སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
མན་ངག་རྒྱུད། >> ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བ་གསོ་བ།



ལེའུ་ཞེ་བརྒྱད་པ།  དབུགས་མི་བདེ་བ་གསོ་བ། 

ཐོར་ནད་སྐྱིགས་བུ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དབུགས་མི་བདེ་བ་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་མ་ཞུས་རྒྱུ་བྱས་བད་ཀན་འཕེལ་བས་དྭངས་མའི་ལམ་བཀག་པ་དང༌། ལུད་པ་འཕེལ་བས་གློ་སྐབས་སུ་ལུ་ཞིང་དབུགས་རྒྱུ་བའི་ལམ་བཀག་པ་ལས་འབྱུང༌།

དབྱེ་བ་ཕྱེ་ན་ཕྲན་ཚེགས་དང༌། མུན་ཅན་དང༌། དབུགས་ཆད་པ་དང༌། ཆེན་པོ་དང༌། གྱེན་འབྱུང་ཞེས་བྱ་བ་དང་རྣམ་པ་ལྔའོ། །

དེ་རྣམས་སྤྱིའི་རྟགས་ནི་སྙིང་ག་དང་རྩིབ་ལོགས་ཕུས་བརྒྱངས་སམ་སྙམ་པ་ན་ཞིང་གཟེར་བ་དང༌། ལྟོ་བ་སྦོ་ལ་དབུགས་རྒོད་པའམ་ཡང་ན་གཞའ་བ་སྟེ་གབ་པའི་བག་ལ་ཉལ་བའི་དོན་ཏེ་དེ་ལྟ་བུར་འགྱུར། བྱེ་བྲག་ཕྲན་ཚེགས་ནི་འགྲངས་ཤིང་ངོམས་པར་འདུག་པའི་རྗེས་ཐོག་དེར་དྲག་ཤུལ་གྱི་རིགས་བྱས་པ་ལས་འབྱུང༌། མུན་ཅན་ནི་གློ་མིག་བད་ཀན་གྱིས་འགགས་པས་ལུད་པ་མང་ལ་ཐོན་རྗེས་གྲེ་བ་ངར་ཞིང་འཛེར་བ་དང་ཉལ་ན་ཤིན་ཏུ་མི་བདེ་ཞིང་རོ་སྟོད་གཟེར་སྙམ་བྱེད། དབུགས་ཆད་ནི་བད་ཀན་གྱིས་གློ་མིག་འགགས་པས་གྱེན་རྒྱུའི་རླུང་གི་མཐུ་ཉམས་ཏེ་དབུགས་འབྱིན་མི་བདེ་ཞིང་ཁ་སྐམ་ལ་སྐད་གདངས་དམའ་བས་གཏམ་གྱི་གཞུག་ཆད་དེ་གསང་གཏམ་ལྟ་བུར་སྨྲ་བ་ཡིན། ཆེན་པོ་ནི་སྐད་འཛེར་ཞིང་མགུལ་པ་སྐམ་ལ་གང་ཐོན་པ་དེ་ང་རོ་ཆེ་བ་དང་འགུལ་བསྐྱོད་ཀྱིས་འགྲོ་ཚེ་དབུགས་རྒོད་ཅིང་ལུད་པ་མང་དུ་འབྱུང༌། གྱེན་འབྱུང་ནི་བད་ཀན་གྱིས་གྱེན་རྒྱུའི་དབུགས་རྒྱུ་བའི་ལམ་བཀག་པས་ཕྱིར་དབུགས་འབྱིན་བདེ་ཞིང་ནང་དུ་དབུགས་ཐུང་རྩུབ་རྔུབ་པ་དཀའ།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་བཅོས་བུ་གར་གནས་པའི་བད་ཀན་བསལ་ཕྱིར་རྒྱམ་ཚྭ་ཏིལ་མར་སྦྱར་བ་བུ་གའི་ཁ་སོགས་ལུས་ཀུན་ལ་བྱུག་པ་དང༌། ཚ་བ་ཤས་ཆེ་ན་བཅོས་དེ་སྤང་སྟེ་ཆུ་དྲོན་བླུད་ཅིང༌། ཕྱི་རྒྱུད་གློ་ནད་སྦྱོང་བའི་བཀྲུ་སྨན་དང་སྐྱུག་སྨན་གློ་ནད་ཐེས་པོ་སྐབས་ལྟར་འཇམ་པོས་བུ་ག་སྦྱང༌། སྦྱངས་པས་ཀྱང་མ་དག་ན་ནད་ལྷག་ཨ་ག་རུ། གུ་གུལ་དཀར་ནག གླ་སྒང་། རྡོ་དྲེག སྤང་སྤོས། ཤིང་ཚ། ཧ་རེ་ཎུ་ཀ་སྟེ་མ་ནུ་རྟ་སྐམ། བྱི་ཏང་ག གླ་རྩི། སྤྲ་ཚིལ་རྣམས་དུ་བ་མེད་པའི་མེར་བསྲེགས་པའམ། ཡང་ན་སྤོས་དཀར་དང་ལྡོང་རོས། ཡང་ན་ཨ་གར་མར་སྦྱར་གྱི་དུད་པས་བསལ་ལ། རྟ་སྦངས་སམ་བ་གསར་མའི་ལྕི་བའི་ཁུ་བ་སྦྲང་དང་སྦྱར་བ་བླུད། ཡང་ན་ཤིང་མངར་དང་པི་པི་ལིང་གི་རྩ་བ་དང་བ་ལྕི་དང་རྟ་སྦངས་ཁུ་བར་བུ་རམ་སྦྲང་སྦྱར་བྱིན་པ་དང༌། ཁ་ཟས་མར་གསར། ཞོ་སྤྲིས། རླན་ལ་གནས་པའི་སེམས་ཅན་གྱི་ཤ་རྣམས་ཟ། ཉེས་པ་གང་ཆེའི་ཤས་དང་སྦྱར་ཏེ་རླུང་ཤས་ཆེ་ན་སྣུམ་འཆོས་བྱས། རི་བོང་གི་ཤ་ཁུ་མར་པི་པི་ལིང་བཅས་སྦྱར་བ་བླུད་ཅིང་སྐེ་སྟོང་དང་ཚིགས་པ་དང་པོ་བསྲེགམཁྲིས་པ་ལས་གྱུར་པར་དུར་བྱིད། གསེར་མེ། ཧོང་ལེན་བཅས་ཀྱིས་སྦྱངས་ལ་འབྲས་ཆན་པི་ལིང་ཅུ་གང་སྒ་མར་རྣམས་སྦྱར་བ་བླུད། བད་ཀན་ལས་གྱུར་པར་ཕྱི་རྒྱུད་ལས་ལྔ་ལྟར་གྱི་སྐྱུགས་བྱ་ཞིང༌། མ་ནུ། ཟུར་པ། སྒ་རྒོད་པ། སྐྱུ་རུ་ར་རྣམས་སྦྲང་དང་སྦྱར་བ་བླུད། ཁྲག་ལས་གྱུར་པར་རྩེ་ཆུང་དང་ཐོང་རྩ་གཏར་ལ་བཅོས།

བྱེ་བྲག་ཏུ་བཅོས་དགོས་གྲས་ནས་ཕྲན་ཚེགས་ནད་ལ་བཅོས་མི་དགོས་ཤིང༌། ཕྱི་མ་བཞི་པོ་ལ་སྟར་བུ། སྐྱུ་རུ་ར། རུ་རྟ། ཤིང་མངར་རྣམས་ཞོ་དང་སྦྱར་བས་གློ་མིག་གི་བད་ཀན་དྲངས། དེ་འོག་མུན་ཅན་ལ་ཙན་དན་དཀར་པོ། ཅུ་གང་དང་ཤིང་མངར། ཀ་ར་རྣམས་དྲི་ཆུ་བར་པས་དབུལ། དབུགས་ཆད་ལ་ཅུ་གང༌། ཤིང་ཚ། སུག་སྨེལ་དང༌། པི་པི་ལིང་དང༌། ཀ་ར་རྣམས་སྦྲང་དང་སྦྱར་བ་བཏང་ཞིང༌། ཡང་ན་ཨ་ཀྲོང་སྦྲང་རྩི་བཅས་རྟ་སྦངས་ཁུ་བར་སྦྱར་བ་བྱིན། ཆེན་པོ་ལ་སྒོང་ཐོག་པ་དང་སྲོ་ལོ་དཀར་པོའི་ཐང་ལོ་བརྒྱད་དྲི་ཆུ་དང་བསྲེས་པ་ཀ་རས་རོ་བསྒྱུར་ལ་བཏང༌། གྱེན་འབྱུང་ལ་མ་ནུ་པུཥྐར་དང་སྦྲང་གི་ལྡེ་གུ་སྦྱར་བ་བྱིན་ཞིང༌། ཀུན་ལ་སྐྱོར་གོང་རྩ་དང་ཐོང་རྩ་གཏར་བ་དང༌། བྱ་རོག་མིག་ནས་ཕྱི་ལ་ཚོན་གང་བཅལ་བ་རྩིབ་བར་གོང་འོག་གི་གོ་ཆེན་དང་གོ་ཆུང་སྐེ་སྟོང་རྣམས་ཐུར་མས་གསེང་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་དབུགས་མི་བདེ་བ་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།