སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།



ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྐང་བམ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་བད་ཀན་ཁྲག །འཕེལ་བས་ཤ་རུས་ཁད་ཀྱིས་ཏྲེབ་ཅན་སྐྲངས། །ན་བའི་ཟུག་གཟེར་ཆུང་བས་རྐང་བམ་ཡིན། །རྐང་ལག་རྣ་བ་མཆུ་དང་སྣ་ལ་མང༌། །དེ་ཡང་རླན་ཅན་ཡུན་དུ་འབྱུང་བ་ཡིན།།
དབྱེ་བ་རླུང་དང་མཁྲིས་པ་བད་ཀན་གསུམ།།
དེ་རྟགས་རླུང་གྱུར་རྩུབ་ཅིང་སྐྲངས་མདོག་ནག །མཁྲིས་གྱུར་མདོག་སེར་ཚ་ལ་རིམས་ཀྱིས་འདེབས། །བད་ཀན་ལྕི་ལ་ཟུག་ཆུང་ཤ་མཛེར་ཁྱབ།།
བཅོས་ཐབས་རླུང་གྱུར་དུགས་གཏར་རྒྱུན་སྦྱོངས་བྱ། །མཁྲིས་པ་ལས་གྱུར་གཏར་དང་བསིལ་བས་བྱུག །བད་གྱུར་པི་པི་ལིང་དང་ཨ་རུའི་ཐང༌། །འུ་སུ་བྲི་ཧ་ཏི་དང་ཡུངས་དཀར་བྱུག །ཀུན་ལ་འབྲུ་རྙིང་ཟན་དང་སྦྲང་རྩི་བཟའ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྐང་བམ་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།། །།


མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།