སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།



ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྐོམ་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས། །བད་ཀན་སྐེམས་པས་སྐོམ་དད་སྐྱེ་བར་བྱེད། །ཆང་དང་ལན་ཚྭས་བད་མཁྲིས་སྐྱེས་པའམ། །ཚད་གུང་ངལ་དུབ་སྤྱད་རྗེས་སྐོམ་མང་འཐུངས། །ཁོང་ཚད་བསྡུས་པས་མཁྲིས་སྐྱེད་སྐོམ་དད་ཆེ།།

དབྱེ་བ་རླུང་མཁྲིས་བད་འདུས་བཅུད་ཟད་ལྔ།།
དེ་རྟགས་ཁ་ལྕེ་གྲེ་སྐམ་ཟས་མི་འདོད། །ལྕེ་མྱུལ་སྐད་འགགས་ངོམས་པ་མེད་པར་སྐོམ། །རླུང་གྱུར་མགོ་འཁོར་གཉིད་མེད་མུ་འགྲམ་གཟེར། །སྣ་དང་ལྕེ་ཡིས་དྲི་དང་རོ་མི་ཚོར། །མཁྲིས་གྱུར་ཁོང་ཚ་ཁ་ཁ་ཁ་དྲི་མནམ། །བད་ཀན་ཁ་མངལ་རློན་བྲོ་ཟས་མི་འཇུ། །འདུས་རྟགས་ཀུན་སྟོན་བཅུད་ཟད་ཟས་མིད་དཀའ།།

བཅོས་ཐབས་རླུང་མཁྲིས་སེལ་བྱེད་ཕལ་ཆེར་བསྔགས། །ཕྱི་ནང་གཉིས་ནས་བཀྲུ་ཞིང་བསིལ་བར་བྱ། །ཆར་ཆུ་སྦྲང་རྩི་སྦྱར་བ་སྐོམ་དུ་བཏུང༌། །ཆག་ཚེ་ཀ་ར་སྦྲང་དང་སྦྱར་ལ་བཟའ། །འོ་མ་སྐྱུར་རྩབས་སྦྲང་གི་མཁུར་བཀང་བཅང༌། །ཁྱད་པར་རླུང་གྱུར་བུ་རམ་ཞོ་སྦྱར་བཏང་། །མཁྲིས་པ་ལས་གྱུར་མངར་བའི་སྨན་གྱིས་སྦྱང༌། །བད་ཀན་ལས་གྱུར་ནིམ་པའི་ཆུ་ཡིས་རློན།  །སྐྱེར་པ་ཀ་ར་སྦྲང་ཆུ་སྐོམ་དུ་བཏུང༌། །འདུས་པའི་ནད་ལ་སྐྱུགས་རྗེས་ཆུ་ཚན་བླུད། །བཅུད་ཟས་ཤ་ཁུ་འོ་མས་གསོ་བར་བྱ། །འུ་སུ་བསྐོལ་ཁུར་ཀ་ར་སྦྲང་བཏབ་པས། །ནད་གཞི་ཅི་ལས་གྱུར་ཀྱང་སྐོམ་པ་སེལ། །ཤིན་ཏུ་སྐོམ་ན་བཏུང་འོས་མ་ཡིན་ཡང༌། །ཐོག་མར་སྐོམ་བསལ་དེ་རྗེས་ནད་གཞི་བཅོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐོམ་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།



 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།