རུ་ཐུང་རྩེ་ཆུང་ལོང་རྩ་ཁ་ཕྱེ་ལ། །ཨན་སྟོང་བཅུ་གསུམ་ལོང་གསང་མེ་ཡིས་མནན། །དེ་ཡིས་འཐབ་པ་གནས་སུ་ཞི་བར་འགྱུར། །ཐ་མ་གྲང་བ་ལྷིང་ཆད་བཅོས་པ་ནི། །རྒྱམ་ཚྭ་གསུམ་དང་བཞི་པའི་ཐང་མང་བཏང༌། །ཕྱེ་མ་སེ་འབྲུ་བཞི་སྟེང་ཕོ་བ་རིས། །མ་ནུ་འུ་སུ་སྒ་དང་ཀ་ར་སྦྱར། །ཡང་ན་མ་ནུ་འུ་སུ་རྒྱམ་ཚྭ་བསྣན། །བུ་རམ་སྦྱར་བ་ཆུ་ཚན་འཕུལ་ལ་བཏང༌། །འཇམ་རྩི་ནི་རུ་ཧ་སྤེལ་སྐབས་སུ་བསྔགས། །ཕོ་བ་ལོང་གསང་དྲུག་བདུན་བརྒྱད་པ་བསྲོ། །གཏར་བཤལ་བསིལ་ཕྱོགས་རླན་གྲང་བསེར་བུ་སྤང༌། །དྲོ་ལ་བཅུད་པས་བད་རླུང་ཞི་བར་བྱ། །རིགས་ཀྱིས་བཅོས་པ་སྨུག་པོ་བྱེར་བ་ལ། །གུར་ཀུམ་ཅུ་གང་ཨུཏྤལ་བ་ལེ་ཀ །ཏིག་ཏ་སྐྱུ་རུ་སྐྱེར་ཤུན་ཀ་ར་སྦྱར། །གང་བབས་རྩ་གཏར་བྱེར་ཆུང་དེ་ཡིས་སེལ། །བྱེར་ཚབས་ཆེ་ན་བསྡུ་བསད་སྦྱང་བར་བྱ། །བསྡུ་བ་ཕག་ཁྲག་མ་ནུ་འུ་སུ་དང༌། །སྟར་བུ་ཀ་ར་སྦྱར་བས་བྱེར་བ་སྡུད། །ཡང་ན་སེ་འབྲུ་སེ་རྒོད་བར་ཤུན་དང༌། །རེ་རལ་ཕག་ཁྲག་ཀ་ར་བ་འོས་དབུལ། །ཡང་ན་ཚ་ལ་འོ་མ་སྦྱར་བས་བསྡུ། །དེ་དག་ཀུན་གྱིས་སྨུག་པོ་སྤྱི་རུ་སྡུད། །སེར་པོ་གསུམ་ཐང་སྟོད་དུ་བྱེར་བ་སྡུད། །ཚ་ལ་ཚོས་སུམ་ཐང་གིས་སྨད་བྱེར་སྡུད། །འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགག །ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ། །དེ་དུས་སྤྱི་སྨན་རྩི་སྦྱོར་བསྟེན་ཏེ་བསད། །དེ་རྗེས་དུར་བྱིད་ཧོང་ལེན་ཚ་ལས་སྦྱང༌། །ནད་སྟོབས་ཆེ་ན་རིམ་པ་ཅི་རིགས་བསྐྱར། །ཆུང་ན་སྦྱངས་རྗེས་ཕྱེ་མས་བསད་པར་བྱ། །མ་འདུས་བྱེར་བ་རང་སར་བསད་པ་ནི། །སྨུག་པོ་སྤྱི་སྨན་བར་པའི་མདེ་ཁ་སྦྱར། །ཡང་ན་རྒྱས་པའི་སྐབས་ཀྱི་ཕྱེ་མ་ལ། །མགོར་བྱེར་དོམ་མཁྲིས་ཏིག་ཏ་མཚེ་ལྡུམ་བསྣན། །སྙིང་ལ་སྤོས་དཀར་ཛཱ་ཏི་ཨ་གར་བསྣན། །གློ་ལ་ཅུ་གང་ཤིང་མངར་མཚལ་དཀར་བསྣན། །མཆིན་པར་བྲག་ཞུན་གུར་ཀུམ་བ་ཤ་ཀ །རྒྱ་སྐྱེགས་སྦངས་པའི་ཁུ་བས་འཕུལ་ལ་བཏང་། །མཆེར་པར་ལི་ཤི་གསེར་མེ་པི་པི་ལིང༌། །མཁལ་མར་གླ་རྩི་སུག་སྨེལ་ལྕམ་པ་བསྣན། །བསམ་སེར་ཚོས་གསུམ་བསྣན་ཏེ་བྱིན་ལོང་གཏར། །དོན་ལྔ་རང་རང་རྩ་ལ་གཏར་བ་སྟེ། །མགོ་ལ་གསེར་མདུང་མཚོག་གསང་རྩེ་ཆུང་གཏར། །ནང་རྩར་བྱེར་ན་རྩ་ལྟོ་སྦྲགས་ལ་སྦྱང༌། །ཤ་ལྤགས་རྩ་རུས་ཕྱི་རུ་བྱེར་བ་ལ། །ཁོང་ནད་བསལ་ལ་དེ་རྗེས་ཆུ་ལུམས་བྱ། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །མ་རྡོལ་རྒྱས་པའི་བཅོས་ཐབས་གོང་དུ་བསྟན། །ཤིན་ཏུ་རྒྱས་ཏེ་མཚོ་རྡོལ་གྱེན་ཐུར་གཉིས། །གྱེན་རྡོལ་སྟོབས་ལྡན་ཁ་ཟས་ཚུད་པ་ལ། །མི་བཅད་བྱུག་བདུག་རུས་ཁུ་བུར་ཆུ་སོགས། །ལུས་ཟུངས་བསྲུངས་ལ་ནད་ཁྲག་སྐྱུག་ཏུ་གཞུག །ཁྲག་ལམ་མ་ཆོད་ཟུངས་མེད་བཅད་དགོས་ན། །འབྲས་བཀྲུས་ཁུ་བར་སྐྱུ་རུ་པུ་ཤེལ་རྩེ། །སྦྲང་རྩི་སྦྱར་བཏང་ཙན་དན་པུ་ཤེལ་རྩེ། །བ་ལེ་ཀ་དང་ག་དུར་པར་པ་ཏ། །བསྐོལ་གྲང་ཐང་བཏང་པྲི་ཡངྐུ་བསྲེགས་པའི། །ཐལ་བ་ཞུན་མར་སྦྱར་ཏེ་བཏང་བར་བྱ། །ཅུ་གང་གུར་ཀུམ་དོམ་མཁྲིས་བ་ཤ་ཀ །ཟབ་ཐལ་འགྲོན་ཐལ་སྲན་མའི་མེ་ཏོག་སྦྱར། །ཙན་དན་དམར་པོ་ར་ཁྲག་པུ་ཤེལ་རྩེ། །སྟང་ཟིལ་འབྲས་ཡོས་ཕྱེ་དང་ཀ་ར་སྦྱར། །མ་ཆོད་ལོག་ནོན་དུར་བྱིད་པྲི་ཡངྐུ། །ཁུ་བ་སྦྲང་དང་སྦྱར་བས་སྦྱང་བར་བྱ། །ཡང་ན་དུར་བྱིད་འབྲས་གསུམ་པྲི་ཡངྐུ། །པི་པི་ལིང་དང་སྦྲང་སྦྱར་སྦྱང་བ་མཆོག །རྗེས་ལ་སེ་འབྲུ་སྐྱུ་རུ་འབྲས་ཡོས་ཕྱེ། །མར་དང་སྦྱར་བའི་སྐྱོ་མ་བླུད་པར་བྱ། །ཐུར་དུ་རལ་བ་ཟུངས་ཡོད་གོང་མ་བཞིན། །བྱས་ལ་འཁྲུར་གཞུག་གལ་ཏེ་ཟུངས་ངན་ན། །བཅད་དགོས་ཐ་རམས་བྱ་རྐང་རྒྱ་སྐྱེགས་བསྡུས། །ཁུ་བར་ད་ཏྲིག་དོམ་མཁྲིས་པྲི་ཡངྐུ། །རེ་སྐོན་ཀ་ར་བཏབ་ལ་བཏང་བའམ། །འབྲས་ཐུག་རེ་སྐོན་ཅོང་ཞི་ཀར་སྦྱར་བཏང༌། །ཡང་ན་བ་ཤ་ཀ་དང་པྲི་ཡངྐུ། །ནག་མཚུར་སེང་ཕྲོམ་སྐྱེར་པའི་ཁཎྜ་ཡི། །བསྡུས་ཐང་གྲང་མོ་སྦྲང་དང་སྦྱར་ལ་བཏང༌། །འབྲས་སྣ་གསུམ་དང་ཀ་པེད་མོན་ཆ་ར། །འབྲས་ཡོས་ཕྱེ་དང་ཀ་ར་སྦྱར་ལ་བཏང༌། །བྱིན་ཉྭ་ཆུས་བསྒྲང་ལོང་གསང་མདུན་རྒྱབ་བསྲོ། །མ་ཆོད་ལོག་ནོན་སོན་ཆ་འོ་མ་སྦྲང༌། །སྐྱུགས་བྱས་རྗེས་ལ་སེ་འབྲུ་པུ་ཤེལ་རྩེ། །སེང་ཕྲོམ་ཙན་དན་དམར་པོ་འབྲས་ཐུག་བླུད། །བ་འམ་ར་ཡི་འོ་མ་གསོན་ཁྲག་ལ། །པུ་ཤེལ་བཏབ་པའི་འཇམ་རྩི་བཏང་བར་བྱ། །ངོ་བོ་ཟད་པའི་རྟགས་བྱུང་བ་ར་ཡི། །འོ་མ་ཀ་ར་མར་སྐོལ་རླུང་དུས་བཏང༌། །གསར་བཅུད་གསུམ་དང་མངར་གསུམ་ཏིང་ཁྲོལ་བྱིན། །དཀར་འདོན་སྦྱོར་བ་ཅུ་གང་བདེ་བྱེད་སྦྱོར། །སྨུག་པོ་གབ་ཅིང་འགྱིངས་ན་བཟང་དྲུག་དང༌། །ཅོང་ཞི་ཚ་སྦྱོར་བཤིག་ལ་དེ་རྗེས་སྦྱང༌། །ཡང་ན་ཨ་རུ་བྲག་ཞུན་རེ་སྐོན་གསུམ། །རིམ་པས་ཕྱེད་སྐྱུངས་སྐྱུ་རུ་བ་ཤ་ཀ །རུ་རྟ་བོང་ང་ཀར་བུར་སྦྲང་གིས་བསྒྱུར། །ཕྱེ་མ་བྲིད་དེ་ཆུ་སྐོལ་འཕུལ་ལ་བཏང༌། །འཇུ་དཀའ་སེ་འབྲུ་བཞི་དང་ལྟག་པ་སྤྲད། །ཡང་ན་གངས་ཐིགས་ཨ་རུ་བྲག་ཞུན་དང༌། །གི་ཝཾ་ཙན་དན་མི་རུས་བཙའ་མ་དང༌། །དོམ་མཁྲིས་ཡུང་བ་ཁུར་རྩ་དྲི་ཆེན་དང༌། །བཟང་དྲུག་ཀར་སྦྱར་རིམ་པས་བསྐྱེད་དེ་བཏང༌། །འཁྲོག་འགྱུར་འཁྲུ་སྙམ་བྱེད་ན་ཁ་ཟས་དབྲི། །སྨན་ཐུན་བསྐྱེད་ལ་ཆུ་སྐོལ་ཚན་མོས་དབུལ། །ནད་འགྱིངས་ཞོ་ལྟར་ཆགས་པ་ཐུར་དུ་སྦྱང༌། །འཁྲུར་མ་འདོད་ཀྱང་རང་གི་གནས་སུ་འཇོམས། །ཡང་ན་སྟར་བུ་ཞོ་གསུམ་རྒྱམ་ཚྭ་གཉིས། །མ་ནུ་འུ་སུ་ཐུན་རེ་ཀ་ར་སྦྱར། །ཆུ་ཚན་འཕུལ་བས་སྨུག་པོ་འགྱིངས་པ་བཤིག །དུར་བྱིད་སྟར་བུ་ཚ་ལ་བུ་རམ་གྱི། །རིལ་བུས་སྦྱངས་ཏེ་རྒྱམ་ཚྭ་སྟར་བུ་དང༌། །རུས་ཁུའི་ལྕག་བསྟེན་བསིལ་དྲོད་སྤེལ་ཏེ་བཅད། །སྨུག་པོའི་ཁྲག་སྐྲན་འདྲིལ་ན་ཚྭ་བསྲེགས་སྦྱར། །ཡང་ན་ཅོང་ཞི་ཚ་སྦྱོར་བསྟེན་ཏེ་བརྐོ། །ཡང་ན་ཟེ་ཚྭ་ཞོ་གསུམ་མཚལ་གྱིས་བསྒྱུར། །ལུག་གི་ཀླད་པ་བཙོས་ཏེ་སྦྱར་ལ་བཏང༌། །ཁ་ཟས་ཕག་སྦྲུལ་ཉ་ཤས་བཤིག་པར་བྱ། །ཞིག་ན་ངོ་བོ་ཅུང་ཟད་སྙི་རུ་མངོན། །དང་ག་འགག་ཅིང་རྩ་ཆུའི་ཚ་བ་སྐྱེ། །དུར་བྱིད་རྒྱམ་ཚྭ་སྟར་བུ་སྦྲུལ་ཤ་དང༌། །བུ་རམ་སྦྱར་བའི་རིལ་བུས་སྐྲན་རོ་སྦྱང༌། །ཤིན་ཏུ་རྙིངས་ཤིང་བཤིག་དཀའ་སྨན་གཏར་སྦྱོངས། །ཚ་བ་བསལ་ལ་ཐུར་རྗེས་བཤལ་གྱིས་སྦྱང༌། །ལར་ནི་སྨུག་པོ་འདུས་པའི་ནད་ཡིན་པས། །ས་འདྲ་གསོ་དཀའ་ནད་སྣུར་ལྕི་བའི་ཕྱིར། །ལན་རེས་ཞི་བར་མི་འགྱུར་བཅོས་རྣམས་བསྐྱར། །ཟུངས་མ་བསྲུངས་པར་སྨན་དཔྱད་བསྟུད་དྲགས་ན། །གསེར་ཟད་གཡའ་ཟད་ནད་ཟུངས་དུས་གཅིག་འཛད། །དེ་ཕྱིར་ནད་སྟོབས་ཅུང་ཟད་བྲི་བའི་སྐབས། །གསར་བཅུད་ཟས་ཀྱིས་ལུས་ཟུངས་བསྲུང་ཞིང་བཅོས།།

ཐ་མ་མི་བཟློག་ནད་རྗེས་གཅོད་པའི་ཐབས། །བཤལ་དང་ཕྱེ་མས་ནད་ལྷག་མེད་པར་སྦྱང༌། །སྲོག་རྩ་ཕོ་ལོང་མཆིན་གསང་མེ་ཡིས་བསྡམ། །མི་འཕྲོད་ཟས་སྤྱོད་ལོ་དུས་བར་དུ་བསྲུང༌། །དེ་ཡིས་མི་བཟློག་བརྟན་པར་འགྱུར་བ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འདུས་ནད་བད་ཀན་སྨུག་པོ་བཅོས་པའི་ལེའུ་སྟེ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།