ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་གསོ་བའི་ཐབས་བསྟན་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011 |
མན་ངག་རྒྱུད། >> ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་གསོ་བའི་ཐབས་བསྟན་པ། |
ལེའུ་ལྔ་པ་འདུས་ནད་སྨུག་པོ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་དང་འབྲུ་བཞིའི་བར་རོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན། །ལེའུའི་མཚན་ནོ། །དང་པོ་ནི། སྟོན་པས་ཞེས་འབྲུ་བཞི་དང་རྐང་པ་གཅིག་གིས་བསྟན་ཏོ། །གཉིས་པ་ལ་གསུམ། འདུས་པའི་གསོ་བ་སྤྱིར་བསྟན་པ་བྱེ་བྲག་གསུམ་དུ་དབྱེ་བ། ཁྱད་པར་སྨུག་པོའི་བཅོས་ཐབས་བསྟན་པའོ། །དང་པོ་ནི། འདུས་པའི་ནད་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཉེས་པ་གསུམ་དུ་འདུས་པའི་ནད་ལ། དེའི་གཉེན་པོའང་གསུམ་གྱིས་བཅོས་པར་བྱ་དགོས་ཏེ། འདུས་པ་དེ་ལའང༌། འདུས་ལ་མཚུངས་གཅིག་རབ་འབྲིང་གསུམ་སྦྱར་དྲུག་སོགས་ཀྱི་དབྱེ་བ་དང༌། རྐྱེན་གྱི་སྟོབས་ལས་བྱེ་བྲག་བསྟན་པའི་ཕྱིར་རོ། །གཉིས་པ་ནི། འོན་ཀྱང་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འདུས་པ་གསུམ་ག་བཅོས་དགོས་ཏེ། འོན་ཀྱང་རང་གི་རང་བཞིན་ནད་གཞིའོ། །རྒྱུ་ཡི་སྒོ་ནས་འདུས་པ་དང༌། བྱུང་ཚུལ་གདོན་རྐྱེན་དང་ནམ་ཟླའི་དུས་སམ་ནད་ཀྱི་གནས་སྐབས་དུས་ཀྱི་སྒོ་ནས་འདུས་པ་དང༌། ཕྱི་རྐྱེན་ལས་དང་དྭངས་མ་སོགས་ཀྱི་རྟ་ལ་ཞོན་ནས་འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་སྟེ། ཉེས་གསུམ་འདུས་པ་གསུམ་མོ། །དེ་ལ་ཚིགས་བཅད་དམ་ཚིག་རྐང་ཕྱི་མ་བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ་གསུམ་མོ། །དེ་ལ་ཚིགས་བཅད་དམ་ཚིག་རྐང་ཕྱི་མ་བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ་མ་སྨིན་ཚ་བ། འདུ་བ་འཁྲུགས་པའི་འདུས་པ་དུག་ནད་ཡིན་ཏེ། ཚིག་རྐང་དང་པོ་རང་བཞིན་རྒྱུའི་འདུས་པ། མཚོན་པར་བྱེད་པའི་མིང་བད་ཀན་སྨུག་པོར་བཏགས་ཏེ། མཚོན་བྱེད་མིང་གིས་མཚོན་བྱ་ནད་ཤེས་པར་འགྱུར་བས་སོ། །གསུམ་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་བརྒྱད་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་ཀུན་འདུས་ཚུལ་ནི། རླུང་མཁྲིས་བད་ཀན་ལས་ནད་ཡེ་མི་མངའ་བ་དང༌། ཁྲག་ལུས་ཟུངས་ཡིན་ཀྱང༌། རང་སྲིད་དགྲ་ལ་ལོག་པ་ལྟར་རམ། ཏིལ་མར་རང་ཚིག་པའི་རྒྱུ་རང་གི་བྱེད་པ་ལྟར་བྱེད་པས། རེས་འགའ་ནད་ཀྱི་རྒྱུ་རུ་བཞག་སྟེ། ཡན་ལག་བརྒྱད་པ་ལས། ཉེས་པ་གཞན་ལྟར་ཁྲག་དག་གི །གཞན་གྱི་དབང་གིས་ཉེས་མིན་ཀྱང༌། །དེ་ནི་ཏིལ་མར་ཚིག་པ་ལྟར། །ནད་ཀྱི་རྒྱུ་རུ་བཞག་པ་ཡིན། །ཅེས་སོ། །དེ་བཞི་འདུས་ཤིང་ཆ་ཆེ་ཆུང་དང་འཕེལ་ཟད་འཐབ་པ་སོགས་བྱེད་པས་ནད་ཀུན་འདུས་པའི་ཕྱིར་འདུས་ནད་སྨུག་པོའི་རྟགས་དང་བཅོས་ཐབས་ཤིན་ཏུ་དཀའ་བའོ།།
གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། ཚ་རྐྱེན་ཞེས་རྐང་པ་དགུས་བསྟན་ཏེ། རྐྱེན་ནི་འགྲམས་ཀྱི་ཁྲག་ལྷག་པ་དང་མཚོན་ཁྲག་ནང་དུ་ལུས་པ་ལ་མ་གཏར་བས། མཆིན་པར་ལྷུང་བའམ། ཡང་ན་མཆིན་ཁྲག་རྒྱས་པ་ཟུངས་སུ་མ་གྱུར་པར་ཕོ་བར་ལྷུང་བས་བད་ཀན་དང་འདྲེས། དེ་རྒྱུ་མར་ལྷུང་བས་མཁྲིས་པར་འདྲེས། དེ་ཉིད་མར་ལ་བཤལ་བར་ལོང་དུ་གནས་འཆུགས་པའམ་ལོང་དུ་ལྷུང་བས་རླུང་དང་བསྡོངས་དེ་ལ་སྨུག་པོ་ཡས་བབས་ཞེས་བྱའོ། །གཉིས་པ་ནི། །གྲང་རྐྱེན་ཞེས་རྐང་པ་དགུས་བསྟན་ཏེ། ཝ་ལྟར་གཞའ་བ་ནི་ཝ་ལྟར་གབ་པ་སྟེ་ཝ་གཞའ་ཞེས་བྱའོ། །འདི་ཉིད་དང་པོ་ཕོ་བ་ནས་མཆིན་པར་སོང་བ་ལ་མས་ཆགས་སུ་བཏགས་པའོ། །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨུག་པོའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ལ་གཉིས། དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རང་གནས་ཞེས་སོགས་རྐང་པ་གཅིག་གིས་བསྟན་ལ། གནས་རང་ཕོ་མཆིན་རྒྱུ་ལོང་རྣམ་པ་བཞི་ཞེས་པས་འདུས་པ་ཀུན་ལ་ཁྱབ་མོད་ཀྱང༌། རང་གནས་སུ་བཤད་པ་ནི། གཙོ་ཆེ་བ་འདིར་བཤད་རྒྱུད་དུ་གནས་ས་ལུས་ཁྱབ་གྱུར་ཀྱང༌། ཞེས་སོགས་ལྟར་ཡིན་ལ་འདིར་རྒྱུ་བཞིའི་གནས་ལ་རང་གནས་སུ་བཞག་སྟེ་ཕོ་བར་བད་ཀན་མཆིན་པར་ཁྲག་གནས་རྒྱུ་མར་མཁྲིས་པ་ལོང་དུ་རླུང་གནས་པའོ། །གཉིས་པ་ལ་བཞི་ལས། དང་པོ་ནི། ཕོ་བ་ཞེས་སོགས། གཉིས་པ་ནི། མཆིན་པར་སོགས་སོ། །གསུམ་པ་ནི། རྒྱུ་མར་སོགས་སོ། བཞི་པ་ནི། ལོང་དུ་སོགས་སོ། །གཉིས་པ་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། གནས་གཞན་ཞེས་རྐང་པ་གཅིག་གིས་བསྟན་ཏོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། ཕྱི་གནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ནང་གནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ལ། སྨུག་པོ་ནང་གནས་ནི་བཤད་རྒྱུད་དུ། སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ། ཞེས་སོགས་ཀྱི་སྲོག་རྩ་ནག་པོ་སྟེ། དེ་ཡང་མཆིན་པར་ཟུངས་སུ་མ་སོང་བ། དེ་མཆིན་པ་དང་སྲོག་རྩ་འབྲེལ་བའི་ལམ་བརྒྱུད་ནས་སྲོག་རྩའི་ཁྲག་དང་བསྡོམས་པས་ཁྲ་སའི་རྫོང་དང༌། དེ་ལས་སྒལ་ཚིགས་སུ་འབྲེལ་བས་བཙན་མཁར་དུ་འདོད་དོ། །གཉིས་པ་ནི། ཡར་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྲོག་རྩ་ལས་གྱེས་པའི་རྩ་སྟོང་རྩེ་ནག་གཉིད་ལོག་བརྒྱུད་ཡར་ལ་མགོ་ལ་འཕྱུར་བའམ་སྦོས་པས་མགོ་ནད་བྱེད། དེ་བཞིན་དུ་དོན་ལྔའི་རྩ་དང་འབྲེལ་བ་ལ་བརྒྱུད་པའོ། །བཞི་པ་ལ་གཉིས། །མདོར་རྒྱས་སོ། །དང་པོ་ནི། སྨུག་པོའི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། ཚ་དུས། གྲང་དུས། གྲང་བ་ལྷིང་ཆད་དང་གསུམ་མོ། །དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལའང་ཁྲག་མཁྲིས་རྒྱས་པ་ཚ་བའི་དུས་དང་གྲང་བའི་འོག་ཏུ་ཚ་བ་གབ་པའི་དུས་སོ། །གཉིས་པ་གྲང་དུས་ནི། བར་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་གྲང་བ་ལྷིང་ཆད་ནི། ཐ་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་རིགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨུག་པོའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་སྨུག་པོའི་རིགས་ལ་བྱེར་བ་དང༌། རྒྱས་པ་དང༌། འགྱིངས་པ་དང༌། འདྲིལ་བ་དང་བཞིའོ།།
དང་པོ་ནི། བྱེར་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལའང་ཕྱི་བྱེར་དང་ནང་བྱེར་གཉིས་སོ། །གཉིས་པ་ནི། སྨུག་པོའི་ཞེས་རྐང་པ་གཅིག་གིས་བསྟན་པའི་སྨུག་པོ་འགྱིངས་པ་ལའང་གབ་དང་མ་གབ་གཉིས་སོ། །བཞི་པ་ནི། སྨུག་པོ་ཞེས་རྐང་པ་གཅིག་གིས་བསྟན་པའི་འདྲིལ་བ་ལའང་གསར་པ་དང་རྙིང་པ་གཉིས་སོ། །དེ་ཡང་གོང་དུ་མཚོན་བྱེད་མིང་དང་དབྱེ་བ་ཇི་ལྟར་ལགས་ཞེས་པའི་ལན་མིང་བད་སྨུག་ཏུ་བཏགས་པ་དབྱེ་བ་རྒྱུའི་དབྱེ་བ་བད་མཁྲིས་རླུང་ཁྲག་བཞི། རྐྱེན་ཚ་གྲང་གཉིས་དང༌། གནས་ཕོ་མཆིན་རྒྱུ་ལོང་བཞི། གཞན་གནས་སྲོག་རྩ་ཚིགས་པ་གཉིས་ཀ་དེ་ལས་གྱེས་པ་མགོ གློ་སྙིང་མཆིན་མཆེར་མཁལ་མ་དང་ལྔ། ཕྱིར་འགྲམས་བྱེར་བ་ཤ་པགས་ཚིགས་རུས་བཞི། དུས་ཚ་གྲང་འཐབ་པ་གསུམ། རིགས་བྱེར་རྒྱས་འགྱིངས་འདྲིལ་ལས་གྱེས་པ་བརྒྱད་དེ་སུམ་ཅུ་སོ་གཉིས་སོ། །དེ་ལས་སྨུག་པོའི་རྣམ་འགྱུར་བཅུ་གསུམ་གྱིས་སྦས་དོན་དུ་གསུངས་པ་བཀྲལ་བ་ནི། འཕྱུར་བ་མགོ་ནད་དང་འདྲ། ཁ་ཡན་སྙིང་རླུང་དང་འདྲ། བྱེར་བ་དུག་འདྲ། རྒྱས་པ་འགྲམས་པ་འདྲ། ཞུད་པ་ཚ་གྲང་འཐབ་པ་དང་འདྲ། གབ་པ་གྲང་བ་དང་འདྲ། སྐྱུགས་པ་མ་ཞུ་བ་འདྲ། འཁྲུ་བ་གླང་འཐབ་འདྲ། འབྱམས་པ་སྐྱ་རིམས་འདྲ། འདྲིལ་བ་རྡོ་སྐྲན་འདྲ། འགྱིངས་པ་དམུ་ཆུ་འདྲ། འགྲིམས་པ་མཁལ་ནད་འདྲ། རལ་བ་སྐྱ་རྦབ་འདྲ་བ་སྟེ་བཅུ་གསུམ་ལ་སྤྱི་དོན་དང་ཚིག་གི་དོན་གཉིས་ལས། གཉིས་པ་ཚིག་གི་དོན་ལྟར་ན། ཕོ་བར་བད་ཀན་གྱི་ནད། མཆིན་པར་ཁྲག་གི་ནད། རྒྱུ་མར་མཁྲིས་པའི་ནད། ལོང་དུ་རླུང་གི་ནད། པགས་ལ་གྲམ་པ་དང༌། ཤ་ལ་རྒྱས་པ་ས་བདག་གི་ནད། རྩ་ལ་བྱེར་བ་དུག་གི་ནད། ཚིགས་ལ་ཞུགས་པ་གྲུམ་བུའི་ནད། མགོ་ལ་མགོ་ནད། གློ་ལ་གློ་ནད། སྙིང་ལ་སྙིང་རླུང༌། མཆེར་པར་མཆེར་ནད། མཁལ་མར་མཁལ་ནད་དེ་དྲིལ་བས་བཅུ་གསུམ་སྟེ་འདི་ལྟར་འདྲ་བ་རྒྱུ་མཚན་དང་བཅས་ཏེ་རྣམ་འགྱུར་བཅུ་གསུམ་མོ། །དྲུག་པ་རྟགས་བཤད་པ་ལ་གསུམ། མདོར་རྒྱས་མཇུག་གོ། དང་པོ་ནི། དེ་རྣམས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ གཉིས་པ་རྒྱས་པར་བཤད་པ་ལའང་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྤྱི་ལ་གཉིས་ལས། མདོར་རྒྱས་སོ། དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ། རྩ་དང་ཆུ་དང་ཕན་པ་དང་གནོད་པའི་སྒོ་ནས་བརྟགས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་རྩ་ཆུ་ནད་རྟགས་དང་ལོ་མ་དང་ཕན་གནོད་དེ་བཞི་ལས། དང་པོ་ལ་གཉིས་རྩ་དང་ཆུའོ། །དང་པོ་ནི། རྩ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་པའི་ཀན་རྩ་ཞར་བ་ནི་སྨན་པའི་གུང་མོ་ལ། ཀན་ཞེས་པ་དེའི་རྩ་སྟེ་ནད་པའི་གཡས་མཆིན་མཁྲིས། གཡོན་ཕོ་མཆེར་གྱི་རྩ་རབ་རིབ་ཙམ་ལས་ངེས་པར་མི་གསལ་བའོ། །གཉིས་པ་ཆུ་ལ་བརྟག་པ་ནི། ཆུ་མདོག་ཅེས་རྐང་པ་གཉིས་ཀྱིས་བསྟན་པའི་དུགས་པ་ནི་མདངས་མི་གསལ་བ་མོག་མོག་པོ་ལ་བྱའོ། །གཉིས་པ་ནད་རྟགས་ནི། ན་ལུགས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་པའི་ཁ་མངལ་བ་ནི་བླ་རྟ་ལྟར་ན་མངར་ལ་སླེག་པའི་ཉམས་ཡོད་པའོ། །ཞེས་བཞེད་ཀྱང༌། སྤྱིར་བད་ནད་ཅན་ལ་ནི་ཁ་མངལ་བ་ནི་རོ་མི་གསལ་ལ་རླན་བག་ཅན་གྱི་དོན་ཡིན་ཞིང༌། འདིའི་དགོངས་དོན་ནི་རོ་ཆེར་མི་གསལ་ལ་རླན་བག་ཅན་ཡོང་ཞིང་ཁྱད་པར་དུ་ནད་གཞན་དང་མི་ནོར་བའི་ཁྱད་པར་ནི་ཉ་ཤའི་དྲི་རོ་བྲོ་བ་ལ་བྱའོ། །གསུམ་པ་ལོ་མ་བཤད་པ་ལ་མདོར་རྒྱས་གཉིས་སོ། །དང་པོ་ནི། འདི་ལ་ཞེས་རྐང་པ་གཅིག་གིས་བསྟན་པའི་དུས་ཀྱི་ལོ་མ་རྣམ་གསུམ་ཞེས་པ་གཏིང་དུ་རྩ་བའི་རྟགས་ལོ་མ་སྟོན་པ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་པ་ལ། དང་པོ་དང་བར་པ་དང་ཐ་མ་དང་གསུམ་མོ། །བཞི་པ་ལའང་གཉིས་གནོད་པ་དང་ཕན་པ་གཉིས་སོ། དང་པོ་ནི། གསར་ཐོག་ཅེས་རྐང་པ་ལྔས་བསྟན་པའི་ཕྱེ་སུངས་ནི་རྩམ་པ་ཡུན་རིང་དུ་ལུས་པའོ། །ཤ་བེམ་ནི་ཤ་བམ་པོར་གྱུར་པ་ལ་བྱའོ། །གཉིས་པ་ཕན་པ་ནི། གནའ་དགོ་ཞེས་རྐང་པ་བཞིས་བསྟན་ནོ།།
གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། གནས་པ་ཡུལ་ལ་བརྟག་པ། གནས་སྐབས་དུས་ལ་བརྟག་པ་དང༌། ནད་རིགས་ཀྱི་སྒོ་ནས་བརྟག་པའོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ཕོ་བ་མཆིན་པ་རྒྱུ་མ་ལོང་ལ་བརྟག་པ་སྟེ་བཞི་ལས། དང་པོ་ནི། ཕོ་བར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། མཆིན་པ་ཞེས་རྐང་པ་བཞིས་བསྟན་ནོ། གསུམ་པ་ནི། རྒྱུ་མར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། ལོང་དུ་ཞེས་རྐང་པ་གསུམ་གྱིས་བསྟན་པའི་སྐྱུར་འཐུང་ནི་ཆང་འཐུང་བ་ལ་བྱའོ། །གཉིས་པ་གནས་སྐབས་དུས་ལ་བརྟག་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། དུས་ཀྱི་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་ནི། འཐབ་པ་ཞེས་རྐང་པ་བཅུས་བསྟན་པའི་ངོ་བོ་ནི་སྣོད་དུ་མཁྲིས་པ་ཁྲག་བད་ཀན་རླུང་རྣམས་འབབ་པའོ། །གསུམ་པ་ནི། ཐ་མར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་རིགས་ཀྱི་སྒོ་ནས་བརྟག་པ་རྒྱས་པར་བཤད་པ་ལའང་བྱེར་བ་རྒྱས་པ་འགྱིངས་པ་འདྲིལ་བ་སྟེ་བཞི་ལས། དང་པོ་བྱེར་བ་ལ་གཉིས། སོ་སོའི་རྟགས་བསྟན་པ་དང༌། འཁྲུལ་མེད་ཀྱི་གདམས་པ་བསྟན་པའོ། །དང་པོ་ལ་གཉིས་སྤྱི་དང་ཁྱད་པར་རོ། །དང་པོ་སྤྱི་ནི་རིགས་ཀྱི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་བཤུལ་འཕྲིག་པ་ནི་སྒལ་བདབ་ཀྱི་བཤུལ་ཤའོ། །གཉིས་པ་ཁྱད་པར་གྱི་རྟགས་ནི། ཁྱད་པར་ཞེས་རྐང་པ་ཉི་ཤུས་བསྟན་པའི་སྙིང་བྱེར་གྱིས་སྨྱོ་འདར་ནི། མི་དྲན་པར་འཆལ་ཆོལ་བྱེད་པའོ། །ཚིགས་བྱེར་གྱི་གྲུམ་ཐབས་གྲུམ་བུ་དང་འདྲའོ། །མཁར་བྱེར་ནི་སྒལ་ཚིགས་ཀྱི་མཁར་ལ་བྱེར་བ་དེའོ། །གཉིས་པ་འཁྲུལ་མེད་ཀྱི་རྟགས་བཤད་པ་ནི། དེ་ལྟར་ཞེས་རྐང་པ་བཞིས་བསྟན་ཏེ། གཉིས་པ་རྒྱས་པའི་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨུག་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས་མ་རྡོལ་བ་རྡོལ་བ་གཉིས་སོ། །དང་པོ་ནི། མ་རྡོལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། རྡོལ་ཚུལ་སྤྱིར་བསྟན་པ་དང༌། ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཤིན་ཏུ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་མ་ཞུ་བའི་གནས་ཕོ་བར་རྒྱས་ན། ཁྲག་དང་བད་ཀན་རུལ་བས་དུད་ཁུ་སྐྱུག །ཞུ་བའི་གནས་ལོང་དུ་རྒྱས་ན་རླུང་ཁྲག་ནག་པོར་འཁྲུ། ཞུ་མ་ཞུའི་བར་རྒྱུ་མར་རྒྱས་ན་མཁྲིས་པ་འདྲེས་པའི་སེར་ཤས་ཅན་གྱེན་ཐུར་གཉིས་ཀར་རྡོལ་བར་འགྱུར་རོ།།
གཉིས་པ་རྡོལ་བའི་ངེས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གྱེན་ཐུར་ཞེས་རྐང་པ་གསུམ་གྱིས་བསྟན་པའི་གྱེན་ཐུར་གང་དུའང་ཁྲག་ལམ་ཆོད་པ། མ་ཆོད་པ། ངོ་བོ་ཟད་པ་གསུམ་མོ། གཉིས་པ་རྒྱས་པར་བཤད་པའང་གསུམ་སྟེ། ཁྲག་ལམ་ཆོད་པ་དང༌། མ་ཆོད་པ་དང༌། ངོ་བོ་ཟད་པ་དང་གསུམ་མོ། །དང་པོ་ནི། ལམ་ཆོད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཁྲག་ལམ་ཞེས་རྐང་པ་གསུམ་ཀྱིས་བསྟན་པའི་དང་ག་འགགས་མ་འགགས་ནི་ནད་ཟད་མ་ཟད་ཀྱི་རྟགས་སོ། །གསུམ་པ་ནི། ངོ་བོ་ཞེས་རྐང་པ་བདུན་གྱིས་བསྟན་པའི་ནད་ཁྲག་མ་ཡིན་པར་ཟུངས་ཁྲག་རང་གི་ངོ་བོ་ཟད་པའི་རྟགས་ཀྱི་དབུགས་འདེགས་པ་ནི་གྱེན་དུ་འཚངས་པའོ། །སྐེ་རྩ་སྦྲུག་པ་ནི་རྩེའུ་ཆུང་སོགས་སྐེའི་འཕར་རྩ་དྲག་ཏུ་སྤྲུགས་པའོ། །གསུམ་པ་སྨུག་པོ་འགྱིངས་པའི་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨུག་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་མ་གབ་པ་དང་གབ་པ་གཉིས་ལས། དང་པོ་ནི། མ་གབ་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གབ་པ་ནི། གྲང་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་ཁ་དྲི་མངལ་བ་ནི་རོ་མི་ཚོར་ཞིང་བརླན་བག་ཅན་ནོ། །བཞི་པ་འདྲིལ་བའི་རྟགས་བཤད་པ་ལ་གཉིས། འདྲིལ་བ་དང༌། ཟགས་པའོ། །དང་པོ་ནི། སྨུག་པོ་ཞེས་རྐང་པ་བདུན་གྱི་བསྟན་ནོ། གཉིས་པ་ནི། འདྲིལ་བ་ཞེས་རྐང་པ་ལྔས་བསྟན་ནོ། །གསུམ་པ་མཇུག་བསྡུ་བཤད་པ་ནི། ཁོང་ནད་ཅེས་རྐང་པ་ལྔས་བསྟན་ནོ། །བདུན་པ་བཅོས་ཐབས་བཤད་པ་ལ་གསུམ། གཙོ་བོ་མདོར་བསྟན་པ། དེ་དོན་རྒྱས་པར་བཤད་པ། གསོ་ཚུལ་རྗེས་སོ་གདམས་པ་བསྟན་པའོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་དེ་ལའང་སྤྱིར་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་གཉིས་ཡོད་པ་ལས། དང་པོ་སྤྱི་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི། ཟས་སྤྱོད་སྨན་དཔྱད་དོ། །དང་པོ་ཟས་སྤྱོད་ལྷན་དུ་བསྟན་པ་ལ་གཉིས་ཚ་བ་དང་གྲང་བའོ། །དང་པོ་ཚ་བ་ལ་གཉིས་བསྟེན་བྱ་དང་སྤང་བྱའོ། །དང་པོ་ནི། དང་པོ་ཞེས་རྐང་པ་ལྔས་བསྟན་པའི་གྲ་མའི་ཤ་གསར་ནི་སྤྱིར་ར་དང་གླ་བ་ལ་འདོད་ཅིང༌། བྱེ་བྲག་ར་མོ་སྐྱེས་ནས་ལོ་གཉིས་ལོན་པའི་ཤ་གསར་ལ་བྱའོ། །ཞེས་བླ་རྟས་གསུངས་ཀྱང༌། ལར་ནི་སྨན་མིང་སྒྲ་སྦྱོར་ངེས་པར་ནི་བོང་བུའི་མིང་ཡིན་པར་གསུངས་ཤིང༌། བརྒྱུད་པའི་གསུང་འགྲོས་ལྟར་ན་ཕག་ལྟ་བུ་ལ་དཔེར་མཚོན་ན་གཞོན་དྲགས་པའི་ཤ་མ་སྐྱེས་པ་མ་ཡིན་པ། དར་ལ་བབས་པའི་ཚིལ་ཆེ་དྲགས་པ་མ་ཡིན་པ། རྒས་པའི་ཤ་རིད་པ་མ་ཡིན་པ་ཞིག་སྟེ། དེ་ཡང་སྐྱེས་ནས་ལོ་གཅིག་ལོན་པ་གྲ་ཡག་པ་དེའི་ཤ་ལ་བྱ་ཞེས་ཁོ་བོའི་བླ་མས་གསུངས་སོ། །གཉིས་པ་སྤང་བྱ་ནི་དྲོད་བཅུད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་གྲང་བའི་བཅོས་ལ་གཉིས། བསྟེན་བྱ་སྤང་བྱའོ། །དང་པོ་ནི། །གཙང་ཉ་ཞེས་རྐང་པ་གསུམ་གྱིས་བསྟེན་པའི་གཙང་ཉ་ནི་གཙང་པོའི་ཉ་སྟེ་དེ་ཉིད་དྲོད་ཆེ་བའོ། །གཉིས་པ་སྤང་བྱ་ནི། འཇུ་དཀའ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་སྨན་བཤད་པ་ལ་གཉིས། ནད་གཞི་རིགས་དང་སྦྱར་བ་རྡོ་རྩི་སྔོ་གསུམ་དང༌། ལོ་མ་དུས་དང་སྦྱར་བ་གཉེན་པོ་གང་འཚམ་མོ། །དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྨན་གྱི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། རྩི་རྡོ་སྔོ་དང་གསུམ་མོ། །དང་པོ་ནི། རྩི་སྦྱོར་ཞེས་རྐང་པ་བཅུ་གཅིག་གིས་བསྟན་པའི་སྟོད་སྨད་བར་གནས་བུར་དཀར་སྦྲང་རྩིས་བསྒྱུར་ཞེས་པ། སྟོད་དུ་ཀ་ར། སྨད་དུ་སྦྲང་རྩི། བར་དུ་བུར་དཀར་རྟས་བསྒྱུར་དགོས་པའི་དོན་ནོ།།
གཉིས་པ་རྡོ་སྦྱོར་བཤད་པ་ལ་གཉིས། སྤྱི་དང་ཁ་བསྒྱུར་རོ། །དང་པོ་ནི། རྡོ་སྦྱོར་ཞེས་རྐང་པ་བཞིས་བསྟན་པའི་རྒྱལ་བཙུན་སྲས་བློན་དམངས་སུ་བཀོད་པ་ནི་དཔེ་དོན་སྦྱར་བའོ། །གཉིས་པ་ཁ་བསྒྱུར་བཤད་པ་ནི། ཛཱ་ཏི་ཞེས་རྐང་པ་བཅུ་དྲུག་གིས་བསྟན་པའི་བསིལ་གསུམ་ནི་ཅུ་གང་གུར་གུམ་ལི་ཤི་གསུམ་མོ། །བོང་ང་ནི་དཀར་པོའོ། །ལྡུམ་བུ་ནི་རེ་རལ་ཏེ། དེ་ཡང་བླ་རྟའི་འགྲེལ་བར་བློན་པོ་རེ་རལ་ཡིན་གསུངས་ཀྱང༌། འདིར་རྒྱལ་པོ་རེ་རལ་ཡིན་ཏེ། གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མ་དང༌། བྲང་ཏིའི་མཆན་བུར་གསལ་བ་དེའོ། །མིང་ནི་ཧི་ས། གཙང་པ་རལ་གྲི། ལྡུམ་བུ་རེ་རལ། ངུར་མོ་འབྲི་ལྕེ། ཧ་འབག་པ། གཙང་ལག་པ། གཡུ་སྦྲུལ་འཁྲིལ་བ། བེ་ལྗང་བདུད་རྩི། སྤྲིན་བྱུག་པ་རྣམས་ཟེར་རོ། །སྤུ་ཤེལ་ནི། སྤུ་ཤེལ་རྩེ་སྟེ། གཙང་འགྲམ་གྱེ་རྩྭ་འཇག་མའི་རྩ་བ་དང་འདྲ་བ་ག་བུར་གྱི་དྲི་ངད་ལྡན་པ་དེ་ལ་བྱའོ། །མིང་ནི་འགྲེལ་པ་འདོད་འཇོར། ཀརྡི་རྩ་ཆུང་སྟེ་རེ་མ་ག་བུར་རོ། ཞེས་དང༌། །གཞན་ཡང༌། ཨུ་ཤུ་ར་དང༌། རྩྭ་ག་བུར་དང༌། ཨུ་ཤི་རི་དང༌། བི་ར་མཱུ་ལ་རྣམས་སོ། །སྒྲ་སྦྱོར་ངེས་པ་ཡང༌། ཨུ་ཤི་ར། བྱི་ར་པ་ཞེས་སོགས་གསུངས་སོ། །འབྲས་ཡོས་ནི་འབྲས་བརྔོས་པའོ། །སྨན་རྟ་བསྒྱུར་བ་ནི། མཁྲིས་པ་ལ་ཀ་ར། རླུང་ལ་བུ་རམ། བད་ཀན་ལ་སྦྲང་རྩིས་བསྒྱུར་རོ། །ཞེས་པའི་དོན་ནོ། །གསུམ་པ་སྔོ་སྦྱོར་བཤད་པ་ལ་གཉིས། དངོས་དང་ལྟག་སྤྲོད་དོ། །དང་པོ་དངོས་ནི་སྔོ་ཞེས་རྐང་པ་བདུན་གྱིས་བསྟན་པའི་སེ་རྒོད་ནི་སེ་རྒོད་དེ་སེ་བ་ལ་རྒོད་གཡུང་གཉིས། རྒོད་པ་རྟ་སེལ། དམ་སེལ་ལོ། །མིང་ནི་འཆོང་ལྡུམ། འགུགས་བྱེད་དམར་པོ་སྟེ་དེ་ཉིད་དོ་ཞེས་སོ། །གོང་མས་ཆ་བསྐྱེད་གཙོ་ཡིན་དེ་ཡི་འཁོར་ཞེས་པ་ནི། པྲི་ཡང་ཀུ་ཐུན་ལྔ། ཁུར་མང་ཐུན་བཞི། སེ་རྒོད་ཀྱི་བར་ཤུན་ཐུན་གསུམ། སྟར་བུ་ཐུན་གཉིས། ཡུང་བ་ཐུན་གཅིག་གོ །ཚ་གྲང་ཆུ་བསིལ་སྐོལ་བས་ཕུལ་ལ་བཏང༌། ཞེས་པ་ནི་ཚ་བ་ལ་ཆུ་བསིལ་གྲང་བ་ལ་ཆུ་སྐོལ་ལོ། །གཉིས་པ་ལྟག་སྤྲོད་བཤད་པ་ནི། ཙན་དན་ཞེས་རྐང་པ་བཅུས་བསྟན། ཆ་མཉམ་བཞི་ཐང་ནི། ཕྱི་རྒྱུད་ཐང་ལེ་ལྟར་རོ། །འབྲས་ཡོས་ནི་གོང་བཞིན་ནོ། གཉིས་པ་ལོ་མ་དུས་དང་སྦྱར་བའི་བཅོས་པ་ནི། མེ་ཏོག་ཅེས་རྐང་པ་བཅུ་བདུན་གྱིས་བསྟན་ཏེ། ཆུ་སྐྱུར་སྐྱུག་དུས་ཀྱི་ཆུ་རྐང་ནི། པདྨ་རྩ་རིའི་རིགས་རྩ་བ་ཆུ་རྩ་ལོ་མ་ཆུ་ལོ་རྐང་ཆུ་རྐང་སྟེ། ཡུལ་སྐད་དུ། ལ་རྒོད་དཔལ་ཆེན་པ་ཞེས་པ་ཆུ་རྩ་ལ་འདོད་དོ་ཞེས་བླ་རྟ་གསུང་ཡང་སྤྱིར་པདྨ་རྩ་རི་ལ་རིགས་ལྔ་གསུངས་ཏེ། ཆུ་མ་རྩི། ཆུ་རྩ། ཆུ་བུན་པ། ཆུ་ཆུང་བ། ལྕུམ་རྩ་དང་ལྔ་ལས་རོ་ནུས་ལས་བྱེད་ཚུལ་སོགས་ལ་དཔགས་ན་ལྕུམ་རྩ་ཡིན་པར་ཁོ་བོ་འདོད་དོ། །སེར་པོ་མཁྲིས་ཐབས་སྐྱུག་པའི་དམར་པོ་གསུམ་ནི་བཙོད་རྒྱ་སྐྱེགས་འབྲི་མོག་གསུམ་ལ་ཕལ་ཆེར་མཐུན་པར་གསུངས་ལ། བྱང་པ་དང་བྱ་བ་བཀྲ་ཤིས་རྣམ་རྒྱལ་བ་གཉིས་ནི་ཚོས་བཙོད་ཞུ་མཁན་གསུམ་ལ་བཞེད་དོ། །བཞི་པ་དཔྱད་ནི་དཔྱད་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་པའི་དོན་བབས་ཁྲག་ཤས་ཆེ་ན་གཏར། སྣོད་བབས་མཁྲིས་ཤས་ཆེ་ན་བཤལ་བཏང༌། རྩར་བབས་རླུང་ཤས་ཆེ་ན་མེ་བརྩ་གདབ། འཕྲལ་ཟུག་ཆེ་ན་དུགས་བྱའོ། གཉིས་པ་བྱེ་བྲག་གི་བཅོས་བཤད་པ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ།།
གཉིས་པ་རྒྱས་པར་བཤད་པ་ལའང་གསུམ། གནས་དང་དུས་དང༌། རིགས་དང་གསུམ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་ཉེར་བདུན་གྱིས་བསྟན་པའི་ཕོ་བར་གནས་པའི་སྤྱི་སྨན་རྩི་རྡོ་སྔོ་གསུམ་གང་རིགས་དང་ཕྱི་རྒྱུད་ཕྱེ་མའི་ལེའུར་གསུངས་པའི་སེ་འབྲུ་ལྔ་པ་ལྟག་པ་སྤྲད་ལ་བཏང་ངོ༌། །མཆིན་གནས་ཀྱི་གུར་གུམ་བདུན་པ་ནི་ཕྱི་རྒྱུད་ཕྱེ་མར་གསུངས་པའི་གུར་གུམ་མཆོག་བདུན་དང་ཅུ་གང་བྲག་ཞུན་གུར་གུམ་སུག་སྨེལ་ཏིག་ཏ་པི་པི་ལིང་ཨ་རུ་མཚལ་དཀར་ཏེ་ཅུ་གང་བརྒྱད་དོ། །རྒྱུ་མར་གནས་པའི་ཨིནྜ་བཞི་ཐང་ནི་ཕྱི་རྒྱུད་ཐང་ལེར་གསུངས་པ་ལྟར་རོ། །ལོང་གནས་ཀྱི་ཚ་བ་གསུམ་ནི་སྒ་པི་པི་ལིང་ཕོ་རིས་སོ། །བཟང་པོ་གསུམ་ནི་ཛཱ་ཏི་ཀ་ཀོ་ལ་སུག་སྨེལ་གསུམ་མོ། །མས་འདྲེན་ནི་ཕྱི་རྒྱུད་ནས་འབྱུང་བ་ལྟར་གྱི་ནི་རུ་ཧའོ། །གཉིས་པ་དུས་དང་སྦྱར་ནས་བཅོས་པ་ལ་གསུམ། ཚ་དུས། འཐབ་དུས། གྲང་དུས་དང་གསུམ་མོ། །དང་པོ་ནི། སྨུག་པོའི་ཞེས་རྐང་པ་བཅུ་བཞིས་བསྟན་པའི་ཕྱེ་མ་ཙན་དན་ཞེས་པ་ནི་དམར་པོའོ། །བོང་ང་ནི་དཀར་པོའོ། །བསིལ་གསུམ་ནི་ཅུ་གང་གུར་གུམ་ལི་ཤི་གསུམ་མོ། །སྣོད་ཀ་རུ་ཐུང་ལོང་རྩ་གནས་སྦྱར་གཏར་ཕོ་བ་སོགས་སྟོད་དུ་བབས་ན་སྣོད་ཀ་ལ་གཏར། མཆིན་པ་སོགས་བར་དུ་རུ་ཐུང་གཏར། རྒྱུ་མ་སོགས་སྨད་དུ་བབས་ན་ལོང་རྩ་གཏར་བའི་དོན་ནོ། །ཕྱེ་མ་གཏར་གྱིས་མ་ཞི་གོང་ལྟར་སྦྱང་ཞེས་པ་ནི་གོང་གི་མཆིན་གནས་སུ་གསུངས་པའི་དུར་བྱིད་ཧོང་ལེན་ཚ་ལ་གསུམ་གྱི་རིལ་བུས་སྦྱང་དགོས་པའི་དོན་ནོ། །གཉིས་པ་འཐབ་དུས་ཀྱི་བཅོས་བཤད་པ་ནི། བར་དུ་ཞེས་རྐང་པ་བཅུ་བདུན་གྱིས་བསྟན་པའི་བསིལ་དྲོད་ཁྱེའུར་བཏང་བ་ནི། ཁ་ཟས་བསིལ་དྲོད་སྤེལ་མར་བཏང་བའི་དོན་ནོ། །བདེ་བྱེད་ཆུང་ངུ་ནི་ཕྱི་རྒྱུད་ལྟར་རོ། །ཆུ་བ་ནི་ཆུ་ལོའོ། །ཨ་བོ་ནི་བྲག་སྐྱ་ཧ་བོའོ། །འཇམ་རྩི་ནི་རུ་ཧ་སྤེལ་བ་ནི་ཕྱི་རྒྱུད་ལྟར་རོ། །རུ་ཐུང་རྩེ་ཆུང་ལོང་རྩ་ཁ་ཕྱེ་ལ་ཞེས་པ་ནི་རྩ་གསུམ་པོ་རྨ་ཁ་ཕྱེ་ཙམ་གཏར་རོ། །ལོང་གསང་ནི་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང༌། མདུན་གྱི་ལྟེ་བའི་གཡས་གཡོན་དུ་མཚོན་རེ་བཅལ་བ་ལོང་ཐེར། དེ་ནས་གཡས་གཡོན་དུ་མཚོན་རེ་བཅལ་བ་རྣམས་སོ། །གསུམ་པ་གྲང་དུས་བཅོས་པ་ནི། ཐ་མ་ཞེས་རྐང་པ་བཅུས་བསྟན་ཏེ། རྒྱམ་ཚྭ་གསུམ་ནི་རྒྱམ་ཚྭ་ཨ་རུ་སྒ་དང་གསུམ་མོ། །བཞི་པའི་ཐང་ཞེས་པ་ནི་རྒྱམ་ཚྭ་གསུམ་པའི་ཁར་པི་པི་ལིང་བསྟན་པའོ། །ཕྱེ་མ་སེ་འབྲུ་བཞི་ནི་ཕྱི་རྒྱུད་ལྟར་རོ། །གསུམ་པ་རིགས་ཀྱི་སྒོ་ནས་བཅོས་ཐབས་བཤད་པ་ལ་བཞི་སྟེ། བྱེར་རྒྱས་འགྱིང་འདྲིལ་དང་བཞི་ལས། དང་པོ་ལ་གསུམ་བྱེར་ཆུང་ཞི་བས་སེལ་བར་བཅོས་པ་དང༌། ར་ཚབས་ཅན་ལ་བསྡུ་བསད་སྦྱངས་པ་དང༌། མ་ལུས་བྱེར་བ་རང་སར་བསད་པ་དང་གསུམ་མོ། །དང་པོ་ནི། རིགས་ཀྱི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བྱེར་ཚབས་ཅན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བྱེར་ཚབས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ་བསྡུ་བ་བཤད་པ། བསད་པ་བཤད་པ། སྦྱང་བ་བཤད་པ་དང་གསུམ་མོ། །དང་པོ་ལ་གཉིས། བསྡུ་བྱེད་དང༌། འདུས་རྟགས་བཤད་པ་གཉིས་ལས། དང་པོ་ནི། བསྡུ་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་སེར་པོ་གསུམ་ནི་རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ཏུ་ཡུང་བ་སྐྱེར་པ་ལྕུམ་རྩ་གསུམ་མོ། །ཚོས་གསུམ་ནི་རྒྱ་ཚོས་བཙོད་ཞུ་མཁན་དང་གསུམ་མོ།།
གཉིས་པ་འདུས་རྟགས་བཤད་པ་ནི། འདུས་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བསད་པ་བཤད་པ་ནི། དེ་དུས་ཞེས་རྐང་པ་གཅིས་གིས་བསྟན་ནོ། །གསུམ་པ་སྦྱང་བ་བཤད་པ་ནི། དེ་རྗེས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་མ་འདུས་བྱེར་བ་རང་སར་བསད་པ་བཤད་པ་ནི། མ་འདུས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་པའི་སྤྱི་སྨན་བར་པ་ནི་རྡོ་སྦྱོར་གོང་བཤད་ལྟར་རོ། །རྒྱས་པའི་ཕྱེ་མ་ནི་གོང་བཤད་ཀྱི་རྩི་སྦྱོར་རོ། །བསམ་སེའི་ཚོས་གསུམ་ནི་རྒྱ་ཞུ་བཙོད་དང་གསུམ་མོ། །ཆུ་ལུམས་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་སྨུག་པོ་རྒྱས་པའི་བཅོས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨུག་པོ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་སྨུག་པོ་རྒྱས་པ་བཅོས་པ་བཤད་པ་ལ་གཉིས། མ་རྡོལ་བཅོས་པ་དང༌། རྡོལ་བ་བཅོས་པའོ། དང་པོ་ནི། མ་རྡོལ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྡོལ་བ་བཅོས་པ་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། ཤིན་ཏུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་རྒྱས་པ་ལ་གསུམ། གྱེན་རྡོལ་དང༌། ཐུར་རལ་དང༌། ངོ་བོ་དང་གསུམ་མོ། །དང་པོ་ནི། གྱེན་རྡོལ་ཞེས་རྐང་པ་བཅུ་དགུས་བསྟན་པའི་འབྲས་བཀྲུས་ནི་ཆུ་དྲོན་འཇམ་ཙམ་ལ་འབྲས་བཀྲུས་པའི་ཁུ་བ་དེ་ལ་བྱའོ། །པུ་ཤེལ་རྩེ་ནི་རྩྭ་ག་བུར་རོ། །ཟབ་ཐལ་ནི་གོས་ཆེན་ཟ་འོག་མེ་ལ་ནུས་ལྡན་དུ་བསྲེགས་པའི་ཐལ་བའོ། །སྟང་ཟིལ་ནི་རྡོ་སྨན་ནག་པོ་འོད་ཅན་སྟང་རྩེ་རོག་པོའོ། །གཉིས་པ་ཐུར་རལ་བཅོས་པ་ནི། ཐུར་དུ་ཞེས་རྐང་པ་བཅུ་དྲུག་གིས་བསྟན་པའི་འབྲས་ཐུག་ནི་སླ་མོའོ། །སེང་ཕྲོམ་ནི་ཞུན་མཁན་ནོ། །འབྲས་སྣ་གསུམ་ནི། ཨ་འབྲས། སྲ་འབྲས། འཇམ་འབྲས་དང་གསུམ་མོ། །བྱིན་ཉྭ་ནི་བྱིན་པའི་ཉྭའོ། །ལོང་གསང་ནི་གོང་བཤད་ལྟར་རོ། །གསོན་ཁྲག་ནི་མི་མ་ཤི་བའི་ཁྲག་གོ །གསུམ་པ་ངོ་བོ་ཟད་པའི་བཅོས་ཐབས་ནི། ངོ་བོ་ཞེས་རྐང་པ་བཞིས་བསྟན་པའི་རླུང་གི་དུས་ནི་དགོང་དང་ཐོ་རངས་སོ། །གསར་བཅུད་གསུམ་ནི། ཤ་གསར་མར་གསར་ཆང་གསར་དང་གསུམ་མོ། །མངར་གསུམ་ནི། ཀ་ར་བུ་རམ་སྦྲང་རྩི་གསུམ་མོ། །ཏིལ་ཁྲོལ་ནི་དེ་རྣམས་བསྡུས་པའི་སྦྱོར་བའོ། །དཀར་འདོན་ནི་རླུང་ནད་གསོ་བར་བཤད་དོ།།
གསུམ་པ་སྨུག་པོ་གབ་པའི་བཅོས་ནི་སྨུག་པོ་ཞེས་རྐང་པ་ཉེར་གཅིག་གིས་བསྟན་པའི་ཅོང་ཞི་འཕྲུལ་ཐལ་ལམ་ཚ་སྦྱོར་རྒོད་བཏུལ་ནི་ཕྱི་རྒྱུད་ལྟར་རོ། །རིམ་པས་ཕྱེད་སྐྱུངས་ནི། ཨ་རུའི་ཕྱེད་བྲག་ཞུན། དེའི་ཕྱེད་རེ་ཀོན་ནོ། །ཕྱེ་མ་བྲིད་པ་ནི་འོག་ཐུན་ཆུང༌། དེ་ནས་ཇེ་ཆེར་བཏང་བའོ། །གངས་ཐིགས་བཅུ་བཞི་པའི་གཙོ་བོ་འཁོར་ཕན་ཡོན་རྣམས་ཆ་ལག་གི་དམར་ཁྲིད་ཡིག་ཆུང་དུ་གསལ་ལ། རིམ་པས་བསྐྱེད་དེ་བཏང་བ་ནི་སྔོན་ལ་སྨན་ཐུན་ཆུང་དུ་བྱ། དེ་ནས་ཐུན་ཇེ་ཆེར་བསྐྱེད་པའི་དོན་ཡིན། དེ་མ་ཐག་ཏུ་སྨན་ཐུན་བསྐྱེད་ཆུ་སྐོལ་ཚན་མོས་དབུལ་ཞེས་དང༌། ཕྱི་མ་རྒྱུད་ཀྱི་རྩ་སྦྱོངས་ཀྱི་ལེའུར་ཡང༌། ཐོ་རངས་དུས་སུ་རྩ་སྦྱངས་རིལ་བུ་དགུ་ །ཞེས་དང༌། དེ་དུས་མ་ཐེབས་རིལ་བུ་བདུན་བསྣན་བཏང༌། །ཞེས་དང༌། དམར་ཁྲིད་ཡིག་ཆུང་དུའང༌། དེ་ནས་ཇེ་ཆེར་བཏང་འཁྲུ་བ་སྙམ་བྱེད་ན་སྨན་ཐུན་བསྐྱེད་ནས་ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་པ་སྨུག་པོ་འདྲིལ་བ་བཅོས་པ་ནི། སྨུག་པོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། སྨུག་པོའི་ཁྲག་སྐྲན་གསར་པ་ལ། བཤིག་ཏུ་མི་རུང༌། ཅུ་གང་བརྒྱད་པ་གོང་བཤད་བཞིན་སྦྱར། བྲག་སྐྱ་ཧ་བོའི་དུགས་བྱ། རུ་ཐུང་གཏར་སླར་དེ་རྙིང་ནས་ཕྱི་རྒྱུད་དུ་གསུངས་པའི་ཚྭ་བསྲེགས་ཀྱི་སྦྱོར་བ་སྦྱར་ནས་བཤིག་གོ་ །མཚལ་གྱིས་བསྒྱུར་བ་ནི་ཟེ་ཚྭ་ཞོ་གསུམ་གྱི་བརྗིད་མཚལ་ཞོ་གང་གི་ཁ་དོག་བསྒྱུར་བ་ལུག་ཀླད་མ་རུལ་བ་བཅོས་པ་དང་སྦྱར་རོ། །གསུམ་པ་གསོ་ཚུལ་གདམས་པ་ནི། ལར་ན་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བརྒྱད་པ་རྗེས་བཅད་བཤད་པ་ནི། ཐ་མ་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་པའི་བཤལ་དང་ཕྱེ་མ་ནད་ལྷག་མེད་པར་སྦྱང་བ་ནི། །སྔར་གོང་དུ་བཤད་པའི་བཤལ་སྨན་དང་ཕྱེ་མ་གང་ལ་གང་འཚམ་གྱིས་སྦྱང་བའོ། །སྲོག་རྩའི་གསང་ཚིགས་པ་དྲུག་པ་དང༌། ཕོ་བའི་ཚིགས་པ་བཅུ་གཉིས་པ། ལོང་གི་བཅུ་དྲུག་པ། མཆིན་གསང་དགུ་པ་རྣམས་སྤྲ་བའི་ཆོ་ག་ཕྱི་རྒྱུད་ནས་འབྱུང་བ་ལྟར་བསྲེག་གོ །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་སོགས་ནས་ལྔའོ་ཞེས་པའི་བར་རོ། །དེ་ལྟར་གསོ་བ་རིག་པའི་གཞུང་ལུགས་དམ་པ་དཔལ་ལྡན་རྒྱུད་བཞི་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་སྐབས་དང་པོ་ཉེས་གསུམ་གསོ་བ་ལྷག་མ་མ་ལུས་པར་བསྟན་ཟིན་ནོ།།
འདིར་སྨྲས་པ། ཁམས་ཀུན་འབྱུང་བ་ལྔར་འདུས་ཤིང༌། །ཉོན་མོངས་དུག་གསུམ་དག་ཏུ་འདུ། །ནད་ཀུན་ཉེས་པ་གསུམ་དུ་འདུ། །བཅོས་ཀུན་འདུ་བ་སྙོམས་པར་འདུ། །
།ཆོས་ཀུན་སྟོང་པའི་སྨན་གཅིག་པུས། །ཉོན་མོངས་ནད་ཀུན་ཞི་བ་དང༌། །སྣ་ཚོགས་ཐབས་མཁས་ཟས་སྤྱོད་ཀྱིས། །མཚན་པའི་ལུས་སྟོབས་རྒྱས་བྱེད་ཉིད། །ཡི་གེའི་ཆུ་རྒྱུན་འདྲེན་བྱེད་སྙིམ་པས་འཐུངས། །ལེགས་བཤད་སྒྲ་སྙན་རྣ་བའི་ལམ་དུ་ཚུད། །རྣམ་དཔྱོད་སྒྲོན་མེས་རྨོངས་པའི་མུན་ནག་བསལ། །ཚུར་འདི་རིང་ནས་གོམས་པས་རྙེད་པ་ཡིན།།
འཇིག་རྟེན་དག་ན་གསོ་དཔྱད་མེད་ན་འཇུག་ལྡོག་ལམ་བྲལ་བློ་གྲོས་ཉམས་པས་མི་རྣམས་བདེ་བའི་གོ་སྐབས་མེད། །ལུས་སེམས་བདེ་བར་འཚོ་བ་མེད་ན་སྡུག་བསྔལ་མཐའ་དག་གིས་གཅེས་འདོད་པའི་ཆོས་ནོར་བདེ་བ་འགྲུབ་མི་འགྱུར། །དེ་སླད་འཆི་མེད་གྲུབ་པའི་གཞུང་ལུགས་འདི་དག་གུས་པས་བླང་བྱ་འོལ་སྤྱི་ཙམ་གྱིས་བརྡ་དོན་འཕྲོས་མིན་པ། །ཁུངས་དང་བཅས་ཏེ་ཞིབ་ཏུ་དཔྱད་པའི་རྣམ་བཤད་འདི་ཉིད་ས་ལས་གསེར་ལྟར་སྦས་དོན་མངོན་དུ་འབྱིན་པ་ཉིད། །ཅེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
མཐའ་མའི་འདོན་ཐེངས་།: 01.09.2011 ཉིན། 11:50 AM
<< སྔ་མ།