སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།



ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྐྱིགས་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་རླུང་འཁྲུགས་པས། །གྱེན་རྒྱུའི་བུ་ག་འགགས་ཏེ་སྐྱིགས་བུ་འབྱུང༌།།

དབྱེ་བ་ཟས་བྱུང་ཕྲན་ཚེགས་ཟུང་འབྱུང་དང༌། །ཆེན་པོ་ཟབ་མོ་ཞེས་བྱ་རྣམ་ལྔར་བཤད།།

དེ་རྟགས་ཟས་བྱུང་རིངས་སྟབས་ཟོས་རྗེས་འབྱུང༌། །ཕྲན་ཚེགས་ཟས་ཟོས་རྗེས་འབྱུང་མོད་ལ་ཆད། །ཟུང་འབྱུང་ཚིགས་རིང་ཞུ་དུས་གཉིས་བསྟུད་འབྱུང།༌།  ཆེན་པོ་ཤུགས་དྲག་མིག་ཧར་ཚིག་མི་ཐོན། །ཟབ་མོ་ལྟེ་བའི་འོག་ནས་བསྟུད་འབྱུང་གསང། །ཉམ་ཆུང་ཟུངས་ཟད་གློ་རྡོལ་རྒས་པ་ལ། །སྐྱིགས་བུ་ཆེན་པོ་ཤུགས་དྲག་བྱུང་བ་སྤང༌།།

བཅོས་ཐབས་དང་པོ་འབྲུ་མར་བསྐུ་མཉེ་བྱ། །ཚབས་ཆེ་བ་ལ་སྐྱུགས་ཁྲུས་འཇམ་པོས་སྦྱང༌། །དབུགས་མི་བདེར་བཤད་དུ་བ་རྔུབ་པར་བྱ། །ནུ་ཞོ་ཙན་དན་སྦྲང་རྩི་སྦྱར་བའམ། །སྦྲང་རྩི་ནས་ཟན་བྲུན་སྦྱར་སྣ་སྨན་བཏང༌། །བྲ་བོ་བྱི་བྲུན་བརྔོས་པའི་སྟེང་དུ་ཉལ། །གྲང་རྗེས་མར་བྱུགས་ལག་པའི་སྙིང་རྩ་མནན། །གཅིག་བགྲང་དབུགས་ཐུབ་བསྡམས་པས་རླུང་ཁྱིམས་སེལ། །མ་ཚོར་འཇིགས་སྐྲག་དངངས་པའི་ཆོ་ག་བྱ། །ཆད་དཀའ་སྤྱི་གཙུག་མཚོགས་སྒོ་སྐེ་སྟོང་དང༌།  །ཚིགས་པ་བརྒྱད་པ་ནང་ལོང་འཕར་རྩ་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱིགས་བུའི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།