སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་ལྔ་པ། མོ་ནད་བྱེ་བྲག་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཉོན། །མོ་ནད་བྱེ་བྲག་བཅོས་ཐབས་དེ་ཡི་རྒྱུ། །དབྱེ་བ་རྟགས་དང་བཅོས་ཐབས་བཞིས་བསྟན་ནོ། །རྒྱུ་ནི་ཟླ་མཚན་ཆུ་སེར་རླུང་གིས་བསྒྲིལ་བ་ལས། །ཚབས་སྐྲན་ཞེས་བྱ་དབྱེ་བ་དགུ་རུ་འགྱུར། །མ་རེ་ཙ་[རུ་ཙེ་]དང་ཨ་སོ་རྣམ་པ་གཉིས། །མངལ་གྱི་སྲིན་བུ་ལངས་འཁྲོག་[ཁྲོས་]ནད་གཉིས་བསྐྱེད། །གཉིས་པ་དབྱེ་བ་མངལ་ནད་རླུང་མཁྲིས་ཁྲག །འདུས་པ་རྣམ་ལྔ་གསང་བའི་རྟགས་[སྐབས་]སུ་བཤད། །ཁྲག་ཚབས་གློ་སྙིང་མཆིན་མཚེར་མཁྲིས་པ་མཁལ། །རྒྱུ་མ་ནུ་མ་འོ་མ་(གོར་བ་)བཅུ། །རླུང་ཚབས་མགོ་དང་རུས་པ་སྙིང་མཁལ་མ། །ཕོ་བ་རྒྱུ་མའི་ཚབས་དང་དྲུག་ཏུ་བཤད། །ཟླ་མཚན་ཆུ་སེར་རླུང་གིས་དོན་ལ་བྱེར། །རྩ་ནད་ཞེས་[ཅེས་]བྱ་ཚབས་ནད་བཅུ་དྲུག་འོང་། །ཚབས་སྐྲན་ཆུ་བུར་ཅན་དང་ཁྲག་སྐྲན་ཧྲེམ་པོ་དང༌། །ཤ་སྐྲན་བེལ་[བེམ་]པོ་རྨེན་སྲན་[སྐྲན་]ཕོ་སྐྲན་དང༌། །རྩ་སྐྲན་ས་བོན་སྐྲན་དང་ཟ་ཁུ་དགུ། །གསུམ་པ་རྟགས་ནི་སྙིང་གི་ཁྲག་ཚབས་རོ་སྟོད་གཟེར། །རྒྱུ་ཞབས་ཚ་ཞིང་གཏུབ་[གཏུབས་]པ་སྙམ་པར་བྱེད། །གློ་ཡི་ཁྲག་ཚབས་གློ་མང་རོ་སྟོད་གཟེར། །རྩེའུ་འགྲེང་ཡན་ལག་སྦྲིད་ནས་ཁ་གདོང་སྐྲངས། །མཆིན་པའི་ཁྲག་ཚབས་མིག་སྤྲིན་སེར་ལ་དམར། །མཆིན་པའི་སྟེང་དང་འོག་འོ་[མགོ་བོ་]ན་བ་ཡིན། །མཚེར་པའི་ཁྲག་ཚབས་རྒྱུ་ཞབ་[ཞབས་]ན་ཞིང་གཟེར། །ཕོ་བ་འཁྲུག་[འཁྲོག་]ཅིང་འཚེར་[མཚེར་]པའི་སྟེང་ནས་ན། །མཁྲིས་པའི་ཁྲག་ཚབས་ཉམས་[ཉམ་]ཆུང་སྐོམ་དད་ཆེ། །གློ་ལུ་ཤ་ལྕགས་[ལྤགས་]སེར་པོ་འགྲོ་བ་ཡིན། །མཁལ་མའི་ཁྲག་ཚབས་འདོམ་གཡའ་མོ་མཚན་ཚ། །རྐེད་སོ་མན་ཆད་རུས་པ་ཁོལ་ཅིང་ཚ། །རྒྱུ་མའི་ཁྲག་ཚབས་ཚ་ཞིང་འཐུང་[གཏུབས་]སྙམ་བྱེད། །འོ་ཚབས་ཟླ་མཚན་འོ་ཁ་ཆུ་འདྲ་འཛག །སྙིང་འཕྱོ་ཆུ་སོ་ན་ཞིང་སྐྱུག་སྙམ་བྱེད། །ནུ་ཚབས་ནུ་མ་སྐྲངས་ཤིང་ཟུགས་[ཟུག་]གཟེར་ཆེ། །ཁྲག་ཚབས་གོར་བ་ལུས་ལྗི་[ལྕི་]འགྲོ་མི་ཤེས། །རྒྱུ་སྨད་གང་ཞིང་ལྡང་དུབ་ན་བར་བྱེད། །མགོའི་རླུང་ཚབས་མགོ་འཁོར་ལིང་ཐོག་མང། །རྣ་བ་འོན་ཞིང་རྣག་འཛག་སོ་འགྲ་[འགྲམ་]ན། །རུས་པའི་རླངས་[རླུང་]ཚབས་རུས་པ་ཁོལ་ཅིང་གྲང༌། །ཚིག་[ཚིགས་]རྐང་ཚང་ར་བེམ་པོ་བཟོད་པ་ཚེ་[ཆེ]། །སྙིང་གི་རླུང་ཚབས་དྲན་པ་མི་གསལ་ཞིང༌། །མགོ་འཁོར་རྣ་བ་འུར་ཞིང་སྨྱོ་འབོག་བྱེད། །མཁལ་མའི་རླུང་ཚབས་རྐེད་ཚིགས་འཁོར་[ཁོལ་]ཞིང་ན། །གྲང་ན་ན་ཞིང་རྐེད་པ་མན་ཆད་བཤལ། །ཕོ་བའི་རླུང་ཚབས་སྦོས་འདྲིལ་ལྡང་དུབ་བྱེད། །ཁ་ཟས་འཇུ་དཀའ་བསིལ་ཟས་ཤིན་ཏུ་གནོད། །རྒྱུ་མའི་རླུང་ཚབས་བསྡམས་ནས་ཟླ་མཚན་འབྱང་། །མངལ་སྐྲན་ཆུ་བུར་ཅན་ནི་རྒྱུ་སྨད་སྦོས། །ཟླ་མཚན་ཆུ་སེར་དག་ཏུ་ཟད་པར་བྱེད། །ཁྲག་སྐྲན་ཧྲིལ་[ཧྲེམ་]པོ་རྒྱུ་ཞབས་ལྡན་[ལྡང་]དུབ་ན། །ཁྲག་རོ་འདྲིལ་བས་མངལ་དུ་བུ་ཆགས་འདྲ། །ཤ་སྐྲན་བེམ་པོ་མཁལ་རྐེད་འཆད་[ཆད་]སྙམ་བྱེད། །མངལ་ཁ་འཆུས་པ་དངས་(མ་)ཆུ་སེར་འཛག །རྩིག་མ་ནང་དུ་འདྲིལ་བའི་ནད་དུ་འགྲོ། །ཕོ་བ་རྫིང་ཞིང་ཟས་སྐོམ་འཇུར་མི་འདོད། །ཚང་ར་མི་ཐེག་[ཐོག་]དྲི་ཆུ་སྡོམ་པར་བྱེད། །ན་ཆུང་སྐྱེས་པ་ཆེ་འཕྲད་ནན་གྱིས་སྤྱད། །རྨེན་སྐྲན་ཁྲག་རྣག་འཛག་ཅིང་ཤ་མི་སྐྱེ། །ཆུ་སྲི་ལྡན་[ལྡང་]དུབ་ན་ཞིང་སྨད་མི་ཐིག་[ཐེག]།ན་ཆུང་ཁྱོ་ག་མང་པོས་སྤྱད་པ་ན། །ཕོ་སྐྲན་རིང་བ་[རེམས་པ་]ལུས་ཤ་སྐྱེར་མི་འདོད། །སྨད་བཤལ་གཞོག་ལྗི་[གཞོགས་ལྕི་]དབུགས་རྒེད་[རྒོད་]སྙིང་མི་དགའ། །བུ་བཙས་ཤུལ་དུ་ཁྲག་རོ་ལུས་པས་ན། །སྐྲན་རོ་ནག་པོ་མདོག་འགྱུར་ཚིགས་གཞི་སྐྲངས། །ལུས་ཤ་བེམ་པོ་འོང་ནས་མཛེ་རུ་འགྱུར། །བུ་བཙས་རྩ་འགྲམ་[འགྲམས་]སྐྲན་དུ་སོ་[སོང་]བས་ན། །རྩ་སྐྲན་ལིང་པ་ཤ་རུས་ཁོལ་ཞིང་ན། །བུ་བཙས་རྗེས་(ལ་)ཁྱོ་ཞུག་[ཤུག་]ས་བོན་འདྲེས། །ས་བོན་སྐྲན་ན་[ནི་]ཤ་རུས་འཇིག་འདྲ་ན། །ནང་དུ་སྐྲན་འདྲིལ་ཟླ་མཚན་ཕྱིར་འཛག་ན། །ཁྲག་སྐྲན་ཟ་ཁུ་ཁོང་པ་སྦོས་ཤིང་འཁྲོག །ཀུན་ཀྱང་བྱིས་སྦ་[པ་]ཆགས་འདྲ་སྲ་ཞིང་འདྲིལ། །སྐབས་སུ་ན་ཞིང་གཟེར་འོང་ཆུ་སེར་འཛག །མངལ་སྲིན་ལངས་པས་ཚ་བའི་ནད་རྟགས་ནི། །ཚང་ར་ནུ་མ་[མཚན་མ་]ཟ་གཡག་[གཡའ་]ཁོལ་ནུ་མ་རྒྱས། །སེམས་འཕྱོ་གཉིད་མེད་འགྲོ་འདོད་སྐྱེས་པ་འདོད། །ཤ་སྐམས་མོ་མཚན་དྲི་མ་མནམ་པ་ཡིན། །འཁྲོས་པ་དེ་དུས་མི་དང་མ་འཕྲད་པས། །མཛུག་གུ་ཤིང་བུས་ཕྲུག་[ཕྲུགས་]པས་སྲིན་འཁྲོས་ཏེ། །མངལ་ནང་སྐྲངས་ལ་ཆུ་སེར་འཛག་པ་དང༌། །ཤིན་ཏུ་སྲ་ཞིང་ན་ལ་མཚན་ཁ་སྦོས། །བཞི་པ་བཅོས་ཐབས་རྩ་ནད་སྐྲན་དང་སྲིན་བུ་གསུམ། །དང་པོ་རྩ་ནད་བཅུ་དྲུག་བཅོས་པ་ནི། །རླུང་ཚབས་དྲུག་པོ་དྲོད་དང་བཅུད་ཀྱིས་བཅོས། །ཁྲག་ཚབས་བཅུ་པོ་བསིལ་དྲོད་ཁྲེ་བོར་[ཁྲེའུར་]བཅོས། །སྙིང་གི་ཁྲག་ཚབས་ཨ་རུ་རྒྱམ་ཚ་དང༌། །ཤིང་ཚའི་ཐང་གཤེར་སྦྱངས་རྗེས་སྙིང་རྩ་གཏར། །དེ་འོག་འབྲས་བུའི་སྨན་[མར་]སྦྱར་དྲུག་པ་བསྲེག །གློ་ཚབས་ལྟོ་གཤེར་ཆུང་བས་སྦྱང་བྱས་སྟེ། །དྲུག་འགོ་གཏར་ལ་བདེ་བྱེད་འབྲིང་པོ་སྦྱར། །རྗེས་ལ་དམར་གསུམ་སྦྱར་ལ་བཞི་ལྔ་བསྲེག །མཆིན་ཚབས་གུར་གུམ་ཤིང་ཚ་པི་པི་ལིང༌། །ཨ་རུ་ཆང་སྦྱང་[སྦྱར་]སྦྱང་ལ་རུ་ཐུང་གཏར། །གུར་གུམ་བདུན་སྦྱར་རྗེས་ལ་བརྒྱད་པ་བསྲེག །མཚར་[མཚེར་]ཚབས་རྒྱ་ཚ་ཤིང་ཚ་དུར་བྱིད་སྦྱངས། །སེལ་[སེ་]འབྲུ་བརྒྱད་སྦྱར་བཅུ་གཅིག་མཚེར་སྟེང་བསྲེག །མཁྲིས་ཚབས་ཨ་རུ་ཁྲོན་བུ་གསེར་མེ་ཏོག །ཐང་ཁྲུས་རྗེས་པ་[ལ་]ཏིག་ཏ་བརྒྱད་པ་སྦྱར། །མཁྲིས་རྩ་གཏར་ཞིང་ཚིགས་པ་བཅུ་པ་བསྲེག །མཁལ་བའི་[མའི་]ཚབས་པ་[ལ་]ཤིང་ཚ་ཆང་ལ་བསྐོལ། །རྒྱ་ཚ་རྒྱ་རུ་བ་སྤྲུ་ཙན་དྷ་[ཙཎྜ་]ལི། །ཁ་ཚར་བཏབ་བཏང་བྱིན་གཞུག་རྩ་ལ་གཏར། །རྗེས་ལ་རྩ་བ་ལྔ་སྦྱར་བཅུ་བཞི་བསྲེག །རྒྱུ་ཞབས་ལྕིམ་[ལྕུམ་]རྩ་ཨ་རུའི་ཐང་གཤེར་བྱ། །འོམ་བུ་བདུད་རྩི་བདུག་གོ་བཅུ་བདུན་བསྲེག །རྙིང་[གཉན་]མོའི་གློ་བ་ལྒ་དང་མར་རྙིང་བཏང༌། །འོ་ཚབས་མངལ་འཆུག་འོ་མཚམས་[ཚབས་]འབྲུ་དང་ཚ་[ཚྭ་]མར་བྱུག །ཤིང་ཚ་གཟེ་མ་ར་སྣ་མུ་[མཱུ་]ལ་ལྒ།སྤང་རྒྱན་དཀར་པོ་བུ་རམ་སྦྱར་ལ་བསྟང་[བཏང༌]། །ནུ་མའི་ཁྲག་ཚབས་མཚལ་གྱི་ཉ་དགུས་བསྣན་[མནན]། །བ་ཤ་ཀ་དང་ཁྱི་ལྕེ་དཀར་པོ་དང༌། །ཨ་རུའི་ཐང་བཏང་འབྲས་སོ་ནས་ཕུལ་དོ། །བཙོས་པའི་ཁུ་བར་མར་བྲེ་ཕྱེ་བཏབ་ནས། །ཚ་བ་བཞི་དང་ཤིང་ཚ་ཁ་རུ་ཚ། །རྒྱམ་ཚ་བཏབ་ནས་ཆུ་བཅད་སྦྱང་[སྦྲང་]སྦྱར་བཏང་། །རྒྱབ་རྩ་གཏར་ཞིང་གསུམ་པ་བདུན་པ་བསྲེག །ཁྲག་ཚབས་གོར་པ་འབྲུའམ་ཚ་དུགས་བྱ། །ཤ་རུ་འོལ་མོ་རྒྱ་ཚ་ཆང་སྦྱར་བཏང༌། །གཏར་དང་ཚིགས་པ་བདུན་པ་གསུམ་པ་བསྲེག །ལོང་རྩ་ཡོབ་གོང་གཏར་ལ་ཟས་དྲོད་བསྟེན། །མགོ་བོའི་རླུང་ཚབས་མགོ་ཡི་རུས་ཁུ་དང༌། །མགོ་ཤ་ཀླད་པ་བྲོད་[གྲོད་]པར་བྲུབ་བཙོས་བདུག །འཚོགས་[མཚོག་]གསང་ཕྱེ་ལ་བདུད་[སྡུད་]སྒོ་གསུམ་སྟེང་བསྲེག །མགོ་བཅུད་མར་ཆང་འབྲས་བུའི་སྨན་མར་བསྟེན། །རུས་ཚབས་ཐང་[ཐོང་]ཚེར་ཚང་ར་རུས་ཁུ་བསྡུས། །ཁུ་བར་ཚང་རའི་ཤ་བཏང་དེ་དང་[སྟེང་]ཚ་གསུམ་བཏབ། །ཤིང་ཚ་སྙུག་ཤུན་ཙོང་བཏབ་ཚོས་པར་བཙོས། །ནངས་པར་ཁྱེད་[ཁྱེའུ་]སུས་ཚོབ་[ཁྱོར་]རེ་བསྲོས་ལ་བཏབ། །རུས་ཆང་བུར་ཆང་སྦྲང་ཆང་བཟང་བ་ཡིན། །སྙིང་ཚབས་སྤྲིནའུ་[སྤྲེ་དོམ་]དང་ཕྱི་བའི་སྙིང་གཙོ་བྱེད། །སྙིང་སྣ་འཚོགས་ཚད་བརྡུས་ཏེ་གྲོད་པར་བླུག །ཛཱ་ཏི་སུག་སྨེ་[སྨེལ་]ཤིང་ཚ་སྙིང་ཞོ་ཤ།ར་[རྭ་]ཚ་ད་[དྭ་]ཚ་ཨ་རུ་ཁ་རུ་ཚ། །ཁ་ཚར་བཏབ་སྟེ་ཆུ་ལ་ཚོས་པར་བཙོས། །དེ་དང་ལུག་ཤ་བསྲེས་ནས་ཁྱེའུས་[ཁྱེའུ་སུས་]བསྟེན། །འབྲས་བུའི་སྨན་མར་ཚིགས་པ་དྲུག་པ་བསྲེག །མཁལ་ཚབས་ར་ལུག་ཐུག་པོའི་མཁལ་མ་དང༌། །རྟ་དང་གླང་གི་མཁལ་མས་གཙོ་བྱས་ལ། །མཁལ་སྣ་ཚིལ་བཅས་གཏུབ་[གཏུབས་]ནས་གྲོད་པར་བླུག །ཤིང་ཚ་སུག་སྨེ་[སྨེལ་]ཨ་རུ་ར་དྭ་ཚ། །ཚ་བ་གསུམ་དང་ལ་ལ་ཕུད་དང་འུ་སུ་དང་། །རྭ་ཚ་སྤོད་བཏབ་བ་སྤྲུ་མཁལ་ཞོ་ཤ།གཟེ་མ་འབྲས་སྣ་གསུམ་བཏབ་བཙོས་བྱས་ལ། །ལུག་ཤ་བསྲེས་ཏེ་ཚ་བ་ཁྱེ་པུས་[ཁྱེའུ་སུས་]བསྟེན། །ཡང་ན་ལུགས་[ལུག་]ཐོང་མཁལ་མ་ཚིལ་དང་བཅས། །ཤིང་ཚ་སྙུག་ཤུན་བཏབ་བཙོས་གྲང་པ་དང་། །རྩོང་[བཙོང་]དང་ཤིང་ཚ་ཚ་བ་གསུམ་བཏབ་བཏང་། །ཕོ་བའི་རླུང་ཚབ་[ཚབས་]བྱ་བྲ་བོང་བསྲེགས་བདུག །སེལ་[སེ་]འབྲུའི་ཅུར་ནིས་ཕྱི་བ་གོང་མོ་བཏབ། །མདུན་རྒྱབ་མེས་མནན་སྒོག་སྐྱའི་སྨན་མར་སྦྱར། །རྒྱུ་མའི་རླུང་ཚབས་ཐོང་ཚེར་ཁྲག་ནང་དུ། །ར་[རྭ་]ཚ་དྭ་ཚ་ཤིང་ཚ་སུག་སྨེ་[སྨེལ་]དང༌། །ཨ་རུ་སླེ་ཁྲེས་[ཏྲེས་]སྤོས་[སྤོད་]སྣ་འབྲས་ཕྱེ་སྦྱར། །རྒྱུ་མ་བརྒྱངས་བཙོས་ཁྱེ་པུས་[ཁྱེའུ་སུས་]བསྟེན་པར་བྱ། །ཡང་ན་བཞགས་ཤང་[བཞག་ཤ་]ཚིལ་གཏུབ་[གཏུབས་]ཁྲག་དང་བསྲེགས་[བསྲེས]། །སྙུག་ཤུན་ཙོང་དང་རྒྱམ་ཚ་ཤིང་ཚ་བཏབ། །རྒྱུ་མ་བརྒྱངས་བཙོས་ཁྱེ་པུས་[ཁྱེའུ་སུས་]བསྟེན་པར་བྱ། །གཉིས་པ་སྐྲན་དགུའི་བཅོས་ཐབས་ནི། །མེ་ཏོག་སྣ་ཚོགས་ཆང་དུ་བསྣན་[མནན་]པའམ། །བྱ་བྲག་[བྲ་]སྣུམ་དང་བསྲེས་ནས་འབྲས་བུའི་ལུམས། །ལུས་ཀུན་དྲིལ་ཅིང་ཚང་ར་རྒྱུ་ཞབས་བདུག །ལྒ་དང་ཚ་[ཚྭ་]མར་སྦྱར་བའི་བསྐུ་མཉེ་བྱ། །བྱི་ས་བྱ་བྲ་གྲོག་ཞིང་དྲོད་དུགས་བྱ། །སེལ་[སེ་]འབྲུའི་ཅུར་ནི་[ནིས་]ཚ་བའི་རིལ་བུས་བཤིག །ལོང་རྩ་གཏར་ཞིང་ཁྲུས་གཤེར་སྐྲན་རོ་སྦྱོངས། །རྗེས་ལ་པན་ཙ་[པཉྫ་]ཕ་ལའི་སྨན་མར་རམ། །རྩ་བ་ལྔ་སྦྱར་ཚིགས་པ་བཅོ་ལྔ་བསྲེག །བོང་བུ་ཕྱི་བ་ལ་སོགས་བཤུལ་ཤ་བསྟེན། །གསུམ་པ་སྲིན་བུའི་ནད་གཉིས་བཅོས་པ་ནི། །སྲིན་ལངས་ཚ་བའི་ནད་ལ་ཁྱོ་ག་བསྟེན། །དྲིལ་ཕྱིས་(ས་)བོན་དངས་མ་སྨན་ཐང་བཏང༌། །སྲིན་འཁྲོས་འཁྲུ་ན་[འབྲུའམ་]མེ་ཏོག་བྱི་རུག་བདུག །བྱི་རུག་བརྒྱད་པའི་ཁུ་བ་མངལ་དུ་བཏང༌། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་མོ་ནད་བྱེ་བྲག་ཏུ་བཅོས་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།