སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེད་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རླུང་མཁྲིས་བད་ཀན་བཅོས་ཐབས་དེ་ལྟར་ན། །འདུས་པའི་ནད་ལ་གསོ་ཐབས་ཇི་ལྟར་བགྱི། །མཚོན་བྱེད་མིང་དང་དབྱེ་བ་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།  སྟོན་པས་གསུངས་པ། །

ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།  འདུས་པའི་ནད་ལ་གསུམ་གས་བཅོས་པ་སྟེ། །འོན་ཀྱང་རང་བཞིན་རྒྱུ་ཡིས་འདུས་པ་དང༌། །བྱུང་ཚུལ་དུས་གྱི་སྒོ་ནས་འདུས་པ་དང༌། །འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་གསུམ། །དུས་ཀྱི་སྒོ་ནས་འདུས་པ་ནི་ཕྱི་མ་མ་སྨིན་ཚ་བ་དུག་ནད་དེ་འདུ་བ་འཁྲུགས་པའི་འདུས་ནད་དེ་། །དང་པོ་རང་བཞིན་རྒྱུ་ཡི་འདུས་པ་ནི་མཚོན་བྱེད་བད་ཀན་སྨུག་པོར་མིང་དུ་བཏགས། །དེ་ལ་རྒྱས་བཤད་དང་མཇུག་བསྡུ་བ་གཉིས་ལས་དང་པོ་རྒྱུ་རྐྱེན་གནས་དུས་རིགས་དང་རྟགས། །བཅོས་པའི་ཐབས་དང་རྗེས་བཅད་སྤྱི་དོན་རྣམ་པ་བརྒྱད་དུ་བཤད་པ་ལས་། །

སྤྱི་དོན་དང་པོ་རྒྱུ་ནི་བད་ཀན་ཁྲག་མཁྲིས་རླུང་དང་བཞི། །ནད་ཀུན་འདུས་པའི་ཕྱིར་ན་འདུས་པའི་ནད་ཡིན་རྟགས་དང་བཅོས་པར་དཀའ་བའོ་། །རླུང་མཁྲིས་བད་ཀན་གསུམ་ལས་ནད་མི་འདའ་བ་དང། ཁྲག་ནི་ལུས་ཟུངས་ཡིན་ཀྱང་ལས་སུ་མ་རུང་ན་རང་སྲིད་དགྲ་རུ་ལོག་པའམ་ཏིལ་མར་རང་ཉིད་འཚིག་པའི་རྒྱུ་རང་གིས་བྱེད་པ་ལྟར་ཡིན་པས་རེས་འགའ་ཁྲག་ཀྱང་ནད་ཀྱི་རྒྱར་བཞག་པ་ཡིན་ཏེ། ཡན་ལག་བརྒྱད་པར། ཉེས་པ་གཞན་ལྟར་ཁྲག་དག་གིས། །གཞན་གྱི་དབང་གིས་ཉེས་མིན་ཀྱང། །དེ་ཡང་ཏིལ་མར་འཚིག་པ་ལྟར། །ནད་ཀྱི་རྒྱུ་རུ་བཞག་པ་ཡིན། །ཞེས་གསུངས་པས། རླུང་མཁྲིས་བད་ཀན་གསུམ་དང་།  ནད་ཀུན་འདུས་པའི་ཕྱིར་ན་འདུས་ནད་སྨུག་པོ་ཞེས་བྱ་བ་འདི་ཉིད་ལ་བརྟག་པ་དང་གསོ་བ་ཤིན་ཏུ་དཀའ་བར་བཞག་པ་ཡིན་ནོ།།

སྤྱི་དོན་གཉིས་པ་དེ་ལ་སྐྱེད་པའི་རྐྱེན་ནི་ཚ་གྲང་གཉིས། །ཚ་རྐྱེན་འགྲམས་ཁྲག་ལྷག་དང་མཚོན་ཁྲག་ལུས། །དེ་ཉིད་མཆིན་པའི་སྟེང་དུ་ལྷུང་བའམ། །ཚ་སྐྱུར་ཟས་ཀྱིས་ཁྲག་འཕེལ་མཆིན་པ་རྒྱས། །དེ་དག་ཟུངས་སུ་འགྱུར་དུ་མ་འདོད་པར། །མཆིན་གནས་ཕོ་བར་བབས་པས་བད་ཀན་འདྲེས། །ཁྲག་དང་བད་ཀན་རུལ་ནས་རྒྱུ་མར་ལྷུང༌། །མཁྲིས་པར་འདྲེས་པས་ཁ་དོག་དུད་ཁུར་འགྱུར། །དེ་ཉིད་ལོང་དུ་འཕྱུགས་པས་རླུང་དང་བསྡོངས། །དེ་ལ་སྨུག་པོ་ཡས་བབས་ཞེས་སུ་འདོད། །གྲང་རྐྱེན་འཇུ་དཀའ་མི་འཕྲོད་ཟས་བསྟེན་པས། །ཕོ་བར་མ་ཞུ་དེ་ཡིས་བེ་སྣབས་འཕེལ། །མེ་མཉམ་རླུང་དང་འཇུ་བྱེད་མཐུ་ཉམས་པས། །དྭངས་སྙིགས་མ་ཕྱེད་མཆིན་པའི་གནས་སུ་ཤོར། །ཟུངས་སུ་མ་གྱུར་ཁྲག་ངན་མཆིན་པར་རྒྱས། །ཁ་ལུད་གོང་བཞིན་ཕོ་བར་ལྷུང་བ་དེ། །མ་ཞུས་རྒྱུ་བྱས་བད་ཀན་གྲང་ཤས་ཆེ། །སྨུག་པོ་གབ་པས་ཝ་ལྟར་གཞའ་བར་བྱེད། །དེ་ལ་སྨུག་པོ་མས་ཆགས་ཞེས་བྱར་འདོད། །

སྤྱི་དོན་གསུམ་པ་སྨུག་པོའི་གནས་ལ་རང་གནས་གཞན་གནས་གཉིས། །རང་གནས་ཕོ་མཆིན་རྒྱུ་ལོང་རྣམ་པ་བཞི། །ཕོ་བར་གནས་པས་བད་ཀན་ནད་དང་འདྲ། །མཆིན་པར་གནས་པས་ཁྲག་གི་ནད་དང་འདྲ། །རྒྱུ་མར་གནས་པས་མཁྲིས་པའི་ནད་དང་འདྲ། །ལོང་དུ་ལྷུང་བས་རླུང་གི་ནད་དང་འདྲ། །གནས་གཞན་བྱེར་ལ་ཕྱི་ནང་རྣམ་པ་གཉིས། །ཕྱི་གནས་ཤར་རྒྱས་ལྤགས་གྲམ་ས་བདག་གི་ན་སྟངས་འདྲ། །རྩར་བྱེར་དུག་འདྲ་ཚིགས་ལ་གྲུམ་བུར་བྱེད། །ནང་གནས་སྲོག་རྩ་མཆིན་ལམ་ཁྲག་ལ་ཞོན། །སྲོག་རྩའི་ཁྲག་དང་ལྡང་ནས་འཁྲིད་པའི་རྫོང་ལྡམ་ལ་ཚིགས་སུ་འབྲེལ་པ་བཙན་པོ་མཁར་དུ་འདྲ་བར་འདོད། །དེ་ཡང་ཡར་ལ་རྩེ་ཆུང་དང་གཉིད་ལོག་བརྒྱུད་དེ་མགོ་ལ་འཕྱུར་བས་མགོ་ནད་བྱེད། །སྲོག་རྩ་དེ་དང་དོན་ལྔའི་རྩ་འབྲེལ་བས་གློ་ལ་གློ་ནད་སྙིང་ལ་སྙིང་རླུང་བྱེད། །མཆེར་པར་མཆེར་ནད་མཁལ་མར་མཁལ་ནད་བྱེད།།

སྤྱི་དོན་བཞི་པ་སྨུག་པོའི་དུས་གསུམ་དང་པོ་ཚ་བའི་དུས། །བར་དུ་ཚ་གྲང་འཐབ་པའི་དུས་ཡིན་ཏེ། །ཐ་མ་གྲང་བ་ལྷིང་ཆད་པ་དང་གསུམ། །དང་པོ་སྨུག་པོ་ཚ་བ་སྐྱེས་པ་ལས། །ཁྲག་མཁྲིས་འཕེལ་བས་རྒྱས་ཏེ་ཚ་བའི་དུས། །གྲང་བ་སྐྱེས་ན་དང་པོ་རང་གནས་གབ། །བར་དུ་ཁྲག་མཁྲིས་ཚ་ལ་བད་རླུང་གྲང༌། །དེ་དག་ཤེད་སྙོམས་ཚ་གྲང་འཐབ་པར་བྱེད། །ཐ་མར་ཁྲག་མཁྲིས་ཚ་བའི་སྟོབས་ཟད་ནས། །བད་རླུང་རྒྱས་པས་གྲང་བར་འགྱུར་བ་ཡིན། །

སྤྱི་དོན་ལྔ་པ་སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིངས་འདྲིལ་བཞི། །བྱེར་ལ་ཕྱིར་བྱེར་བ་དང་ནང་བྱེར་གཉིས། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། སྨུག་པོ་འགྱིངས་ལ་གབ་དང་མ་གབ་གཉིས། །སྨུག་པོ་འདྲིལ་ལ་གསར་དང་རྙིང་པ་གཉིས།།

སྤྱི་དོན་དྲུག་པ་དེ་རྣམས་བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་རྩ་ཆུ་ནད་རྟགས་ལོ་མ་དང༌། །ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་བཞི་ཡོད་པ་ལས། །དང་པོ་རྩ་ལ་ངོས་བཟུང་སྦོམ་ཁེངས་ཀན་ཏེ་གུང་མོའི་འོག་གི་རྩ་རབ་རིབ་ཏུ་ཞར། །གྲང་བས་བསྐྱེད་ན་ཕལ་ཆེར་ཕྲ་ལ་གུད། །ཆུ་མདོག་སྨུག་དུགས་དྲི་ཆུ་ལ་མོག་མོག་པོ་སྐ་ལ་རྙོག་མ་ཅན། །ཡང་ན་དམར་སྨུག་ལྗང་ཡང་སྲིད་པ་ཡིན། །གཉིས་པ་ན་ལུགས་ནི་ཕོ་མཆིན་ཁ་འཁོར་རོ་རྒྱབ་སྦྲག །ལུས་ལྕི་བྱིན་པ་མི་ཐེག་སྒལ་ཚིགས་ན། །དང་ག་མི་བདེ་ཁ་མངལ་རོ་མེད་པར་རླག་པའམ་ཆུང་བ་ཉ་ཤ་རློན་པའི་དྲི་བྲོ། །བྲང་ཚ་སྐྱུག་སྙམ་བྱེད་ཅིང་སྐྱུག་པ་དཀའ། །སྐབས་སུ་ཁོང་ཚ་མགོ་དང་མིག་རུས་ན། །རྔུལ་གྲང་རྗེས་ལ་གླང་ཐབས་ལྡང་བ་དང༌། །དྲི་མ་སྨུག་ལ་སྐམ་ཞིང་ཤ་རིལ་འདྲ། །འགྲངས་ཀྱང་ན་ལ་ལྟོགས་ཀྱང་ན་བ་དང༌། །གྲང་ཡང་ན་ལ་དྲོས་ཀྱང་ན་སྙམ་བྱེད། །དོན་མེད་ན་ལ་བྱས་པ་མེད་པར་དྲག །ཕལ་ཆེར་སྟོན་དཔྱིད་དུས་ན་ལྡང་བ་ཡིན། །གསུམ་པ་འདི་ལ་དུས་ཀྱི་ལོ་མ་རྣམ་གསུམ་འབྱུང༌། །དང་པོ་འཇུག་དུས་ཆུ་ཚན་ཆུ་སྐྱུར་སྐྱུག །བར་དུ་སྨིན་ནས་སེར་པོ་རྒྱ་ཚོས་ཆུ་སྣོད་བཤལ་བའི་ཁ་དོག་ལྟ་བུ་སྐྱུག །ཐ་མར་རྒྱས་ནས་ཁྲག་རུལ་དུད་ཁུར་སྐྱུག །བཞི་པ་གསར་ཐོག་སྟོན་དུས་རྔས་འཕྲལ་གྱི་འབྲུ་དང་གྲོ་ཡོས་ཕྱེ་སུངས་ཟན་རྩམ་པ་ཡུན་རིང་འདས་པ། །མར་རྙིང་ཁྲག་ཚོད་འབྲུ་མར་ར་ཤ་དང༌། །གནག་ཤ་རུལ་སུངས་ཉ་ཕག་ཤ་བེམ་པའམ་བམ་པ་དང༌། །ཆང་སྐྱུར་སྒོག་སྐྱ་ཞོ་མ་ལངས་ཞེ་དྲེན་ལ་སོགས། །སྣུམ་ལྕིའི་ཟས་དང་བསིལ་དྲོད་དྲགས་པ་དང་དྲོད་དྲགས་པ་གནོད། །གནའ་དགོ་བ་ལང་ཤ་གསར་རྙིང་པའི་འབྲུ། །སྲན་མ་བ་ར་མཛོ་ཞོ་དར་བ་དང༌། །ཉ་ཤ་ཕག་ཤ་སོལ་བ་ལ་སོགས་པ། །ཟས་སྐོམ་ཡང་རྩུབ་བསིལ་དྲོད་སྙོམས་པ་འཕྲོད། །གཉིས་པ་བྱེ་བྲག་གནས་ས་ཡུལ་ལ་བརྟག་པ་དང༌། །གནས་སྐབས་དུས་དང་ནད་རིགས་སྒོ་ནས་བརྟག་པ་དང་གསུམ་ལས། །དང་པོ་གནས་ས་ཡུལ་ནི་ཕོ་མཆིན་རྒྱུ་ལོང་བཞི། །ཕོ་བར་གནས་ཚེ་སྒྲེག་སྐྱུག་ཟོས་རྗེས་ན། །འཇུ་དཀའ་ཆང་རྒན་ཆང་གསར་ཤི་ཤ་གནོད། །ཧ་ཅང་དྲོད་དྲགས་རླན་གྲང་དུས་ན་ལྡང༌། །མཆིན་པར་གནས་ཚེ་མཆིན་དྲི་རོ་རྒྱབ་ན། །ཚིགས་པ་བཀན་ཞིང་མཉེས་ན་ཕན་སྙམ་བྱེད། །མེ་ཉི་དྲོད་བཅུད་རུལ་སྐྱུར་དག་ལས་ལྡང༌། །མཆིན་པར་རྒྱས་ན་སྲ་ཁེངས་སྐྲན་ལྟར་ན། །རྒྱུ་མར་གནས་ཚེ་ན་ཞིང་འགྱུ་བ་སྟེང་འོག་སོགས་རྒྱུ་བའི་སྙམ་པ་དང༌། །གྲུ་གུ་ལྟར་འདྲིལ་ནས་ན་ཞིང་མིག་དང་ཆུ་མདོག་སེར། །ལོང་དུ་གནས་ཚེ་སྦོ་འཁྲོག་འུར་བ་དང༌། །དགོང་དང་སྐྱུར་འཐུངས་དུས་ན་ཁྱད་པར་སྦོ། །ཐུར་སེལ་རླུང་དྲི་ཆེ་དྲོད་འཕྲོད་གྲང་བ་གནོད། །གཉིས་པ་དུས་ཀྱི་བརྟག་པ་དང་པོ་ཚ་བའི་དུས།  རྩ་གྲིམས་ཆུ་མདོག་སྨུག་ལ་དྲི་རླངས་ཆེ། །ལྕེ་སྐམ་གྱོང་ལ་ཁ་ཁ་དང་ག་འགག །ལུས་ལྕི་གཉིད་ཆེ་གདོང་སྣུམ་མིག་སྤྲིན་དམར། །མཆིན་དྲི་རོ་རྒྱབ་གཉིས་སུ་སྦྲག་ཅིང་གཟེར། །མགོ་དང་མིག་རུས་ན་ཞིང་མཚོག་མ་ལྕི། །མེ་དང་ཉི་མས་དྲོས་ཚེ་ཁྱད་པར་ན། །རུལ་སྐྱུར་དྲག་ཤུལ་རྗེས་ལ་ལྡང་བ་ཡིན། །དེ་ཉིད་སྨུག་པོའི་ཚ་བ་རྒྱས་ཞེས་བྱ། །འཐབ་པ་སྨུག་པོས་མེ་མཉམ་རླུང་གནས་ལམ་བགགས་པས། །མེ་མཉམ་རླུང་རང་གནས་དེ་ལས་ཡུལ་གཞན་སྣོད་ཀྱི་རྩ་ནང་ཀུན་ཏུ་ཞུགས་པས་། །རླུང་གིས་ཁྲག་ཕར་འབོར་ཚུར་འབོར་འདེད་ཅིང་རྒྱུ། །དུས་མེད་རྒྱུན་དུ་ཟུག་ཆེ་གླང་ཐབས་ལྟར་ལྡང༌། །ཉིན་མོ་ཅུང་བདེ་མཚན་མོ་རྒྱུན་དུ་ན། །ལྟོགས་ཤིང་དུགས་བྱས་དུས་ན་བདེ་སྙམ་བྱེད། །ཤ་ཞུ་པགས་པ་སྐམས་ལ་རྩ་རྣམས་རྒྱས། །བསིལ་དྲོད་ཟས་སྨན་ཅིས་ཀྱང་ཕན་གནོད་ཆུང་། །འདི་ནི་སྨུག་པོ་འཁྲུགས་པ་ཞེས་བྱ་སྟེ། །གསོ་དཀའ་ཕལ་ཆེར་འཆི་བ་མང་བ་ཡིན། །ཐ་མར་ལུས་གྲང་ཉམ་ཆུང་ཟས་མི་འཇུ། །སྒྲེག་སྐྱུག་འགྲངས་རྗེས་ན་ལ་འཁྲུ་ཡང་སྲིད། །སྦོ་འཁྲོག་འགྱིང་ཞིང་ཆུ་དང་སིངས་གླེག་གནོད། །གསུམ་པ་རིགས་ཀྱི་སྒོ་ནས་བརྟག་ན་བྱེར་བ་ནི། །མགོ་དང་མིག་རུས་ན་ཞིང་ལུས་ཀུན་བརྩེ། །ལུས་ལྕི་སྒྱིད་པ་སྐྱུར་ལ་ཤེད་ཉམ་འབྲི། །མཆིན་དྲི་རོ་རྒྱབ་རྩིབ་ལོགས་གཟེར་ཞིང་འཁྱུག །སྒལ་ཚིགས་བརྫིས་ན་ཕན་སྙམ་བཤུལ་ཤ་འཕྲིག །ལུད་པ་ཁྲག་བཅས་སྨུག་པོ་ལུ་བར་བྱེད། །མཁལ་རྐེད་བརླ་སུལ་ཚིགས་གཞི་བྱིན་ཉྭ་ན། །ངེས་མེད་འཕོ་ཞིང་ན་ལ་སྐྱུག་སྙམ་བྱེད། །ཁྱད་པར་མགོ་ལ་བྱེར་ན་མཚོག་མ་ལྕི། །མིག་རུས་ན་ཞིང་སྣ་ཁྲག་མི་ཆོད་འཛག །སྙིང་ལ་བྱེར་ན་སྨྱོ་འདར་སྙིང་མི་དགའ། །གཉིད་མེད་ཆང་འཐུངས་དུས་ན་སྲན་མི་བཟོད། །སྟོད་རྒྱངས་དྲོད་བཅུད་མེ་བཙས་ཕན་སྐྱེད་མེད། །གློར་བྱེར་རོ་རྒྱབ་ཚ་ལྕི་དུམ་རེ་ན། །ལུད་པ་ཁྲག་བཅས་སྨུག་ཁམ་ཡུན་དུ་འབྱུང༌། །གཏར་སྨན་གློ་བཅོས་སྐྱེད་མེད་དྲོད་བཅུད་གནོད། །མཆེར་པར་བྱེར་པ་གཡོན་གཟེར་དྲོས་ཚེ་ན། །ཞེ་འཁུན་བྱེད་ཅིང་གདོང་པ་སྨུག་པོར་འགྲོ། །མཁལ་བྱེར་རྐེད་པ་འཁོར་ཞིང་རྐང་པ་ལྕི། །བརླ་སུལ་མཁལ་རྩ་འཕྲིག་ཅིང་ཆུ་མདོག་དམར། །བསམ་སེར་བྱེར་ན་ཕོ་མོའི་མཚན་མ་ནས། །ཁྲག་རྣག་མི་ཆོད་རྒྱུན་དུ་འབྱམས་པ་ཡོད། །ཤ་ལྤགས་ལ་བྱེར་ཀོ་ལེར་ཚ་ཞིང་ན། །རྩར་བྱེར་རྩ་རྒྱས་མདོག་ནག་སྦྲིད་ཅིང་སྐྲངས། །ཚིགས་བྱེར་བརྐྱང་བསྐུམ་དཀའ་ཞིང་ཚིགས་མགོ་སྦོམ། །ལྕི་ཞིང་དྲོད་ཆེ་བཅུད་གནོད་གྲུམ་རྟགས་ན། །སྒལ་ཚིགས་ཀྱི་མཁར་ལ་བྱེར་ན་ཚིགས་པའི་རྒྱུད་ན་བཤུལ་ཤ་འཕྲིག །ཁ་བྱེ་མནན་བཙིར་བཀན་ན་ཕན་སྙམ་བྱེད། །དེ་ལྟར་བྱེར་རྟགས་སྣ་ཚོགས་ཅི་འདྲ་ཡང་། །མདོར་ན་སྨུག་པོ་ཡིན་ཕྱིན་ཆད་ཕོ་མཆིན་ནད་དང་བསྡོངས་ཤིང་ངེས་པར་འོང་པས་ཚུལ་དེས་ཤེས་ཏེ་དེ་ཡང་། །ཕོ་མཆིན་དང་གཞན་ནད་རེ་མོས་ན་འམ་ཡང་ན་སྔར་དུས་ཕོ་མཆིན་ན། །ཕྱིས་སུ་གཞན་ནད་བྱུང་བས་སྔར་གྱིི་ནད་མེད་ན་སྨུག་པོར་ངེས། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །མ་རྡོལ་སྨུག་པོའི་ཁྲག་ཚད་རྒྱས་པའི་རྟགས། །དང་པོ་ཚ་བའི་དུས་ཀྱི་སྐབས་སུ་བསྟན། །ཤིན་ཏུ་རྒྱས་ན་ཁྲག་རུལ་རྡོལ་འགྱུར་ཏེ། །དེ་ཡང་མ་ཞུའི་གནས་ཕོ་ཁར་རྒྱས་དུད་ཁུ་སྐྱུག །ཞུ་བའི་གནས་ལོང་ག་སུ་རྒྱས་ན་ཁྲག་ནག་འཁྲུ། །བར་དུ་རྒྱས་ན་འཁྲུ་སྐྱུག་གཉིས་ཀར་རྡོལ་བར་འགྱུར། །གྱེན་ཐུར་གཉིས་པོ་གང་དུ་རྡོལ་གྱུར་ཀྱང༌། །དེ་ལ་ཁྲག་ལམ་ཆོད་དང་མ་ཆོད་གཉིས། །ངོ་བོ་ཟད་དང་རྣམ་པ་གསུམ་དུ་འགྱུར། །ནད་ཁྲག་གི་ལམ་ཆོད་ཟུངས་ཁྲག་མ་ཤོར་ནད་ཁྲག་ཐོན་པའི་རྗེས། །ཟུག་མེད་ལུས་ཡང་དང་ག་བདེ་ན་འཚོ། །ནད་ཁྲག་གི་ཁྲག་ལམ་མ་ཆོད་མང་དུ་སྐྱུགས་ཁྲུས་རྗེས། །ཁྲག་ནག་དུད་ཁུ་མ་ཟད་བདེ་སྟོབས་མེད། །དང་ག་འགགས་ན་ཕལ་ཆེར་གསོ་བ་དཀའ། །ཁྲག་གི་ངོ་བོ་ཟད་པ་ཕལ་ཆེར་ཟུངས་ཁྲག་ཤོར། །ཆུ་དམར་ལྦུ་བ་ཆེ་ལ་རྩ་སྟོང་རྒྱུག །གློ་སྙིང་མི་བདེ་དབུགས་གྱེན་དུ་འདེག་པ་ལྟར་འཚང་བ་སྐྲ་འདབ་འདར། །ལྕེ་མཆུ་སེན་མོའི་བཀྲག་ཤོར་གདོང་པ་སེར། །སྐེ་རྩ་རྩེ་ཆུང་སྤྲུག་ཅིང་རྐང་པའི་བོལ་གོང་ཅུང་ཟད་གཡོ། །སྐོམ་དད་ཆེ་ལ་སྙིང་ལ་གྲང་མོ་འདོད། །ཕལ་ཆེར་འཆི་ལ་འཚོ་བ་འགའ་རེའང་འབྱུང་སྲིད་དོ་། །སྨུག་པོ་འགྱིངས་ལ་གབ་དང་མ་གབ་གཉིས། །མ་གབ་རྟགས་དང་བཅོས་ཐབས་སྤྱི་དང་འདྲ། །གྲང་བས་མགོ་བྱིབས་ཏེ་གསུམ་པ་སྣོད་ཚད་གབ་པ་ནི། །རྩ་རྒྱུད་ཕྲ་ལ་བྱིང་ཞིང་ཆུ་མདོག་ལྗང༌། །ལུས་ལྕི་སྒྱིད་པ་སྐྱུར་ལ་དང་ག་འགྲིབ། །མཆིན་དྲི་རོ་རྒྱབ་ན་ཞིང་སྒྲེག་པ་འབྱུང༌། །ཁ་དྲི་མངལ་ལ་སྐྱུགས་ན་ཕན་སྙམ་བྱེད། །རྔུལ་གྲང་ཞོ་དར་གྲང་རྗེས་གླང་ཐབས་ལྡང༌། །ཟས་དང་སྤྱོད་ལམ་དྲོ་ན་བདེ་བར་མངོན། །འཇུ་དཀའ་ཕོ་བ་འཚིང་ལ་དྲི་མ་སྐམ། །སྨུག་པོ་སྐྲན་དུ་འདྲིལ་ན་མཆིན་པ་དང༌། །མཆེར་པ་ཕོ་ལོང་རྒྱུ་མའི་གནས་སུ་འབྱུང༌། །སྲ་འདྲིལ་གཟེར་ཞིང་ན་ལ་མནན་ན་འཕར། །གནས་དེ་ཚ་ཞིང་སྟོབས་འཛད་དང་ག་འགག །རྩ་རྒྱུད་ཕྲ་མགྱོགས་ཆུ་མདོག་དམར་བར་འོང༌། །གསར་དུས་ཆགས་མོད་མཆིན་པ་ལྟ་བུར་གཉན། །རྙིངས་ཤིང་རུལ་ནས་གསོ་བར་སླ་བ་ཡིན། །འདྲིལ་བ་ཟགས་ན་གདོང་དང་རྐང་བོལ་གཡོ། །གསུས་པ་ལྕི་ལྡིར་གསུས་པའི་རྩ་རྣམས་བཀྲ། །སྨུག་པོ་ཟགས་པའི་ཚ་ཆུ་མི་འཚོ་སྤང༌། །ཅི་ཕྱིར་སྐྲན་རོ་བཤིག་ཚད་ཆུ་རུ་གསོག །བསྐམས་པས་མི་སྐོམས་རྒྱུ་ལས་འཛག་པ་ཡིན། །ཁོང་ནད་ཕལ་ཆེར་སྨུག་པོའི་རྒྱུ་ཡིས་སྐྱེད། །མི་མཁས་རྨོངས་པས་དུག་ཏུ་འཛིན་པ་ཡོད། །ལ་ལས་ཚ་བ་ལ་ལས་གྲང་བར་འཛིན། །ལ་ལས་ས་བདག་གདོན་དུ་འཛིན་པའང་ཡོད། །དེ་ཕྱིར་སྨུག་པོའི་ནད་ལ་བྱ་ར་སྒྲིམས། །

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས་། །དང་པོ་སྤྱི་ལ་བཅོས་ཐབས་ཟས་སྤྱོད་སྨན་དཔྱད་བཞི་ཡིན། །དང་པོ་དང་གཉིས་པར་ཟས་སྤྱོད་སྒོ་ནས་བཅོས་པ་ནི། །ཉ་དང་ཕག་པ་གྲ་མའི་སྤྱིར་ར་དང་གླ་བ་ཁྱད་པར་ར་མ་སྐྱེས་ནས་ལོ་གཉིས་ལོན་པ་ཤ་གསར་དང༌། །མཛོ་ཡི་ཞོ་དར་གནའ་དགོ་བ་ལང་ཤ །སྲན་མ་ཇ་དང་བསྐོལ་གྲང་ཆུ་ལ་སོགས། །སྨུག་པོ་ཚ་བ་རྒྱས་པའི་ཟས་སུ་བཤད། །དྲོད་བཅུད་དྲག་ཤུལ་ཀུན་ཏུ་སྤང་བར་བྱ། །གཙང་ཆེན་ཉ་ཤ་དང་བྱང་གི་རྒོད་གཡག་ཤ་དང་ལུག་ཤ་གསར། །གསར་འཇམ་སྐམ་སའི་ཟན་དྲོན་ལ་སོགས་པ། །སྨུག་པོ་གྲང་རྐྱེན་གབ་པའི་ཟས་སུ་བཤད། །འཇུ་དཀའ་ལྕི་བསིལ་ཉིན་གཉིད་གྲང་བ་སྤང༌། །རླན་མེད་དྲོ་སར་རྔུལ་མ་ཐོན་ཙམ་བཅག །གསུམ་པ་སྨན་གྱིས་བཅོས་པ་རྩི་རྡོ་སྔོ་དང་གསུམ། །དང་པོ་རྩི་སྦྱོར་ཨ་རུ་བྲག་ཞུན་འདུ་བ་སྙོམས། །ཅུ་གང་གུར་ཀུམ་གློ་མཆིན་ཁ་གནོན་ཡིན། །གོང་གི་ཨ་བྲག་ཅུ་གུར་བཞི་མ་བསྣན་པའི་སེ་འབྲུ་ནས་པི་པི་ལིང་གི་བར་ལ་གཉེན་པོ་བདུན་སྦྱོར་ཞེས་པ། གོང་མ་བཞིན་བསྣན་ན་རྩི་སྦྱོར་ཡིན་ནོ། སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང༌། །མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །བད་ཀན་ཚ་བ་འཇོམས་པའི་གཉེན་པོ་ཡིན། །ཏིག་ཏ་བ་ཤ་ཀ་ཡིས་ཁྲག་མཁྲིས་གསོད། །ཚ་སྟོབས་ཆེ་ན་གི་ཝཾ་ཙན་དན་དཀར་པོ་བསྣན། །གྲང་བ་ཆེ་ན་ད་ལིས་སྒེ་གཤེར་བསྣན། །སྟོད་ཀ་ར་སྨད་བུ་རམ་བར་སྦྲང་རྩི་གནས་བུར་དཀར་སྦྲང་རྩིས་བསྒྱུར། །སྨུག་པོ་མ་ལུས་འཇོམས་པའི་སྤྱི་སྨན་ཡིན། །ཁྱད་པར་སྨུག་པོ་ཚ་བ་རྒྱས་ལ་བསྔགས། །གཉིས་པ་རྡོ་སྦྱོར་གངས་ཐིག་ཨ་རུ་བྲག་ཞུན་རྒྱལ། །བཙུན་མོ་བ་ཤ་ཀ་དང་རེ་སྐོན་པ། །ཅོང་ཞི་སྲས་ལ་བློན་པོ་གཉེན་པོ་(མ་ནུ་འུ་སུ་སྟར་བུ་)གསུམ་མ་ནུའི་ཚབ་བསེ་ཡབ་བྱས་པའམ་འདུག། །སྨུག་པོ་མ་ལུས་གསོ་བའི་སྤྱི་སྨན་ཡིན། །ཛཱ་ཏི་ཨ་ག་རུ་དང་ཙན་དན་དཀར་པོ་བསྣན། །སྨུག་པོ་སྙིང་དང་སྲོག་རྩར་བྱེར་བ་འཇོམས། །གི་ཝཾ་ཙན་དན་དཀར་པོ་བསིལ་གསུམ་བསྣན། །སྨུག་པོ་གསར་དུས་ཚ་བ་རྒྱས་པ་སེལ། །ཅུ་གང་རྒུན་འབྲུམ་ཤིང་མངར་དོམ་མཁྲིས་བསྣན། །སྨུག་པོ་གློ་ལ་བྱེར་བ་འཇོམས་པར་བྱེད། །བོང་ང་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། །སྨུག་པོ་ཚ་བ་སྣོད་དུ་གབ་པ་འཇོམས། །ལྡུམ་བུ་རེ་རལ་ཕག་ཁྲག་སྐྱེར་པའི་བར་ཤུན་བསྣན། །རྩ་ཚིགས་བྱེར་བ་དུག་དང་འདྲ་བ་འཇོམས། །རྒྱ་སྐྱེགས་པུ་ཤེལ་རྩེ་ག་བུར་འབྲས་ཡོས་བསྣན་པས་གྱེན་རྡོལ་གཅོད། །ད་ཏྲིག་བྱ་རྐང་དུག་ཉུང་བསྣན་པས་ཐུར་རལ་སྡོམ། །སྟར་བུ་རྒྱམ་ཚྭ་སྦྲུལ་ཤས་བསྣན་ན་འདྲིལ་བ་འཇིག་པའམ་ །ད་ལིས་སེ་འབྲུ་དྲོད་སྨན་པི་པི་ལིང་བསྣན་ན་གབ་པ་སེལ། །སྨན་རྟ་ཁྲག་མཁྲིས་ཚ་ན་ཀ་ར་གྲང་རླུང་ལ་བུ་རམ་བད་ཀན་དང་ཆུ་སེར་ལ་སྦྲང་རྩིས་བསྒྱུར། །འདུས་ནད་གསོ་དཀའ་སྨུག་པོ་འཇོམས་པའི་མཆོག །གསུམ་པ་སྔོ་སྦྱོར་པྲི་ཡངྐུ་ཆ་ལྔ་དང་ཁུར་མང་ཆ་བཞི་དང༌། །སེ་རྒོད་སེ་བ་མེ་ཏོག་དམར་པོ་ཅན་བར་ཤུན་ཆ་གསུམ་སྟར་བུ་ཆ་གཉིས་ཡུང་བ་ཆ་གཅིག་སྟེ་ལྔ། །གོང་མ་ཆ་བསྐྱེད་པ་ནི་གཙོ་བོ་ཡིན་པས་དེ་ཡི་འཁོར། །ད་ལིས་ཤིང་ཚ་སུག་སྨེལ་ར་མཉེ་བ། །སླེ་ཏྲེས་ཞིབ་བཏགས་ཀ་རས་རྟ་བྱས་ལ། །ཚ་གྲང་ནད་ཚ་བར་ཆུ་བསིལ་གྲང་བར་བསྐོལ་བས་འཕུལ་ལ་བཏང༌། །སྨུག་པོ་ཀུན་འཇོམས་ཁྱད་པར་འཐབ་པ་སེལ། །ཙན་དན་དཀར་པོ་ཅུ་གང་གུར་ཀུམ་མ་ནུ་དང༌། །འུ་སུ་ཀ་ར་སྦྱར་བ་ནང་ནུབ་ལྟག་པ་སྤྲད། །སྨུག་པོ་ཁྲག་ཚད་རྒྱས་པ་སེལ་བར་བྱེད། །ཆ་མཉམ་བཞི་ཐང་ལྟག་སྤྲད་སྦོ་སྒྲེག་འཇོམས། །གུར་ཀུམ་དོམ་མཁྲིས་རྒྱ་སྐྱེགས་པུ་ཤེལ་རྩེ། །འབྲས་ཡོས་ཀ་ར་སྦྲང་གིས་སྐྱུག་པ་གཅོད། །ཅོང་ཞི་རེ་སྐོན་ད་ཏྲིག་དུག་མོ་ཉུང༌། །པྲི་ཡངྐུ་རྣམས་འབྲས་ཐུག་ལ་བཏབ་སྟེ། །ལྟག་པ་སྤྲད་པས་ཐུར་དུ་འཁྲུ་བ་གཅོད། །འདུས་ནད་སྨུག་པོའི་གྲོང་ཁྱེར་འཇོམས་པར་བྱེད། །མེ་ཏོག་དང་པོ་ཆུ་སྐྱུར་སྐྱུག་དུས་སུ། །སེ་འབྲུ་མ་ནུ་གུར་ཀུམ་པི་པི་ལིང༌། །སུག་སྨེལ་ཅོང་ཞི་ཀ་རས་ཁ་སླངས་བཏང༌། །ཡང་ན་སེ་འབྲུ་སྟར་བུ་སྐྱུ་རུ་ར། །ད་ཏྲིག་སྐྱེར་འབྲུ་ཆུ་རྐང་ཆུ་མ་རྩིའི་སྡོང་པོ་སྦྱར་བ་བཏང༌འདི་ལ་སྐྱུར་རུ་དྲུག་པ་ཟེར་། །སེར་པོ་མཁྲིས་ཐབས་སྐྱུག་དུས་དུག་མོ་ཉུང༌། །ཏིག་ཏ་ཤིང་མངར་འུ་སུ་ཀ་ཀོ་ལ། །དོམ་མཁྲིས་ཀ་ར་སྦྱར་བས་ཞི་བར་འགྱུར། །ཡང་ན་ཤིང་མངར་གསེར་གྱི་མེ་ཏོག་དང༌། །ཏིག་ཏ་སེ་འབྲུ་དམར་པོ་བཙོད་རྒྱ་སྐྱེས་འབྲི་མོག་གསུམ་ཐང་དང༌། །རྒྱ་བཤལ་སྐྱུག་དུས་ཙན་དན་གུར་ཀུམ་དང༌། །ཅུ་གང་ཏིག་ཏ་ཨུཏྤལ་བ་ལེ་ཀ །སྐྱུ་རུ་ར་དང་སྐྱེར་ཤུན་ཀ་ར་སྦྱར། །རྒྱ་སྐྱེགས་ཁུ་བས་འཕུལ་བཏང་ཞི་བར་བྱེད། །ཁྲག་རུལ་དུད་ཁུ་སྐྱུག་དུས་སེ་འབྲུ་དང༌། །བཙོད་དང་འུ་སུ་སུག་སྨེལ་པི་པི་ལིང༌། །བསེ་ཡབ་ཤིང་མངར་དོམ་མཁྲིས་སྦྲང་སྦྱར་བཏང༌། །བཞི་པ་དཔྱད་དུ་དོན་འབབ་ཁྲག་ཤས་ཆེ་ན་གཏར་ག་དང་སྣོད་བབ་མཁྲིས་ཤས་ཆེ་ན་བཤལ་དང་རྩ་བབ་རླུང་ཤས་ཆེ་ན་མེ་བཙའ་དང་འཕྲལ་དུ་ཟུག་གཟེར་ཆེ་དུགས། །གང་དགོས་ནད་ཀྱི་སྐབས་དང་སྦྱར་ཏེ་བཅོས། །དེ་ནས་གཉིས་པ་བྱེ་བྲག་བཅོས་ཐབས་རྣམ་གསུམ་སྟེ། །གནས་དང་དུས་དང་རིགས་དང་སྦྱར་ཏེ་བཅོས། །དང་པོ་གནས་དང་སྦྱར་ཏེ་བཅོས་པ་ནི། །ཕོ་བར་གནས་ཚེ་བད་ཀན་གཙོ་བོར་བཅོས། །དང་པོ་མ་ནུ་སླེ་ཀཎྚ་སྒ་བཞི་ཐང་གཏོང་བ་བསྔགས། །གོང་གི་རྩི་རྡོ་སྔོ་གསུམ་གང་རིགས་དང་སྤྱི་སྨན་སེ་འབྲུ་བཞི་དང་ལྟག་པ་སྤྲོད། །ཡང་ན་སེ་འབྲུ་སུག་ཤིང་པི་བཞི་དང་གུར་ཀུམ་དང༌། །མ་ནུ་འུ་སུ་སྟར་བུ་སྦྱར་ལ་བཏང༌། །མཆིན་པར་གནས་ཚེ་ཁྲག་ནད་གཙོ་བོར་བཅོས། །དང་པོ་ཏིག་ཏ་རུ་རྟ་བ་ཤ་ཀ །མ་ནུ་པུ་ཤེལ་རྩེ་ཡི་བསྐོལ་གྲང་བཏང༌། །ཕྱེ་མ་གུར་ཀུམ་མཆོག་བདུན་དང་ཅུ་གང་བྲག་ཞུན་སུག་སྨེལ་བྲག་ཞུན་ཏིག་ཏ་པི་པི་ལིང་ཨ་རུ་ར་མཚལ་དཀར་བརྒྱད། །རུ་ཐུང་སྣོད་ཀ་ཁྲག་ཚོད་སྦྱར་ལ་བཏང༌། །ཕྱེ་མ་གུར་གུམ་བདུན་པ་དང་གཏར་གྱིས་མ་ཞི་དུར་བྱིད་དང༌། །ཧོང་ལེན་ཚ་ལའི་རིལ་བུས་ཟུངས་སྦྱར་སྦྱང༌། །རྒྱུ་མར་གནས་ཚེ་མཁྲིས་པ་གཙོ་བོར་བཅོས། །ཏིག་ཏ་མ་ནུ་དུག་ཉུང་བསྐོལ་གྲང་བཏང༌། །ཡང་ན་ཨིཎྜ་དུང་ཉུང་བོང་དཀར་ག་དུར་བ་ལེ་ཀ་བཞི་ཐང་ཤིས་པ་ཡིན། །ཕྱེ་མ་བྲག་ཞུན་དུག་ཉུང་བོང་ང་དཀར། །དོམ་མཁྲིས་མ་ནུ་འུ་སུ་ཨ་རུ་ར། །ག་དུར་ཀ་ར་སྦྱར་བའི་ཕྱེ་མ་བསྟེན། །ཞི་བར་མ་ནུས་གོང་ལྟར་བཤལ་གྱིས་སྦྱང༌། །ལོང་དུ་གནས་ཚེ་རླུང་ཉིད་གཙོ་བོར་བཅོས། །དང་པོ་མ་ནུ་བཞི་ཡི་བསྡུས་ཐང་བཏང༌། །སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ་དང་བཟང་པོ་ཛཱ་སུག་ཀ་གསུམ། །གུར་ཀུམ་ཤིང་ཚ་ཟི་ར་དཀར་པོ་ཨ་རུ་ར། །རྒྱམ་ཚྭ་ཁ་རུ་ཚྭ་དང་བུ་རམ་སྦྱར། །ཆུ་ཚན་འཕུལ་བས་སྦོ་འཁྲོག་ལོང་རླུང་འཇོམས། །སྨད་དུ་ཟུག་ཆེ་འགགས་ན་ལོང་རྩ་གཏར་མས་འདྲེན་ནི་རུ་ཧས་ཡང་ཡང་བྱ། །གཉིས་པ་སྨུག་པོ་དུས་ཀྱིས་བཅོས་པ་ཚ་བའི་དུས། །རུ་རྟ་(ཏིག་ཏ་བ་ཤ་ཀ་པུ་ཤེལ་རྩེ་མ་ནུ་)ལྔ་ཐང་སྨུག་པོའི་འཕྲལ་ཟུག་གཅོག །ཕྱེ་མ་ཙན་དན་དཀར་པོ་གི་ཝཾ་གུར་ཀུམ་དང༌། །ཅུ་གང་མ་ནུ་འུ་སུ་བ་ཤ་ཀ །ཨུཏྤལ་རེ་སྐོན་ཏིག་ཏ་བྲག་ཞུན་རྣམས། །ཀ་ར་སྦྱར་ལ་སུམ་ཡར་བཏང་བར་བྱ། །ཡང་ན་ཨ་རུ་བྲག་ཞུན་རེ་སྐོན་པ། །ཀྱི་ལྕེ་བོང་ང་དཀར་པོ་སྤང་རྩི་པྲི་ཡངྐུ། །ཀ་ར་སྦྱར་བཏང་ཡང་ན་ཙན་དན་དཀར། །གི་ཝཾ་བསིལ་ཅུ་གུར་ལི་གསུམ་ཏིག་ཏ་བ་ཤ་ཀ །རུ་རྟ་བྲག་ཞུན་ཨ་རུ་ཀ་ར་སྦྱར། །ཆུ་གྲང་འཕུལ་བས་སྨུག་པོ་རྒྱས་པ་འཇོམས། །ཕོ་བ་དང་སྟོད་དུ་སྣོད་ཀ་མཆིན་པ་དང་བར་དུ་རུ་ཐུང་རྒྱུ་མ་དང་སྨད་དུ་ལོང་རྩ་གནས་སྦྱར་གཏར། །ཕྱེ་མ་གཏར་གྱིས་མ་ཞི་གོང་ལྟར་སྦྱང༌། །བར་དུ་འཁྲུགས་ཏེ་རླུང་ཁྲག་འཐབ་པའི་དུས། །མ་གྲང་བཅག་ཅིང་བསིལ་དྲོད་ཁྲེའུར་བཏང་། །སེ་འབྲུ་མ་ནུ་སྟར་བུ་པི་པི་ལིང༌། །བ་ཤ་ཀ་དང་ཀ་ར་སྦྱར་བ་བསྔགས། །ཡང་ན་ཅུ་གང་བདེ་བྱེད་ཆུང་ངུ་ལ། །མ་ནུ་འུ་སུ་སྟར་བུ་བསྡེབས་ཏེ་བསྟེན། །ཆུ་བོའི་ལོ་མདཀར་པོ་བྲག་སྐྱ་ཧ་བོས་དུགས་ཀྱིས་འཕྲལ་ཟུག་བཅག །དེ་ལ་བདེ་སྐྱེད་ཆུང་ཡང་སྟོབས་བཟང་ན། །སྔོན་འགྲོ་ཡུན་བསྲིང་འཇམ་རྩིས་རླུང་བསལ་ལ། །སྟར་བུ་ལྔ་བཤགས་ཏེ་དུར་བྱིད་སྟར་བུ་དུང་ཐལ་སྦྲུལ་གྱི་ཤ །རྒྱ་ཚྭ་བུ་རམ་སྦྱར་བའི་བཤལ་གྱིས་སྦྱང༌། །སྦྱང་བའི་ཟུངས་མེད་འཇམ་རྩི་ནི་རུ་སྤེལ། །ལན་གྲངས་བདུན་དགུ་ཅི་རིགས་བཏང་བྱས་ན། །རླུང་མལ་གཞུག་ཅིང་ལོང་ཕུགས་ཁྲག་སྐམ་དབྱུང༌། །ཁྲག་ཚད་ཁ་འཐོར་ན་རུ་ཐུང་རྩེ་ཆུང་ལོང་རྩ་གསུམ་ག་ཁ་ཕྱེ་ཙམ་བྱས་ལ་དྲགས་ན་ཉེས་པ་ཆེ་ལ་། །ཨན་སྟོང་བཅུ་གསུམ་ལོང་གསང་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང་མདུན་གྱི་ལྟེ་བའི་གཡས་གཡོན་མཚོན་རེ་བཅལ་བའི་ལོང་ཐེར་དང་དེ་ནས་གཡས་གཡོན་དུ་མཚོན་རེ་ལོང་ཕུགས་ཀྱི་གསང་རྣམས་མེ་ཡིས་མནན། །དེ་ཡིས་འཐབ་པ་གནས་སུ་ཞི་བར་འགྱུར། །ཐ་མ་གྲང་བ་ལྷིང་ཆད་བཅོས་པ་ནི། །རྒྱམ་ཚྭ་ཨ་རུ་སྒ་གསུམ་དང་དེ་སྟེང་པི་ལིང་བསྣན་པས་བཞི་པའི་ཐང་མང་བཏང༌། །ཕྱེ་མ་སེ་འབྲུ་སུག་ཤིང་པི་བཞི་སྟེང་ཕོ་བ་རིས། །མ་ནུ་འུ་སུ་སྒ་དང་ཀ་ར་སྦྱར། །ཡང་ན་མ་ནུ་འུ་སུ་རྒྱམ་ཚྭ་བསྣན། །བུ་རམ་སྦྱར་བ་ཆུ་ཚན་འཕུལ་ལ་བཏང༌། །འཇམ་རྩི་ནི་རུ་ཧ་སྤེལ་སྐབས་སུ་བསྔགས། །མེ་མཉམ་གནས་ཕོ་བ་དང་ལོང་གསང་ཚིགས་པ་དྲུག་བདུན་བརྒྱད་པ་བསྲོ་སྟེ་བསྲེགས། །གཏར་བཤལ་བསིལ་ཕྱོགས་རླན་གྲང་བསེར་བུ་སྤང༌། །དྲོ་ལ་བཅུད་པས་བད་རླུང་ཞི་བར་བྱ། །རིགས་ཀྱིས་བཅོས་པ་སྨུག་པོ་བྱེར་བ་ལ། །གུར་ཀུམ་ཅུ་གང་ཨུཏྤལ་བ་ལེ་ཀ །ཏིག་ཏ་སྐྱུ་རུ་སྐྱེར་ཤུན་ཀ་ར་སྦྱར། །གང་བབས་རྩ་གཏར་བྱེར་ཆུང་དེ་ཡིས་སེལ། །བྱེར་ཚབས་ཆེ་ན་བསྡུ་བསད་སྦྱང་བར་བྱ། །བསྡུ་བ་ཕག་ཁྲག་མ་ནུ་འུ་སུ་དང༌། །སྟར་བུ་ཀ་ར་སྦྱར་བས་བྱེར་བ་སྡུད། །ཡང་ན་སེ་འབྲུ་སེ་རྒོད་བར་ཤུན་དང༌། །རེ་རལ་གསུམ་པོ་གང་རུང་བྱུང་ན་རྒྱལ་པོ་རེ་རལ་ཕག་ཁྲག་ཀ་ར་བ་འོས་དབུལ། །ཡང་ན་ཚ་ལ་འོ་མ་སྦྱར་བས་བསྡུ། །དེ་དག་ཀུན་གྱིས་སྨུག་པོ་སྤྱི་རུ་སྡུད། །སེར་པོ་གསུམ་ཐང་ཛའི་ཛོང་འཕྲང་དུ་ཡུང་བ་སྐྱེར་པ་ལྩུམ་ཙ་གསུམ་ཡིན་པར་བཤད་སྟོད་དུ་བྱེར་བ་སྡུད། །ཚ་ལ་ཚོས་རྒྱ་བཙོད་ཞུན་སུམ་ཐང་གིས་སྨད་བྱེར་སྡུད། །འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགག །ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ། །དེ་དུས་སྤྱི་སྨན་རྩི་སྦྱོར་བསྟེན་ཏེ་བསད། །དེ་རྗེས་དུར་བྱིད་ཧོང་ལེན་ཚ་ལས་སྦྱང༌། །ནད་སྟོབས་ཆེ་ན་རིམ་པ་ཅི་རིགས་བསྐྱར། །ཆུང་ན་སྦྱངས་རྗེས་ཕྱེ་མས་བསད་པར་བྱ། །མ་འདུས་བྱེར་བ་རང་སར་བསད་པ་ནི། །སྨུག་པོ་སྤྱི་སྨན་བར་པའི་མདེ་ཁ་སྦྱར། །ཡང་ན་རྒྱས་པའི་སྐབས་ཀྱི་རྩི་སྦྱོར་ཕྱེ་མ་ལ། །མགོར་བྱེར་དོམ་མཁྲིས་ཏིག་ཏ་མཚེ་ལྡུམ་བསྣན། །སྙིང་ལ་སྤོས་དཀར་ཛཱ་ཏི་ཨ་གར་ནག་པོ་བསྣན། །གློ་ལ་ཅུ་གང་ཤིང་མངར་མཚལ་དཀར་བསྣན། །མཆིན་པར་བྲག་ཞུན་གུར་ཀུམ་བ་ཤ་ཀ །རྒྱ་སྐྱེགས་སྦངས་པའི་ཁུ་བས་འཕུལ་ལ་བཏང་། །མཆེར་པར་ལི་ཤི་གསེར་མེ་པི་པི་ལིང༌། །མཁལ་མར་གླ་རྩི་སུག་སྨེལ་ལྕམ་པ་བསྣན། །བསམ་སེར་ཚོས་སྐག་ཚོད་ཞུན་གསུམ་བསྣན་ཏེ་བྱིན་ལོང་གཏར། །དོན་ལྔ་རང་རང་སྨན་རྗེས་རྩ་ལ་གཏར་བ་སྟེ། །མགོ་ལ་གསེར་མདུང་མཚོག་གསང་རྩེ་ཆུང་གཏར། །ནང་རྩར་བྱེར་ན་རྩ་ལྟོ་སྦྲགས་ལ་སྦྱང༌། །ཤ་ལྤགས་རྩ་རུས་ཕྱི་རུ་བྱེར་བ་ལ། །ཁོང་ནད་བསལ་ལ་དེ་རྗེས་ཆུ་ལུམས་བྱ། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །མ་རྡོལ་རྒྱས་པའི་བཅོས་ཐབས་གོང་དུ་བསྟན། །ཤིན་ཏུ་རྒྱས་ཏེ་མཚོ་རྡོལ་གྱེན་ཐུར་གཉིས། །གྱེན་རྡོལ་སྟོབས་ལྡན་ཁ་ཟས་ཚུད་པ་ལ། །མི་བཅད་སྣུམ་བྱུག་གསུར་བདུག་རུས་ཁུ་བུར་ཆུ་སོགས། །ལུས་ཟུངས་བསྲུངས་ལ་ནད་ཁྲག་སྐྱུག་ཏུ་གཞུག །ཁྲག་ལམ་མ་ཆོད་ཟུངས་མེད་བཅད་དགོས་ན། །འབྲས་དཀར་ཆུ་དྲོན་བཀྲུས་པའི་ཁུ་བར་སྐྱུ་རུ་པུ་ཤེལ་རྩེ། །སྦྲང་རྩི་རྩེ་གུར་སྦྱར་བཏང་ཙན་དན་དམར་པོ་པུ་ཤེལ་རྩེ། །བ་ལེ་ཀ་དང་ག་དུར་པར་པ་ཏ། །བསྐོལ་གྲང་ཐང་བཏང་པྲི་ཡངྐུ་བསྲེགས་པའི། །ཐལ་བ་ཞུན་མར་སྦྱར་ཏེ་བཏང་བར་བྱ། །ཅུ་གང་གུར་ཀུམ་དོམ་མཁྲིས་བ་ཤ་ཀ །ཟབ་ཐལ་འགྲོན་ཐལ་སྲན་མའི་མེ་ཏོག་སྦྱར། །ཙན་དན་དམར་པོ་ར་ཁྲག་པུ་ཤེལ་རྩེའམ། །སྟང་ཟིལ་ལམ་ཏོ་བུང་བ་འབྲས་ཡོས་ཕྱེ་དང་ཀ་ར་སྦྱར། །དེ་རྣམས་ཀྱིས་མ་ཆོད་ན་ལོག་ནོན་དུར་བྱིད་པྲི་ཡངྐུ། །ཁུ་བ་སྦྲང་དང་སྦྱར་བས་སྦྱང་བར་བྱ། །ཡང་ན་དུར་བྱིད་འབྲས་གསུམ་པྲི་ཡངྐུ། །པི་པི་ལིང་དང་སྦྲང་སྦྱར་སྦྱང་བ་མཆོག །རྗེས་ལ་སེ་འབྲུ་སྐྱུ་རུ་འབྲས་ཡོས་ཕྱེ། །མར་དང་སྦྱར་བའི་སྐྱོ་མ་བླུད་པར་བྱ། །ཐུར་དུ་རལ་བ་ཟུངས་ཡོད་གོང་མ་འཁྲུར་གཞུག་བཞིན། །བྱས་ལ་འཁྲུར་གཞུག་གལ་ཏེ་ཟུངས་ངན་ན། །བཅད་དགོས་ཐ་རམས་བྱ་རྐང་རྒྱ་སྐྱེགས་བསྡུས། །ཁུ་བར་ད་ཏྲིག་དོམ་མཁྲིས་པྲི་ཡངྐུ། །རེ་སྐོན་ཀ་ར་བཏབ་ལ་བཏང་བའམ། །འབྲས་ཐུག་རེ་སྐོན་ཅོང་ཞི་ཀར་སྦྱར་བཏང༌། །ཡང་ན་བ་ཤ་ཀ་དང་པྲི་ཡངྐུ། །ནག་མཚུར་སེང་ཕྲོམ་ཞུ་མཁན་སྐྱེར་པའི་ཁཎྜ་ཡི། །བསྡུས་ཐང་གྲང་མོ་སྦྲང་དང་སྦྱར་ལ་བཏང༌། །འབྲས་སྣ་ཨ་སྲ་འཇམ་གསུམ་དང་ཀ་པེད་མོན་ཆ་ར། །འབྲས་ཡོས་ཕྱེ་དང་ཀ་ར་སྦྱར་ལ་བཏང༌། །བྱིན་ཉྭ་ཆུས་བསྒྲང་ལོང་གསང་མདུན་རྒྱབ་བསྲོ། །དེ་རྣམས་ཀྱི་མ་ཆོད་ལོག་ནོན་སོན་ཆ་འོ་མ་དང་སྦྱར་བའི་སྦྲང༌། །སྐྱུགས་བྱས་པའི་རྗེས་ལ་སེ་འབྲུ་པུ་ཤེལ་རྩེ། །སེང་ཕྲོམ་ཙན་དན་དམར་པོ་འབྲས་ཐུག་བླུད། །བ་འམ་ར་ཡི་འོ་མ་གསོན་ཁྲག་ལ། །པུ་ཤེལ་བཏབ་པའི་འཇམ་རྩི་བཏང་བར་བྱ། །ངོ་བོ་ཟད་པའི་རྟགས་བྱུང་བ་ར་ཡི། །འོ་མ་ཀ་ར་མར་སྐོལ་རླུང་དུས་དགོངས་དང་ཐོ་རངས་བཏང༌། །གསར་བཅུད་ཤ་གསར་མར་གསར་ཆང་གསར་གསུམ་དང་མངར་ཀར་བུར་སྦྲང་གསུམ་ཆུར་འདུས་པའི་ཏིང་ཁྲོལ་ལྡེ་གུ་སོང་ཙམ་བསྐོལ་བ་བྱིན། །དཀར་འདོན་སྦྱོར་བ་ལོ་མ་ལ་སྒ་ཚ་ཕྱེ་བཏབ་བསྐོལ་བ་ཅུ་གང་བདེ་བྱེད་སྐབས་སྦྱོར། །སྨུག་པོ་གསར་དུས་བཤིག་ཏུ་མི་རུང་བའི་ཅུ་གང་བརྒྱད་པ་སྦྱར་ཨ་སོའི་དུགས་བྱ་རུ་ཐུང་གཏར་གབ་ཅིང་འགྱིངས་ན་བཟང་ཛཱ་སུག་ཀ་ཅུ་གུར་ལི་དྲུག་དང༌། །ཅོང་ཞི་ཚ་སྦྱོར་བཤིག་ལ་དེ་རྗེས་སྦྱང༌། །ཡང་ན་ཨ་རུའི་ཕྱེར་བྲན་ཞུན་དེའི་ཕྱེ་རེ་སྐོན་གསུམ། །རིམ་པས་ཕྱེད་སྐྱུངས་སྐྱུ་རུ་བ་ཤ་ཀ །རུ་རྟ་བོང་ང་དཀར་པོ་བུར་སྦྲང་གིས་བསྒྱུར། །ཕྱེ་མ་ཐོག་མ་བུངས་བྲིད་དེ་རིམ་པས་བསྐྱེད་ཆུ་སྐོལ་འཕུལ་ལ་བཏང༌། །འཇུ་དཀའ་སེ་འབྲུ་ཤིང་སུག་པི་བཞི་དང་ལྟག་པ་སྤྲད། །ཡང་ན་གངས་ཐིགས་བཅུ་གསུམ་པ་ནི་གངས་ཐིགས་ཚ་སེལ་ཨ་རུ་བྲག་འདུ་བ་སྙོམས་བྲག་ཞུན་མཆིན་ནད་སེལ་བ་དང༌། །གི་ཝཾ་སྣོད་ཚད་སེལ་ཙན་དན་དོན་ཚད་སེལ་མི་རུས་བཙའ་མ་ཆུ་སེར་སྐེམ་པ་དང༌། །དོམ་མཁྲིས་རྩ་ཁ་བསྡོམ་ཡུང་བ་དུག་ཚད་སེལ་ཁུར་རྩ་ཕོ་བ་བད་ཀན་ཆགས་པ་འགོགས་དྲི་ཆེན་སྙིགས་མ་སྦྱོང་བ་དང༌། །བཟང་དྲུག་དོན་སྣོད་སྤྱིའི་ཁ་འཛིན་ཀར་སྦྱར་གངས་ཐིགས་ཁུར་རྩ་མི་རུས་དྲི་ཆེན་བཞི་ནི་རྩ་བའི་སྨན། བྲག་ཞུན་དོམ་མཁྲིས་ཡུང་བ་སོག་ཐལ་བཞི་ནི་ཁྱད་པར་གྱི་སྨན། ཨ་རུ་བཟང་དྲུག་ཙན་དན་གྷི་ལྦཾ་བཞི་ནི་ཐུན་མོང་གི་སྨན་ཡིན་ཏེ་དེ་ལྟར་རྩ་བའི་སྨན་བཅུ་གཉིས་པོའི་སྟེང་དུ་ཨ་རུ་རྒྱམ་ཚ་དང་སུག་སྨེལ་སེ་འབྲུ་ཁ་བསྒྱུར་ནི་སྨུག་པོ་ལ་སེ་འབྲུ་བསེ་ཡབ་མ་ནུ་འུ་སུ་སྟར་བུ་ཨཏྤལ་སྒ་སྐྱ་པི་པི་ལིང། དུག་ལ་གླ་རྩི་ཁྱུང་སྡེར་བོང་དཀར་རེ་རལ་བསེ་རུ་དཀར་པོ་དང་། ཁྲག་ལ་ཧོང་ལེན་བ་ཤ་ཀ་མ་ནུ་རེ་སྐོན། མཁྲིས་པར་ཏིག་ཏ་དུག་ཉུང་བོང་དཀར་གསེར་མེ་རྣམས་བསྣན། གཞུང་དུ་མི་རུས་མ་གཏོགས་མི་སོག་ཐལ་མ་གསུངས་ཀྱང་ཡན་ལག་དམར་ཁྲིད་དུ་བཤད་པས་མི་རུས་དང་མིའི་སོག་ཐལ་སོ་སོར་དགོས། འདི་ལ་གངས་ཐིགས་བཅུ་གསུམ་ཟེར་བའི་གྲངས་འདྲེན་དུས་བཟང་དྲུག་གཅིག་ཏུ་བརྩིས་པ་རྩ་བ་སྨན་བཞི་ཁྱད་པར་རྩི་སྨན་བཞི་སྟེ་བཅུ་གཉིས་གྱི་སྟེང་དུ་ཁ་བསྒྱུར་རྣམས་གྲངས་གཅིག་ཏུ་རྩིས་པས་བཅུ་གསུམ་ཞེས་བགྲང་དགོས་པ་ལག་ལེན་དམར་ཁྲིད་ཡིག་ཆུང་གི་དགོངས་པ་ཡིན་ནོ་ རིམ་པས་བསྐྱེད་དེ་བཏང༌། །འཁྲོག་འགྱུར་འཁྲུ་སྙམ་བྱེད་ན་ཁ་ཟས་དབྲི། །སྨན་ཐུན་བསྐྱེད་ལ་ཆུ་སྐོལ་ཚན་མོས་དབུལ་ཆུ་བསྐོལ་མང་དུ་བཏང་། །ནད་འགྱིངས་ཞོ་ལྟར་ཆགས་པ་ཐུར་དུ་སྦྱང༌བར་བྱེད་པ་སྟེ་བཤལ་འབྱུང་། །གལ་ཏེ་འཁྲུར་མ་འདོད་ཀྱང་ནད་རང་གི་གནས་སུ་འཇོམས། །ཡང་ན་སྟར་བུ་ཞོ་གསུམ་རྒྱམ་ཚྭ་ཞོ་གཉིས། །མ་ནུ་འུ་སུ་ཐུན་རེ་ཀ་ར་སྦྱར། །ཆུ་ཚན་འཕུལ་བས་སྨུག་པོ་འགྱིངས་པ་བཤིག །དུར་བྱིད་སྟར་བུ་ཚ་ལ་བུ་རམ་གྱི། །རིལ་བུས་སྦྱངས་ཏེ་རྒྱམ་ཚྭ་སྟར་བུ་དང༌། །རུས་ཁུའི་ལྕག་བསྟེན་བསིལ་དྲོད་སྤེལ་ཏེ་བཅད། །སྨུག་པོའི་ཁྲག་སྐྲན་འདྲིལ་ན་གསར་བ་ལ་ཚྭ་བསྲེགས་སྦྱར་ན་མི་རུང་བས་ཅུ་གང་བརྒྱད་པ་སྦྱར་བྲག་སྐྱ་ཨ་བོས་དུགས་བྱ། རུ་ཐུང་གཏར་སླར་ཡང་དེ་རྙིང་ན་ཕྱེ་རྒྱུད་ནས་གསུངས་པའི་ཚྭ་བསྲེགས་སྦྱར། །ཡང་ན་ཅོང་ཞི་ཚ་སྦྱོར་བསྟེན་ཏེ་བརྐོ། །ཡང་ན་ཟེ་ཚྭ་ཞོ་གསུམ་མཚལ་གྱིས་ཁ་བསྒྱུར། །ལུག་གི་ཀླད་པ་མ་རུལ་བ་བཙོས་ཏེ་སྦྱར་ལ་བཏང༌། །ཁ་ཟས་ཕག་སྦྲུལ་ཉ་ཤས་བཤིག་པར་བྱ། །ཞིག་ན་ངོ་བོ་ཅུང་ཟད་སྙི་རུ་མངོན། །དང་ག་འགག་ཅིང་རྩ་ཆུའི་ཚ་བ་སྐྱེ། །དུར་བྱིད་རྒྱམ་ཚྭ་སྟར་བུ་སྦྲུལ་ཤ་དང༌། །བུ་རམ་སྦྱར་བའི་རིལ་བུས་སྐྲན་རོ་སྦྱང༌། །བཞི་པ་ཤིན་ཏུ་རྙིངས་ཤིང་བཤིག་དཀའ་སྨན་དང་རུ་ཐུང་གཏར་བཤལ་སྦྱོངས། །ཚ་བ་བསིལ་ལ་ཐུར་རྗེས་བཤལ་གྱིས་སྦྱང༌། །གཉིས་པ་མཇུག་བསྡུ་བ་ནི་ལར་ནི་སྨུག་པོ་འདུས་པའི་ནད་ཡིན་པས། །ས་འདྲ་གསོ་དཀའ་ནད་སྣུར་ལྕི་བའི་ཕྱིར། །ལན་རེས་ཞི་བར་མི་འགྱུར་བཅོས་རྣམས་བསྐྱར། །ཟུངས་མ་བསྲུངས་པར་སྨན་དཔྱད་བསྟུད་དྲགས་ན། །གསེར་ཟད་གཡའ་ཟད་ནད་ཟུངས་དུས་གཅིག་འཛད། །དེ་ཕྱིར་ནད་སྟོབས་ཅུང་ཟད་བྲི་བའི་སྐབས། །གསར་བཅུད་ཟས་ཀྱིས་ལུས་ཟུངས་བསྲུང་ཞིང་བཅོས།།

སྤྱི་དོན་བརྒྱད་པ་ཐ་མ་མི་བཟློག་ནད་རྗེས་གཅོད་པའི་ཐབས། །གང་འཕྲོད་ཀྱི་བཤལ་དང་ཕྱེ་མས་ནད་ལྷག་མེད་པར་སྦྱང༌། །ཚིགས་པ་དྲུག་པ་སྲོག་རྩ་ཚིགས་པ་བཅུ་གཅིག་པ་ཕོ་ལོང་མཆིན་པའི་གསང་རྣམས་མེ་ཡིས་བསྡམ། །མི་འཕྲོད་ཟས་སྤྱོད་ལོ་དུས་བར་དུ་བསྲུང༌། །དེ་ཡིས་མི་བཟློག་བརྟན་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འདུས་ནད་བད་ཀན་སྨུག་པོ་བཅོས་པའི་ལེའུ་སྟེ་ལྔ་པའོ།  །དེ་ལྟར་ལེའུ་ལྔ་ནི་ཉེས་གསུམ་གསོ་བའི་སྐབས་ཏེ་དང་པོའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།