སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

ལེའུ་རེ་གཉིས་པ་ཕྲན་བུའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ། ལེའུའི་མཚན་བསྟན་པའོ།

དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཕྲན་བུའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཕྲན་བུའི་ནད་རིགས་བཅོ་ལྔའི་གསོ་ཐབས་བསྟན་པ་ལ། དང་པོ་ནི། ཉྭ་ལོག་ཅེས་རྐང་པ་བཅོ་ལྔས་བསྟན་ཏེ། ཉྭ་ལོག་གི་ན་ལུགས་ནི་རྩ་འཆོལ་སྐོམ་དད་ཆེ་མིག་ཕུགས་སུ་འགྲོས་ཉྭ་འགྱུར་འཁྲུ་སྐྱུག་བྱེད་དོ། །མཐེབ་སྲིན་ནི་རྐང་ལག་མཐེབ་སྲིན་བཞི་དང་སྲིན་མཛུབ་བཞིའི་སེན་མོ་བསྲེག་གོ །འདོད་ཆགས་རྩེ་མོ་ནི་བྱ་ཕོའི་ཟེ་ཁྲག་གོ །ཞེ་སྡང་ཚིལ་བུ་ནི་སྦྲུལ་གྱི་ཚིལ་བུ། གཏི་མུག་འཁོར་ལོ་ཞེས་པ་ནི་ཕག་ནག་གི་སྣ། བན་དེའི་མཁྲིས་པ་ནི་ངུར་བའི་མཁྲིས་པ། བོན་པོའི་ཐལ་བ་ནི་བྱ་ཞང་ངམ་བྱ་ཝང་ཟེར་བ་དེའི་སྒྲོའི་ཐལ་བ། མཆན་བུ་ལ་ལར་རྟ་བོན་པ་ལ་བཞེད་པ་ཡང་འདུག འདྲེ་འཇིགས་ཐང་ཆུ་ནི་གུ་གུལ། བསྟན་པོའི་དྲེག་པ་ནི་ཕ་བོང་གི་དྲེག་པ། དྲི་ཅན་ལྟེ་བ་ནི་གླ་རྩི། སྟག་ཁྲ་བོ་ནི་ཕྱེ་ལེབ་སེར་ཁྲ། འཁྲུ་ན་ལྟེ་འོག་བསྲེག་པ་ནི། ལྟེ་འོག་མཚོན་གང་དེ་ནས་གཡས་གཡོན་མཚོན་རེར་བསྲེག་གོ །གཉིས་པ་ནི། མེས་ཚིག་ཅེས་རྐང་པ་དགུས་བསྟན་ནོ། །གསུམ་པ་ནི། ཁབ་བམ་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་ནི། ཤའམ་ཞེས་རྐང་པ་ལྔས་བསྟན་ཏེ། སྐེ་རག་རྡོ་ཡིས་ཞེས་པ་ནི་སྐེ་རགས་དྲུ་བུ་ལྟར་དྲིལ་བས་རྡོག་རྡོག་བྱེད་པའོ། །ལྔ་པ་ནི། གྲེ་བར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། དྲུག་པ་ནི། གྲེ་བར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བདུན་པ་ནི། ཉ་རུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏོ། །བརྒྱད་པ་ནི། སྡོམས་དང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རམ་པ་ཞེས་པ་ནི་སྒྲམ་པ་དུར་བ་ཞེས་པ་དེའོ། །དགུ་པ་ནི། ཆང་ནད་ཅེས་རྐང་པ་ལྔས་བསྟན་ཏེ། ཤ་བ་གནའ་བའི་ཁྲག་ཅེས་པ་རི་དྭགས་ཤ་བ་དང་གནའ་བའི་ཁྲག་དྲོན་མོའོ། །སྔོ་སྒ་ནི་སྲིབས་ནགས་སུ་སྐྱེས་པའི་ལོ་མ་ཤ་བའི་རྣ་བ་ལྟར་ཡོད་པ་མེ་ཏོག་སེར་བ་རོ་ཚ་ཁ་དང་ལྡན་པ་དེའོ། །བཅུ་པ་ནི། སྣེའུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྣེའུ་ལྷག་ཅེས་པ་ནི་སྣེ་ས་བཞིར་སྐྲངས་འབུར་འབྱུང་པའོ། །མཐེ་བོའི་སེན་མོ་བསྲེག་པ་ནི་མཆན་འོག་ཏུ་བྱུང་ན་གང་བྱུང་ངོས་ཀྱི་ལག་པའི་མཐེབ་ཆེན་བསྲེགས་བཟླ་རླིག་ན་ན་རྐང་པའི་མཐེབ་ཆེན་བསྲེག་གོ །བཅུ་གཅིག་པ་ནི། གཉའ་རེངས་ཞེས་རྐང་པ་གཅིག་གོ །བཅུ་གཉིས་པ་ནི། བསེ་དྲི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཏི་ཚ་སེར་པོ་ཞེས་པ་ལ། མི་མཐུན་པ་འགའ་རེ་འདུག་ནའང་ཁ་ཅིག་རྡོ་མཉེན་འདྲ་བའི་མདོག་སེར་པོར་ཡོད་པ་ཞིག་ལ་འདོད། བླ་རྟའི་འགྲེལ་བར་མདོག་དམར་སེར་ལྕི་བ་ཞིག་སྟེ་ངོ་བ་བཞུ་ན་ཞ་ཉེ་ཡོང་བ་ལ་འདོད།

        རང་ལུགས་སོག་པོ་མཇོ་ལུང་ནས་ཡོང་བའི་ཏི་ཚ་ཞེས་པ་དེའོ། །དེང་སང་རྡོ་མཉེན་འདྲ་ལ་ངོས་འཛིན་པ་དེ་ལྷ་རྒྱབ་བཟང་ཡུལ་གྱི་མདར་ཡོད་དོ། །ཞེས་པ་དེ་དང༌། ཤུག་ལོའི་ཐལ་བ་རྡུལ་སར་བྱུག་གོ་ བཅུ་གསུམ་པ་ནི། རྐང་ལག་ཅེས་རྐང་པ་གཅིག་གོ་ །བཅུ་བཞི་པ་ནི། རྣ་བར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཅོ་ལྔ་པ་ནི། ནུ་མ་ཞེས་རྐང་པ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ་ཐང་གིས་སྦྱངས་པ་ནི། ལྕུམ་རྩ་བྱང་པ་སྡིག་སྲིན་རྣམས་ཀྱི་ཐང་དགོང་མོ་བཏང༌། སྤེན་མའི་རྩེ་ནུས་ལྡན་དུ་བསྲེགས་པའི་ཐལ་བའོ། །གནའ་བའི་མཇུག་སྤུ་སེར་ཧྲོག་ཙམ་འོད་ལ་བསྲེག་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་གཉིས་པའོ་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་སྐབས་བདུན་པ་ཐོར་བུའི་ནད་གསོ་སྐབས་ཀྱི་དཀའ་བའི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། བདེ་དང་སྡུག་བསྔལ་ཕན་གནོད་ལྟར་སྣང་བ། །རྟེན་འབྱུང་བལྟོས་གྲུབ་ཙམ་གྱིས་ཁ་དྲངས་ནས། །མཐའ་བྲལ་དེ་བཞིན་ཉིད་དང་སྦྱོར་མཛད་པ། །སངས་རྒྱས་ཉག་གཅིག་དེ་ལ་བདག་དད་དོ། །རང་བཞིན་མེད་ཀྱང་སྣ་ཚོགས་འཆར་བའི་ཚུལ། །མཁའ་ལ་དབང་པོའི་གཞུ་ལྟར་རབ་བཀྲ་བ། །རྒྱུ་རྐྱེན་ལས་ཀྱི་རྗེས་སུ་འབྲངས་སོ་ཁྱོད། །ཐོར་བུ་མིན་པ་གོང་བུར་གནང་བའང་མིན། །སྐྱེ་དང་རྒས་དང་འཆི་བའི་སྡུག་བསྔལ་ཀྱང༌། །འགྱུར་བྱེད་ཟུག་རྔུས་བྱེ་བྲག་ཙམ་དུ་ཟད། །ནད་མེད་ཡུན་དུ་ལང་ཚོའི་དཔལ་སྟེར་བ། །སྲིང་འདིར་གསོ་དཔྱད་ལས་གཞན་ཡོད་པ་མིན། །ཅེས་སྨྲས་སོ། །སྐབས་བརྒྱད་པ་ལྷན་སྐྱེས་རྨ་གསོ་བའི་སྐབས་བསྟན་པ་ལ་གཉིས། །བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ཏེ། ལྷན་སྐྱེས་རྨ་ནི་ཕྱིའི་རྐྱེན་མདའ་རྡོ་མཚོན་གྱི་སྐྱེས་པ་མ་ཡིན་པ་གནོད་བྱ་རང་ལ་འཇག་པ་དྲི་བཅས་སྐྱེས་པའོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ་དང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ལྷན་སྐྱེས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལྷན་སྐྱེས་རྨ་ལ། འབྲས་དང༌། གཞང་འབྲུམ་དང༌། མེ་དབལ་དང༌། སུརྱ་དང༌། རྨེན་བུ་དང༌། རླིག་རླུག་དང༌། རྐང་འབམ་དང༌། མཚན་བར་རྡོལ་བ་དང་བརྒྱད་དུ་བཤད་པ་དེ་རྒྱས་པར་བཤད་པ་ལ་ལེའུ་བརྒྱད་ཀྱིས་བསྟན་ཏེ། ལེའུ་རེ་གསུམ་པས་འབྲས་གསོ་བ། རེ་བཞི་པས་གཞང་འབྲུམ་གསོ་བ། རེ་ལྔ་པས་མེ་དབལ་གསོ་བ། རེ་དྲུག་པས་སུརྱ་གསོ་བ། རེ་བདུན་པས་རྨེན་བུ། རེ་བརྒྱད་པས་རླིག་རླུག རེ་དགུ་པས་རྐང་འབམ། བདུན་ཅུ་པས་མཚན་བར་རྡོལ་བ་གསོ་བ་བསྟན་པའོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།