སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བཞི་པ། གཞང་འབྲུམ་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་རེ་བཞི་པ། གཞང་འབྲུམ་གྱི་ནད་གསོ་བ།

ལེའུ་རེ་བཞི་པ་གཞང་འབྲུམ་གྱི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དགྲ་ལྟར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གཞང་འབྲུམ་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞི་ཞེས་པ་ལ་སྙིང་པོ་བསྡུས་པར། དགྲ་ལྟར་སྲོག་ཆགས་རྣམས་ཀྱི་འཚེ། །གཞང་འབྲུམ་བྱུང་བས་གསོད་བྱེད་པ། །དེ་ཕྱིར་བཤང་བའི་ལམ་འགེགས་པ། །གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གཅེའུས་བཙན་ཞེས་པ་ནི། ནི་རུ་ཧའི་དུས་སུ་གཅེའུས་བསྣད་པའོ། །བཞོན་བསྟེན་ཞེས་པར་ཡན་ལག་བརྒྱད་པར། བཞོན་པ་ཁོངས་དཀྲུགས་ཞེས་འབྱུང་བ་རྟ་ལ་སོགས་པར་བཞོན་ཉེས་པའོ།།

        གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་དྲུག་སྟེ། བད་ཀན་དང༌། རླུང་དང༌། ཁྲག་དང༌། མཁྲིས་པ་དང༌། སྐམས་པ་དང༌། གཤེར་བ་སྟེ། དེ་ཡང་སྙིང་པོ་བསྡུས་པར། རླུང་དང་བད་ཀན་གཉིས་ལས་སྐམས། ཁྲག་དང་མཁྲིས་པ་གཉིས་ལ་བརླན། །ཞེས་པ་ལྟར་རོ། །གསུམ་པ་རྟགས་བཤད་པ་ལ་གསུམ། རྒྱུ་མཚན་དང་བཅས་ཏེ་སྟོན་པ་སྤྱིའི་རྟགས། བྱེ་བྲག་ཕྱེ་སྟེ་སྟོན་པ་ཁྱད་པར་གྱི་རྟགས། གནས་དང་བཅས་ཏེ་སྟོན་པ་སྤང་བླང་གི་རྟགས་གསུམ་མོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ལྟར་རུས་ཚིགས་ན་ཞེས་པ་ནི། ཡན་ལག་རུས་ཚིགས་ན་བའོ། །དྲི་མ་ཁྲག་བཅས་སུལ་ལས་གྲངས་ཕྱོགས་དཔག་པ་ནི་དྲི་མའི་སུལ་མང་ཉུང་ལས་འབྲུམ་པའི་གྲངས་སུ་ཡོད་དང༌། ཕྱོགས་གང་བྱུང་ལས་གནས་གར་ཡོད་རྗེས་སུ་དཔག་པར་བྱའོ། །གཉིས་པ་ནི། ཁྱད་པར་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། རླུང་གྱུར་གྱི་གཞང་སྐམས་ཚ་ལ་བཙག་ཅེས་པ། སྙིང་པོ་བསྡུས་པར། གཞང་སྐམས་ཙེག་ཙེག་ཚ་བ་དང༌། །ཞེས་འབྱུང་ངོ༌། །གསུམ་པ་ནི། གཞང་སོར་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གཞང་རྒྱུ་སྦོམ་པ་ལ་རང་སོར་ཕྱེད་དང་ལྔ་ཡོད། གཉེར་མ་གསུམ་ཡོད་པའི་ཕྱི་རོལ་གྱི་གཉེར་མ་གདོང་མ་སོར་ཕྱེད་དང་གཉིས་འབྱུང་བ་ལོ་མ་ལོན་པ་གསོ་བ་སླ། གཉེར་མ་བར་མའི་སོར་ཕྱེད་དང་གཉིས་ལ་བྱུང་ཞིང་ལོ་གཅིག་ལོན་པ་གསོ་བ་དཀའ། གཉེར་མ་ནང་མའམ་ཕུག་མའི་སོར་ཕྱེད་དང་གཉིས་ལ་བྱུང་ཞིང་ལོ་འདས་པ་གསོ་བ་ཙམ་མོ། །འདུས་པ་ཞེས་པ་ལ་སྙིང་པོ་བསྡུས་པར། སྔོན་ལས་དེ་ཉིད་འདུས་པ་དང༌། །ཞེས་ཉེས་ལས་འདུས་པའོ། །ལྷན་སྐྱེས་ཞེས་པ་ནི་ཐོག་མ་ནས་ཡོད་པའོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱིའི་བཅོས་དང་བྱེ་བྲག་གི་བཅོས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ལའང་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ནི། འཕགས་ཡུལ་གྱི་སྨན་པ་དཱ་ན་དཱ་སའི་གསར་འགྱུར་ལས། གྲོ་ཕྱེ་ཁ་རོ་སྤྲུ་ཕྱེ། སོ་མ་ར་ཙ། སྤོས་དཀར། རྒྱམ་མཚལ། སྦུག་ཕྱི་རྣམས། ཆ་མཉམ་ཞིབ་པར་བཏགས་པའི་ཕྱེ་མ་མེ་ལ་བཏབ་པའི་དུད་པ་བཤང་ལམ་གྱི་ཡར་ཚུར་དུ། གཞང་འབྲུམ་གྱི་མེ་ཏོག་རྒྱས་པའི་ཁར་དུ་བ་བདུགས་པའི་རྗེས་སུ། སྟོད་ཇ། གུ་ཡུ་བསྲེགས་པ་ཞོ་རེ་ནི་ལ་ཐོད་ཐ་དང་གླ་རྩི་ཞོ་ཕྱེད་རེ་བཅས་ཞིབ་པར་བཏགས་པའི་ཕྱེ་མ་དེ་རྨ་ཁར་ནད་པའི་མཚན་མར་སྦྱར་ཏེ་ཕོ་རོག་གི་སྒྲོས་མ་དྲག་བར་དུ་བྱུགས་པས་སེལ། འབྲུམ་པ་གཅོད་ལུགས་དང་བལྟ་ལུགས་རྒྱུད་དང་འདྲ། གཅོད་ཐུབ་མ་ཐུབ་ཀྱི་དབྱེ་བ་ནི། ནད་ཟུག་མེད་ན་གཅོད། ནད་ཟུག་ཡོད་ན་མི་གཅོད། དེ་རྗེས་སྟོད་ཇ་ཤིང་སོལ་འབུ་སྐྱོགས་མེ་ལ་བསྲེགས་པའི་ཐལ་བ་དེ་གསུམ་ཆ་མཉམ་ཞིབ་བཏགས་ཕྱེ་མ་བཤང་ལམ་གྱི་འབྲུམ་པ་བཅད་རྗེས་ཁྲག་རླུང་གིས་བརྒྱལ་འགྲོ་བས་འཇིགས་མི་དགོས། དེ་རྗེས་ཀྲོ་སི་ནི་རྡོའོ་རྩེ་སྣུམ་ལ་བཅུག་སྟེ་མེ་ལ་བསྲོས་ནས་ཤིན་ཏུ་ཚ་བ་བྱས་ཏེ་འབྲུམ་པ་བཅད་ཤུལ་བསྲེགས་པའི་རྗེས་གོང་གི་སྨན་སྣ་གསུམ་པོ་སྲིན་བལ་གྱི་སྟེང་དུ་སྣུམ་དང་སྦྱར་ཏེ་ཁོང་གི་ནང་དུ་བཅུག་དེ་ཁ་རས་ཀྱིས་དམ་པར་བསྡམས་ཏེ་མ་དྲག་གི་བར་དུ་བཞག་པས་ཕན་ནོ། །གཉིས་པ་གཞུང་དོན་བཤད་པ་ནི། དང་པོ་ཞེས་རྐང་པ་ཉེར་ལྔས་བསྟན་ཏེ། ཐལ་ཏྲེས་ནི་འོམ་བུ་དང་བ་ལུ་ལ་འདོད་པ་དང༌། ལེགས་སྦྱར་དུ་ཨ་ཛ་ཤྲིའ་ཨངྒ་ཞེས་ཨ་ཇ་ལུག་ཤྲིའ་ཨངྒ་རྭ་ཅོ་ལ་འཇུག་པས་ལུག་རུ་ལ་འདོད་པ་མང་ཡང༌། འདིར་བ་སྤྲུ་བར་གཟུང་ངོ༌། །སྤ་འབྲུམ་ནི་ཤུག་པ་སྤ་མའི་འབྲས་བུའོ། །བྱ་བྲུན་ནི་ཁྱིམ་བྱ་དཀར་པོའི་བྲུན་ནོ། །འོལ་སེ་ནི་དངོས་སོ། །གཏར་བ་ནི། རྫོང་འཕྲང་དུ། ལོང་རྩ་བྱིན་གཞུང་ལ་གཏར་ཀ་བྱ་བའོ། །ཞེས་བཤད། རྡེའུ་འདོན་པ་ལྟ་བུ་ནི་རྫོང་ཕྲང་དུ། དེས་ཀྱང་མ་ཞི་ན་བཤལ་བཏང་ལ་དེ་ནས་ནས་ཕད་ཀྱིས་བཏེག་ལ་སྒྱིད་ཁུང་བཀུག་ལ་རས་ཀྱིས་བཅིངས་ལ་ཕོངས་ཉི་མ་ལ་བསྟན་ལ་ཞེས་འབྱུང༌། བལྟ་དང་བཅད་པའི་ཆ་བྱད་ཚད་ལྡན་ནི། བཤད་རྒྱུད་དུ། སྦུབས་ཅན་བ་ནུ་འདྲ་བ་སོར་གསུམ་པ། །སྦོམ་སོར་ཕོ་ལ་ལྔ་སྟེ་མོ་ལ་དྲུག །ནད་བལྟ་བ་ལ་བུ་ག་གཉིས་པར་བྱ། །ལས་ལ་བུ་ག་གཅིག་པ་གློ་དཀར་ཅན། །དེ་འདྲ་གཞང་འབྲུམ་བལྟ་དང་གཅོད་ལ་སྦྱར། །ཞེས་པ་དང་པོ་ནད་གར་འདུག་བལྟ་བ་དང༌། ཕྱི་མ་གཅད་པའོ། །དར་བ་འཇམ་རྩུབ་བར་མ་མེ་དྲོད་དཔག །ཅེས་པ། སྤྱིར་དར་བ་ནི། ནུབ་ཀྱིས་འོ་མ་ཞོ་བསྙལ། ནང་གི་འོ་མ་དྲོན་མོ་དང་བསྲེས་པ་དཀྲོགས་ནས་མར་ཕྱུང་ཤུལ་དེ་ཡིན་ལ། དེ་ཡང་མར་མ་ཕྱུང་བ་ནི་དར་བ་འཇམ་སྟེ་མེ་དྲོད་ཆུང་བས་བསྟེན། མར་ཕྱུང་བའི་དར་གསར་ནི་བར་ཏེ་མེ་དྲོད་འབྲིང་བོས་བསྟེན། དར་བ་རྙིང་པ་ནི་རྩུབ་པ་སྟེ་མེ་དྲོད་ཆེན་པོས་བསྟེན་ཏོ། །སྙིང་པོ་བསྡུས་པར། ཀུན་ལ་དུས་ཀུན་དར་རྙིང་མཆོག །སྟོབས་བསྐྱེད་ནད་རྣམས་འཇོམས་པ་ཡིན། །ཞེས་སོ།།

        གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་བདུན་ལས། དང་པོ་ནི། བྱེ་བྲག་ཅེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། རླུང་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་བཅུས་བསྟན་ཏེ། ཤལ་མ་ལིའི་ཤུན་ཞེས་པ། ཤིང་ཚེར་མ་ཆེན་པོ་ཅན་རྩ་རི་རོང་སྐོར་བས་ཤིང་ཚ་ཚ་ཟེར་བ་དེ་ཡིན་ལ་མོན་ཆ་རའི་ཤིང་གིས་ཀྱང་ཚབ་རུང༌། ཞེས་བླ་རྟ་བཞེད་ཀྱང་རང་ལུགས་མོན་ཆ་རའོ། །སྟང་ཟིལ་ལ་བླ་རྟའི་འགྲེལ་བར་ཁུངས་མ་རྙེད་གསུངས་ཀྱང༌། མཆན་བུ་ལ་ལར་ཕག་ཟེ་ནག་པོ་གཤིབས་པ་ལྟ་བུ་སངས་རྒྱས་ཀྱི་དབུ་ལོ་འདྲ་ཟེར་བ་ཡང་འདུག །དོན་དུ་བུང་བའི་མདོག་ཅན་ནག་ལ་འཚེར་བ་ཞིག་སྟེ་མི་སྟང་རྩེ་རོག་པོ་ཞེས་པ་འདིའོ། །ཤ་ཁ་ར་ནི་ཀ་ར་དཀར་པོ་ལ་འདོད། འོ་མ་ནི་རའི་འོ་མའོ། །བཞི་པ་ནི། མཁྲིས་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ལྔ་པ་ནི། གཞང་འབྲུམ་ཞེས་རྐང་པ་གཅིག་གིས་བསྟན་ཏོ། །དྲུག་པ་ནི། སྐབས་ལ་ཞེས་འབྲུ་བཞིས་བསྟན་ཏེ། བསེ་འབྲས་ཞེས་པ་སྙིང་པོ་བསྡུས་པར། གཞང་འབྲུམ་སྐམ་པ་ལ་ཏ་ཀ་སྟེ། ཞེས་བྱུང་བས་དོན་ལ་མ་ནུ་ཁྲག་ཅན་ནོ། །བདུན་པ་དོན་བསྡུ་བ་ནི། ཀུན་ལ་ཞེས་འབྲུ་ལྔ་དང་རྐང་པ་གསུམ་འབྲུ་གསུམ་གྱིས་བསྟན་ནོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་བཞི་པའོ། །ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།