སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་དགུ་པ། འབྲས་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་དགུ་པ། འབྲས་ནད་གསོ་བ། 

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེའ་[ཀྱེ་]འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། མདོ་གནས་དགུ་པ་རང་འབྱུང་རྨ་ཡི་ནད། །གསོ་བའི་རིག་པ་བདག་ལ་བསྟན་ཏེ་གསོལ། །དེ་སྐད་གསོལ་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །རྨ་ནད་བཅོས་ཐབས་རིག་པ་བསྟན་གྱིས་ཟུངས། །རང་འབྱུང་འདུ་བ་ལས་བྱུང་ལྷན་སྐྱེས་རྨ། །ཕ་རོལ་མཚོན་གྱིས་གཅད་པ་རྐྱེན་གྱིས་རྨས། །དང་པོ་རང་འབྱུང་ལྷན་སྐྱེས་རྨ་འདི་ལ། །འབྲས་དང་གཞང་འབྲུམ་མེ་དཔལ་[དབལ་]སུར་ཡ་དང་། །རྨེན་བུ་རླིག་བླུག་[རླུགས་]རྐང་བམ་མཚན་རྡོལ་བརྒྱད། །གོ་རིམ་མི་ནོར་ཁྱོད་ཀྱིས་རབ་ཟུངས་ཤིག །དང་པོ་འབྲས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟག་[རྟགས་]དང་བཅོས་ཐབས་བཞི་ཡིས་སྟོན་པར་བྱ། །རྒྱུ་ནི་འགྲམ་[འགྲམས་]འཁྲུགས་དངས་མ་མ་ཞུ་དང་། །ངན་ཁྲག་རྩ་ལ་རྒྱས་བྱེད་[བྱེར་]རླུང་བསྒྲིལ་བྱུང་། །གཉིས་པ་དབྱེ་བ་གནས་དང་ཉེས་པའི་རིགས་ཀྱིས་དབྱེ། །གནས་ཀྱིས་དབྱེ་ན་ཕྱི་འབྲས་ནང་འབྲས་གཉིས། །ཕྱི་འབྲས་ཤ་རུས་རྩ་ཡི་འབྲས་དང་གསུམ། །ནང་འབྲས་གློ་སྙིང་མཆིན་མཚེར་མཁལ་མ་དང༌། །ཕོ་བ་རྒྱུ་ལོང་གཞན་[གཞང་]དང་ལྒང་པ་དགུ། །དེའི་རིགས་ནི་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །མཚོན་དང་བྱེ་འབྲས་དབྱེ་བ་བཅོ་བརྒྱད་བཤད། །གཉིས་པ་རྟགས་ནི་ཕྱི་ནང་རིགས་ཀྱིས་བརྟག་པ་གསུམ། །ཕྱི་འབྲས་སྤྱི་རྟག་[རྟགས་]རྩ་རྒྱུད་འཕྲ་[ཕྲ་]ལ་འདར། །སྐྲངས་པ་སྲ་བརྟན་[བརྟན་]ན་ཟུགས་[ཟུག་]ཆུང་དབལ་[བ་ལ]། །འདི་ནི་ལུམ་[ལུམས་]འདུལ་བྱས་ཀྱང་ཐུལ་མི་འགྱུར། །ཁྱད་པར་ཤ་འབྲས་ཡུང་གཤེར་འཁྱག་པ་འདྲ། །རུས་འབྲས་རུས་མདོག་རྩི་ཉམས་ཟོས་པ་དང་། །རྣག་ཆུ་སྲོ་མ་ཁུ་ཚིག་[ཚིགས་]འབྱུང་བ་ཡིན། །རྩ་འབྲས་རྩ་ཐོག་སྐྲངས་ཤིང་འཁྱུག་ལ་འགྲོ། །དེ་དག་གནད་སྟེང་བྱུང་བས་གསོ་དཀའ་ཡིན། །ཁོང་འབྲས་སྐྲན་ལྟར་རེག་ན་སྲ་བ་འོད[འམ]། །མི་མངོན་གཏིང་ནུབ་ཟས་ལ་འཁྲིན་[འཁྲེན་]པ་སྟེ། །སྨིན་ནས་གྱེར་[གྱེན་]ཐུར་གཉིས་ཀར་སྣག་[རྣག་]སྦྱོང་སྐྱུག །གློ་འབྲས་མེད་[མིད་]པ་ན་ཞིང་ཟས་མེད་[མིད་]དཀའ། །སྙིང་འབྲས་སེམས་འཕར་ཡིད་ཉོག་མུན་སྲོས་འདྲ། །མཆིན་འབྲས་རྣག་རྒོད་མགོ་འཁོར་སྐོམ་དད་ཆེ། །མཚེར་འབྲས་སྦོས་འཁྲོག་བྱེད་དང་དབུགས་མི་བདེ། །མཁལ་འབྲས་ཆུ་སྲི་བཙིར་འདོད་རྐེད་རྩིབ་ན། །ཕོ་འབྲས་ལྟོ་སྦོས་ཟས་སྐྱུག་མིད་པ་ན། །གསུས་པ་བྲང་གི་རྕ་རྒྱུས་མང་རྩ་འབྲོས། །རྒྱུ་ལོང་ཞུ་རྗེས་ན་ལ་སྐྱིགས་བུ་འོང༌། །གདོང་དང་རྐང་བོལ་གཡོ་ཞིང་འཁྲུ་བ་ཡིན། །གཞན་[གཞང་]འབྲས་ན་ཞིང་དབུགས་འགགས་སྣག་[རྣག་]ཏུ་འཁྲུ། །ལྒང་པ་ཆུ་འགག་གཅིན་ཤུལ་རྣག་ཏུ་འོང་། །ཕལ་ཆེར་ཕོ་ལོང་མིད་པའི་འཚམས་[མཚམས་]སུ་འོང་། །དེ་ཕྱིར་ཕོ་བའི་ཁ་འཛིན་གཙས་[གཅེས་]པ་སྟེ། །སེལ་[སེ་]འབྲུ་བཞི་པས་ཟས་བཏུལ་འཇུ་བས་བརྟེན[བསྟེན]། །རླུང་འགྱུར་[གྱུར་]སྦོས་འཁྲོག་མི་བསྟན་[བརྟན་]མགོ་བོ་འཕར། །འཁྲིས་[མཁྲིས་]གྱུར་ཆུ་དམར་རྕ་མྱུར་རྣག་ཚད་སྐྱེ། །བད་ཀན་མདོག་སྐྱ་སྒྲེག་སྐྱུག་ཟས་རྟོག་གྲང་། །ཁྲག་ལས་གྱུར་ན་ནུ་མ་མངར་[མངལ་]དུ་འོང་། །རབ་ཏུ་ཚ་བ་འབྲུམ་པ་ནག་པོས་ཁྱབ། །མཚོན་ལས་[ལམ་]བསྟན་[བརྟེན་]དང་རྡོ་ལ་ཐུག་ལས་[ལ་]སོགས། །ཞི་ཞིང་སླར་ལྡང་རྒྱུན་དུ་གནས་པར་བྱེད། །བྱེད་[བྱེ་]འབྲས་བྱེ་སྒོང་ཙམ་སྲ་ཟུག་མེད་བསྟན་[བརྟན]། །བཞི་པ་བཅོས་པའི་ཐབས་ལ་རྣམས་པ་གསུམ་ཡིན་ཏེ། །ཕྱི་འབྲས་དང་པོ་གདུལ་དང་བར་སྐྱོན་བསལ། །ཤ་བུ་གསོ་ཞིང་ཐ་མ་རྨེན་བརྟན་[བརྟས་]བྱ། །འབྲས་འདུལ་ཤ་ལ་མི་རུས་ཉ་ཡི་ཤ །སྤྲུལ་[སྤྲུ་]རྩ་རེ་ལྕགས་[ལྕག་]ཅོང་ཟི་[ཞི་]དྲི་ཆུའི་ལུམས། །རུས་འབྲས་པི་པི་ལིང་དང་རམ་ཉེ་བསྣན། །རྩ་འབྲས་མཚལ་དང་ཚ་ལས་བྲན་ལ་བདུག །ཡང་ན་ཤ་ལ་བདུད་རྩི་ལྔ་ཡིས་བདུག །རུས་ལ་འབའ་ཆ་རུས་པ་སྣ་ཚོགས་ལུམ་[ལུམས]། །རྩ་འབྲས་བསིལ་བའི་སྔོ་སྣས་འདུལ་[གདུལ་]བར་བྱ། །ཁ་ཟས་ཕྱོགས་མེད་རྕུབ་མོ་བཏང་ནས་བཏག[བཤིག]། །ཐུལ་རྟགས་སྐྲང་ཤིང་ཧྲིམ་[ཧྲེམ་]མེད་མཉེན་ལ་བདེ། །དེ་ཡི་སྟེང་དུ་མེ་བཙས་ཚོས་པར་བསྲེག །ཡང་ན་སྐྲངས་དུས་ཚ་འཁྱུག་རྣག་སྨིན་འོང་། །རྣག་ཕུག་འཐས་ན་ལྗིབ་[འཇིབས་]ནག་ཁྲུས་བྱ་ཞིང་། །ཤ་རོ་ཏུལ་[རུལ་]བཅུག་བཅད་ནས་འཛེར་[འབྱར་]གྱིས་བཅོས། །དེས་ཡི་[དེ་ཡིིས་]བསྐྱེད་མེད་ཤ་རོ་སྐྱོན་བསལ་བ། །དངུལ་ཐལ་རྒྱམ་ཚ་རུ་རྟ་བྱང་པ་བཞི། །ཡང་ན་བསེ་ཞོ་བཙན་དུག་དངུལ་ཐལ་དང༌། །སྨུག་པོ་སྦལ་རྒྱབ་དོམ་འཁྲིས་[མཁྲིས་]སྦྱར་བ་དང་། །བྱང་པ་རྒྱ་ཚྭ་རུ་རྟ་ཤུ་དག་སྦྲང་[སྦྲང་སྨྱོན་]སྦྱར། །ཐར་ནུ་འབྲུག་རུས་སྦྲང་སྙོན་[སྨྱོན་]ཚ་བ་གསུམ། །རྨེ་[རྨ་]མེད་ཐུར་མས་རྨ་ལམ་བཀྲལ་[དྲལ་]ནས་བཅུག །རྨ་གཅན་[ཅན་]བྱུག་[བྱུང་]ན་ཐོག་ཏུ་ཅི་མོས་སྐབས[བཀབ]། །སྟེང་དུ་ཤོག་བུ་བག་ཅིན་[སྦྱིན་]དམ་གྱིས་བཅིང་། །ཚ་ཡང་མི་སྐྱོན་ཞག་གསུམ་ཟ་རུ་བཅུག །སེར་ཁ་བྱུང་ནས་གསོན་གཤིན་འཚམས་[མཚམས་]སྨན་བཙང་། །འབམ་པོ་ཕུག་རོན་བྲུན་དང་སྦྲང་འཇིབས་བྱ། །ཡང་ན་གཡུ་དངུལ་ཟེ་ཚྭ་སྦྲང་སྦྱར་བཏང་། །ཆོད་པ་དཀའ་ན་ཤ་རོ་ལྕགས་ཀྱིས་བསྲེག །རུས་འབྲས་སྟག་ཤ་ཞོ་གང་ལྕེ་ཚ་ཕྱེད། །སྦྲང་བསྙོན་[སྨྱོན་]སྦྱར་བྱུག་ཆོད་དཀའ་ཀྱུང་བུས་འབྲུད། །གསོན་གཤིན་སྤྲད་ཅིང་བྱེར་ན་མགོ་ལྟར་བཅོས། །རྩ་ལ་འབྲས་བུའི་ཐང་རྗེས་མང་དུ་གཏར། །རྩ་འབྲུམ་རྕ་ལྟོ་[ཚན་དོ་]འཕར་རྩ་མེ་ཡིས་མནན། །རྩ་ནས་སྦྱང་ཞིང་ཁོང་ནས་བསྡམ་སྨན་བཏང་། །འབྲོས་[འཕྲོ་]ཆད་ཤ་རོ་གོང་བཞིན་བསལ་བར་བྱ། །ཤ་རོ་བསལ་བས་རྕ་ཆད་ཁྲག་ཤོར་ན། །ཟབ་འགྲོན་ཐལ་བ་ཆ་གཅིག་དོམ་མཁྲིས་དང་། །སྤྲུ་འབྲུ་བུ་རམ་རིལ་བུས་རྩ་ཁ་འགག །སྤྲུ་རྩ་ཞེ་[ཞོ་]དང་སྦྱར་བས་རྨ་ཁ་གཡོགས། །སྐྱོན་སོལ་ཤ་རོ་དག་བཀྲུ་འཚོ་སྨན་འདེབས། །སྐམ་ན་ཞོས་སྦང་རློབ་[རློན་]ན་ཕྲུམ་སེར་[གསར་]བཏང༌། །སྦོས་པ་ཕྱིང་མར་རྩེ་[བརྩེ་]ན་ལྡིང་[ལྷིང་]རྩ་བྱ། །ཐ་མ་རྨེན་འཚོགས་བརྟས་པར་བྱ་བ་ནི། །དུར་བླུག་ཀླད་པ་ཚ་དང་སྦང་གར་བྱུག །ཁྲུ་གང་འོག་པ་[ས་]ཁུར་རྩ་རུས་སྣ་དང་། །དྲི་ཁུ་[ཆུར་]བཙོས་བདུག་རྨེན་མི་ལྡང་བ་ཡིན། །གཉིས་པ་ཁོང་འབྲས་རྣག་གི་འཁྲུ་སྐྱུག་བྱེད་པ་ན། །དེ་ནི་སྨིན་པས་གསོ་བ་དཀའ་བའི་ཕྱིར། །སྨིན་པར་མི་བྱ་གསལ་[གསར་]ནས་གསོ་བ་མྱུར། །དང་པོ་ལྟོ་བཀུག་བོང་ང་བྱི་ཏང་ཀ །དུག་ཉུང་སྒྲོན་ཤིང་ཕོ་བ་རིས་བསྐོལ་བླུད། །སྟོབས་ཆེ་སྤོས་དཀར་དུར་བྱིད་ཨ་རུ་ར། །ཧུང་[ཧོང་]ལེན་པི་ལིང་བ་ཆུ་སྦྱར་ནས་བཀྲུ། །ཡང་ན་ནིམས་[ནིམ་པ་]ཧུང་[ཧོང་]ལེན་འབྲས་བུ་གསུམ། །ཤིང་མངར་ས་ཏོ་[པ་ཏོལ་]དུར་བྱིད་ཁྱི་ལྕེ་ཞོ་ཕྱེད་རེ། །སྲན་ཆུང་སྲང་གང་ཁུ་བ་མར་བསྐོལ་སྦྱངས། ། སྐབས་སུ་འཇམ་རྩི་ནི་རུ་བདུན་དགུ་བཏང༌། །ཁྱི་ལྕེ་བསྡུས་ཁུར་ཏིམ་[ཏིག་]ཏ་བྱི་ཚེར་བ། །ཙནྡ་[ཙན་དན་]ཨུད་སེལ་[ཨུཏྤལ་]བླ་[གླ་]སྒང་ཨ་རུ་ར། །ལྕེ་[ལྕ་]བ་རམ་ཉེའི་འོ་[མ་]མར་བསྐོལ་བླུད། །བྲག་ཞུན་བ་ཅིན་[གཅིན་]གུ་གུལ་མིག་ལ་བྱུག །སྟོན་ཁའི་འབམ་པོ་ཕུལ་གང་སོས་ཀའི་དབྱི་མོང་ལ། །སྤར་གང་ཁན་དྷ་[ཁཎྜ་]བྱས་ཏེ་འབྲི་མར་སྲང་གསུམ་དང་། །སྣ་མ་ཚིག་པར་བསྐོལ་ལ་བུ་རམ་བཏབ། །རྒྱ་ཚྭ་ཁ་རུ་ཚ་གསུམ་ཐུན་རེ་བཏབས་[བཏབ]། །རིལ་བུ་བྱས་ནས་ཁྱེད་དུས་[ཁྱེའུ་སུས་]བསྟན་[བསྟེན་]པ་དང་། །འཇམ་རྩིར་བཏང་ཞིང་ཕྱི་ནས་མིག་ལ་བྱུགས། །འཇུ་བླ་[སླ་]བསྟེན་ནས་དྲོད་ལ་བསྒོམ་[བསྒོར་]བ་སྟེ། །ལུག་གཡག་ཉའི་ཤ་གསར་བཅུད་བསྟན་[བསྟེན་]དགོས། །ཤིག་རྟག་[རྟགས་]བྱུང་ནས་གང་ཉེའི་རྩ་གཏར་ཏེ། །སྟོད་ལ་སྣོད་ཁ་རྨད་[སྨད་]ལ་བྱིན་ལོང་གཏར། །འཁྲུ་ན་སྨན་ཐུན་བསྐྱེད་པས་ཁོང་འབྲས་སྦྱོངས། །དེས་མ་སོགས་[སེལ་]ན་ཨ་རུ་བཅུ་གཉིས་བ་ཆུས་[ཆུར་]བསྡུས། །གང་[གོང་]བཞིན་བྱས་པས་ཚ་དྲང་[གྲང་]གང་ཡང་སྦྱོང་། །ཐ་མ་སེལ་[སེ་]འབྲུའི་སྦྱོར་བས་ནད་རྗེས་གཅོད། །ཁྱད་པར་བྲག་ཞུན་སྤོས་དཀར་ཨ་རུ་ར། །གཞིར་བཞག་གློ་ལ་ཅུ་གང་ཤིང་མངར་བསྣན། །སྙིང་ལ་ཛ་[ཛཱ་]ཏི་ཙན་དན་ཞོ་ཤ་བསྣན། །མཆིན་པར་བ་ཤ་ཀ་དང་གུར་གུམ་བསྣན། །མཆེར་པར་པི་པི་ལིང་དང་ལི་ཤི་བསྣན། །མཁལ་མར་བཙོད་དང་སུག་མེ་[སྨེལ་]སྡིག་སྲིན་བསྣན། །ཕོ་བར་ཁ་རུ་ཚྭ་དང་བཅས་[བཅའ་]ལྒ་བསྣན། །རྒྱུ་ལོང་རྒྱམ་ཚྭ་གསེར་གྱི་མེ་རྟོག་[ཏོག་]བསྣན། །ལྒང་པར་སྡིག་སྲིན་གཞན་པར་[གཞང་ལ་]ནི་རུས་བསུ། །གློ་ལ་དྲུག་མགོ་སྙིང་ལ་སྙིང་རྕ་དང་། །མཆིན་པ་རུ་ཐུང་གཡས་དང་མཚེར་མ་[པ་]གཡོན། །མཁལ་མ་བྱིན་འཛུག་[གཞུག་]ཕོ་བར་ཐོང་རྩ་གཏར། །སྙིང་ལ་ཟས་བཅོས་བྱ་སྟེ་སྨན་སྐྱེད་ཆུང་། །ནང་ནས་སྨིན་རྡོལ་བྱུང་ནས་རྨ་ལྟར་གསོ། །རླུང་འབྲས་འཁྲུ་[ཁྲུས་]བཏང་དུར་བྱིད་རྩ་བ་ལྔ། །མར་ལ་བསྐོལ་ནས་བླུད་དང་བྱུག་པར་བྱ། །ཁྲག་མཁྲིས་པུ་ཤེལ་ཙེ་བཙོད་འབྲས་བུ་གསུམ། །ཤེལ་ཏ་ཤིང་མངར་ཡང་[ཡུང་]སྐྱེར་སྤ་ཤུག་འབྲས། །སྨན་མར་བཟའ་བྱུག་གང་ཉེའི་རྩ་[ལ་]གཏར། །བད་ཀན་དུར་བྱིད་ཡང་[ཡུང་]བ་དན་དྷ་[ད་]དང་། །དོང་ཁ་[ག་]ཤིང་རི་ཁན་དྷ་[ཤྲཱི་ཁཎྜ་]ཨ་རུ་ར། །སྐྱུ་རུ་འབྲུ་བུ་[བ་རུ་]དང་ཆུ་སྦྱོང་གིས་བཤལ། །སྐྱེལ་[སྐྱེར་]པ་ཏིལ་བྱུག་བྱེ་འབྲས་མེ་ཡིས་གསོ། །མཚོན་འབྲས་ལུམ་[ལུམས་]དང་རུལ་ཆོད་བྱས་ནས་གཏར། །ཆུ་ལུམ་[ལུམས་]མེ་བཙའ་འདི་ཡིས་བཅོས་ལ་མཆོག །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་འབྲས་ནད་གསོ་བའི་ལེའུ་སྟེ་རེ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།