སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།



ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡི་ག་འཆུས་པའི་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་པ་བཞི།།

རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། །ལྕེ་སྙིང་ལ་ཞེན་ཡི་ག་འཆུས་པར་འགྱུར།།

དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི།།
དེ་རྟགས་རླུང་གྱུར་རོ་བསྐ་མཁྲིས་པ་ཁ། །བད་ཀན་རོ་མངར་འདུས་པ་རོ་དང་བྲལ།།

གསོ་ཐབས་ཡིད་ལ་འཐད་པའི་ཟས་གང་ཡང༌། །གང་ལ་ཕན་པའི་སྨན་དང་སྦྱར་ལ་བྱིན། །ཕྱི་ནང་ཁྲུས་སྦྱང་འབྲས་བུ་འོ་མར་སྦྱར། །དཀར་བའི་ཟས་བསྟེན་བསྐ་བའི་ཆུས་ཁ་བཀྲུ། །ཡིད་ལ་འཐད་པའི་དུ་བ་སྣ་རུ་རྔུབ། །བ་ལུ་ཕོ་བ་རིས་སྒ་པི་པི་ལིང༌། །རིམ་བསྐྱེད་ཤིང་ཚ་སུག་སྨེལ་ཀ་ར་སྦྱར། །ཕོ་བའི་དྲོད་སྐྱེད་ཡི་ག་འབྱེད་པར་བྱེད། །ལ་ལ་ཕུད་དང་ད་ཏྲིག་སྟར་བུ་སྒ། །སེ་འབྲུ་རྒྱ་ཤུག་ཀ་ར་འུ་སུ་དང༌། །ཤིང་ཚ་ཁ་རུ་ཚྭ་དང་པི་པི་ལིང༌། །གོ་སྙོད་ན་ལེ་ཤམ་སྦྱར་ཡི་ག་འབྱེད༌།  སུག་སྨེལ་ཤིང་ཚ་ནཱ་ག་པུཥྤ་དང༌། །ཚ་བ་གསུམ་གྱི་ཕྱེ་མས་ཡིག་འཆུས་སེལ། །ཚ་བ་ཤས་ཆེ་ཅུ་གང་བདེ་བྱེད་ཤིས། །བྱེ་བྲག་ཤུ་དག་ཀ་ར་ནིམ་པའི་ཆུས། །སྐྱུགས་རྗེས་ཆང་དྭངས་སྐར་ཆུ་སྦྲང་ཆང་བླུད། །འདུས་པའི་ནད་ལ་ཀུན་གྱིས་རློན་བྱས་ལ། །ཤུ་དག་ནིམ་པ་བུ་རམ་ཆུ་སྦྱར་བླུད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཡི་ག་འཆུས་པ་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།