སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།



ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྨེན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་དྲག་ཤུལ་རྐྱེན་གྱིས་འགྲམས་པའམ། །རླུང་ཁྲག་འཁྲུགས་པ་རྨེན་བུ་ལ་བརྟེན་སྐྲངས། །ཕལ་ཆེར་སྐེ་མཇིང་མིག་ཟུར་སྣེ་ས་མང༌།།

དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །ཤ་ཚིལ་རྩ་དང་འབྲས་དང་བརྒྱད་དུ་བཤད།།

དེ་རྟགས་རླུང་གྱུར་རྒྱ་ཆེ་བུས་འདྲར་གཡོ། །མཁྲིས་གྱུར་དམར་སེར་དྲོད་ཆེ་ཚ་ལ་རྣག །ཁྲག་གྱུར་དྲོད་ཆེ་ཚ་དམར་རྩ་ཐོག་འབྱུང༌། །བད་ཀན་ཟུག་ཆུང་སྲ་བསིལ་སྐྱ་བ་ཡིན། །ཤ་རྨེན་སྲ་ལ་རྒྱ་ཆེ་འཇམ་ཞིང་སྣུམ། །ཚིལ་རྨེན་མདོག་དཀར་བསིལ་ཞིང་འཕེལ་འབྲི་ཆེ། །རྩ་རྨེན་རྩ་སྟེང་སྙི་ལ་འགུལ་བའོ། །འབྲས་མཁྲང་སྲ་འདྲིལ་གཏིང་ཟུག་འཕེལ་འབྲི་ཆུང༌། །ཁ་ཅིག་རང་བཞིན་ཞི་འམ་འཕེལ་རྒྱས་བྱེད། །ཁ་ཅིག་ཟུག་མེད་ཁ་ཅིག་ཟུག་གཟེར་ཆེ། །ལ་ལ་སྨིན་དཀའ་ལ་ལ་མྱུར་དུ་རྣག །སྲ་ལ་སྨིན་དཀའ་ཉུང་གཤེར་འཁྱགས་འདྲ་དང༌། །འབྲོས་ཤིང་འཕེལ་སྐྱེན་འགས་པ་སྤང་བར་བྱ།།

བཅོས་ཐབས་གསར་དུས་ནད་སྟོབས་ཆུང་བ་ལ། །སྤྲ་ཚིལ་ཤོག་བུ་ལ་བསྐུས་བསྲོས་པ་གླན། །རྒྱམ་ཚྭ་བཅའ་སྒ་ཚན་དོས་བདུག་ཅིང་མཉེ། །མ་ཞི་སྟེང་དུ་མེ་ཡིས་འཚོས་པར་བསྲེག །ནད་སྟོབས་འབྲིང་ལ་བྲག་ཞུན་དྲི་ཆུ་བྱུག །ཡང་ན་ཀླད་རུལ་ཚྭ་དང་སྦྱར་བ་བྱུག །ཨ་རུ་གུ་གུལ་སྐྱེར་པ་བ་ཆུ་བཏུང༌། །མ་ཞི་འབམ་པོ་བྱ་བྲས་རྣག་ཏུ་དགུག །རྙིངས་ཤིང་རྒྱས་ནས་སྣུམ་འཆོས་དུགས་བྱས་ལ། །ལྟོ་དང་རྩས་སྦྱང་གང་ཉེའི་རྩ་ལ་གཏར། །ཆུ་མ་རྩི་དང་སྒོང་ཐོག་བྲག་ཞུན་དང་། །བུལ་ཏོག་དྲི་ཆུ་སྦྱར་བས་བྱུག་པར་བྱ། །མ་ཐུབ་བསྲེགས་སྟེང་ཁྲ་བོའི་ལུམས་ཀྱིས་གདུལ། །རྣག་ཏུ་ཁུགས་ནས་འབྲས་ལྟར་བཅོས་པར་བྱ། །ཟུག་ཆུང་རབ་འཕྱང་རྩ་བར་བཅད་ལ་བསྲེག །བད་རླུང་སྟག་ཚེར་སེང་ཚེར་ཙི་ཏྲ་ཀ །པི་པི་ལིང་གི་སྨན་མར་སྣུམ་རྗེས་སྦྱང༌། །རྒྱམ་ཚྭ་སྒ་མར་བྱུགས་སྟེང་ཨ་སས་བདུག །ཁྲག་མཁྲིས་ཨ་རུ་རྒྱ་སྐྱེགས་ཙན་དན་དང༌། །ཧོང་ལེན་ཤུ་དག་སྦྲང་དང་སྦྱར་ལ་བཏང༌། །ཀྱི་ལྕེ་བྲག་ཞུན་ཧོང་ལེན་དྲི་ཆུ་བྱུག །ཤ་རྨེན་གཅན་གཟན་ཤ་སྣ་བཙོས་ལ་བདུག །ཚིལ་གྱུར་གུ་གུལ་བཟའ་ཞིང་བྱེ་རུག་བདུག །རྩ་རྨེན་གོང་འོག་བསྲེག་ཅིང་གང་ཉེ་གཏར། །འབྲས་མཁྲང་ལུམས་ཀྱིས་བཏུལ་ལ་དེ་རྗེས་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྨེན་བུ་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།