སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་ལྔ་པ། མེ་དབལ་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་རེ་ལྔ་པ། མེ་དབལ་གྱི་ནད་གསོ་བ།

 ལེའུ་རེ་ལྔ་པ་མེ་དབལ་གྱི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མེ་དབལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མེ་དབལ་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། ནད་གཞིའི་དབྱེ་བ་དང་གནས་པའི་དབྱེ་བ་བསྟན་པ་གཉིས། དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་བཞི། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། མཚོན་བྱུང་བ་སྟེ་བཞིའོ། །གཉིས་པ་ནི། གནས་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། པགས་པ་དང་དོན་གཉིས་ཏེ་དྲིལ་བས་དྲུག་གོ

གསུམ་པ་རྟགས་བཤད་པ་ལ་གཉིས། ནད་གཞི་སོ་སོའི་རྟགས་བཤད་པ་དང༌། གནས་སུ་ཞུགས་པའི་རྟགས་བཤད་པའོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་རླུང་ལས་གྱུར་པའི་རྟགས་དང༌། མཁྲིས་པ་ལས་གྱུར་པའི་རྟགས་དང༌། བད་ཀན་ལས་གྱུར་པའི་རྟགས་དང༌། མཚོན་ལས་གྱུར་པའི་རྟགས་བཞིའོ། །གཉིས་པ་ནི། ཕྱིར་འབྱུང་ཞེས་རྐང་པ་གསུམ་གྱིས་བསྟན་པ་ལ་གཉིས་ལས་ཕྱིར་གནས་པའི་རྟགས་དང༌། ནང་དོན་སྣོད་ལ་གནས་པའི་རྟགས་རྣམས་སོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས་སྤྱིའི་བཅོས་དང༌། བྱེ་བྲག་གི་བཅོས་ཐབས་གཉིས། དང་པོ་ནི། བཅོས་ཐབས་ཞེས་རྐང་པ་བཅུས་བསྟན་ཏེ། གཏར་བ་ནི་གང་ཉེའི་རྩ་ལ་གཏར་ལ་གཏར་ག་བྱ་སྦྱང་བ་ནི་ཕྱི་རྒྱུད་ལྟར་རོ། །སྟོད་བྱུང་རློན་ཞེས་པ་ནི་སྐྱུགས་འདྲེན་པའི་དོན་ནོ། །ཆུ་ངན་བྱུག་ཅེས་པའི་ཆུ་ངན་ནི་འཁྲིག་པ་སྤྱད་དུས་ཀྱི་ཁམས་མིན་པའི་ཆུ་ཉག་རིང་པོ་བ་གླང་གི་ཁ་ཆུ་འདྲ་བ་དེ་ཡིན་ལ་མ་རྙེད་ན་དྲི་ཆུའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བད་རྩ་ཞེས་པ་ཆུ་ལ་སྐྱེས་པའི་པདྨ་དངོས་ཀྱི་རྩ་བ་ཡིན་ལ་མ་རྙེད་ན་པུནྜ་རི་ཀའི་རྩ་བ་ཞེས་པས་ཀྱང་ཚབ་རུང༌། ཤེལ་ཏ་ཞེས་པ། མདུང་ཤིང་ནགས་ལ་སྐྱེ་ཞེས་པ་དེའི་ཐང་ཆུའོ། །གསེར་བཙག་ནི་བཙག་ཡུག་གོ་ །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། བཞི་པ་ནི། མཚོན་འབྱུང་ཞེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ནོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་ལྔ་པའོ། །ཞེས་པས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།