སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།



ལེའུ་ཞེ་དགུ་པ།  གླང་ཐབས་བཅོས་པ། 

དབུགས་མི་བདེ་བ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གླང་ཐབས་ཀྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་མ་ཞུ་བ་དང་མི་འཕྲོད་པའི་ཟས་ཟོས་པ་དང༌། རྔུལ་གྲང་གིས་སྲིན་འཁྲུགས་པ་དང་གདོན་གྱིས་བསྐྱེད་པ་ལས་འབྱུང་བར་བྱེད་ལ།

དབྱེ་བ་ཕྱེ་ན་གནས་ཀྱིས་དབྱེ་བ་དང༌། ནད་རིགས་ཀྱིས་དབྱེ་བ་རྣམ་པ་གཉིས་སུ་ཡོད་པ་ལས། དང་པོ་གནས་པའི་ས་ནི་དོན་གླང་སྣོད་གླང་རྩ་གླང་གསུམ་དུ་ཡོད་པའི་དོན་གླང་གནས་ས་མཆིན་པར་གླང་ཐབས་གནས་པ་དང༌། མཆེར་པར་གླང་ཐབས་གནས་པ་རྣམ་པ་གཉིས། སྣོད་ལ་གླང་ཐབས་གནས་པ་ཕོ་བ་དང༌། རྒྱུ་མ་དང༌། ལོང་དང་གསུམ། རྩ་ལ་གླང་ཐབས་གནས་པ་ཕྱི་རྩ་དང་ནང་རྩའི་གླང་ཐབས་གཉིས་ཏེ་གནས་ལ་རྣམ་པ་བདུན་ནོ། །རིགས་ནི་ཚ་གྲང་གཉིས་དང་སྲིན་དང་གཉན་གླང་བཅས་བཞི་སྟེ་རགས་པར་བཅུ་གཅིག་ཡོད་པ་ལས་ཚ་གླང་ནི་མཆིན་མཆེར་གཉིས་ཀྱི་ཁྲག་འཁྱགས་པ་དང༌། ཁྲག་དང་མཁྲིས་པ་གཉིས་ཕོ་ལོང་དུ་ལྷུང་བ་ལས་འབྱུང༌། གྲང་གླང་ནི་ཕོ་བར་མ་ཞུ་བ་ལྷུང་བ་དང༌། རྒྱུ་ལོང་གི་ནང་དུ་ཐུར་སེལ་གྱི་རླུང་འཁྱིལ་བ་ལས་འབྱུང༌། སྲིན་གླང་ནི་ཕོ་བ་དང་ལོང་གཉིས་སུ་སྲིན་འདྲིལ་བ་ཡིན་ལ། གཉན་གླང་ནི་ཕོ་བ་དང་རྒྱུ་མར་གཉན་བབས་པའོ། །

དེ་རྣམས་ངོས་འཛིན་པའི་རྟགས་ཀྱི་ཐོག་མ་དོན་སྣོད་ལྔའི་དང་པོ་མཆིན་གླང་ནི་གཡས་ངོས་ཀྱི་མཆིན་པའི་སྟེང་གཟེར་ཞིང་རྔུལ་ནས་གྲངས་པའི་རྗེས་ལ་ནད་ལྡང་བ་དང་རྩ་ཆུའི་རྟགས་ལ་ཚ་བ་ཆེ། མཆེར་གླང་ནི་མཆེར་སྟེང་གཡོན་གྱི་རྩིབ་ཐུང་གཟེར་བ་དང་སྦོ་འཁྲོག་བྱེད་ཅིང་ཆུ་གྲང་འཐུངས་ན་ན། ཕོ་བའི་གླང་ཐབས་ནི་ལྷེན་སྣའི་འོག་ཏུ་ན་བ་དང༌། རྒྱུ་མའི་གླང་ཐབས་ནི་ལྟེ་བའི་འོག་ཏུ་ན། ལོང་གི་གླང་ཐབས་ནི་ལྟེ་བའི་གཡས་གཡོན་གྱི་ཐད་ཀར་ན་བ་འབྱུང་ངོ༌། །

ནད་རྟགས་གཉིས་པའི་དང་པོ་ཚ་གླང་ནི་རྒྱུ་རྐྱེན་ཚ་བས་བསླང་བ་དང་དེའི་རྟགས་ལ་ལུས་པོ་རྔུལ་བ་དང་གསུས་པ་ཞེས་པ་ཕོ་བ་ཆུང་ལ་ནད་ལྡང་དུབ་བྱེད་ཅིང༌། ཁྲག་གམ་མཁྲིས་པ་འཁྲུའམ་ཡང་ན་སྐྱུག་པར་བྱེད་ཅིང་རྩ་ཆུའི་རྟགས་ལ་ཚ་བ་ཆེ་ཁྱད་པར་དུ་ཕོ་བ་དང་ལོང་གཉིས་གླང་ཐབས་ཀྱི་ཡུལ་ཡིན་ལ་དེ་སྟེང་དུ་ཁྲག་ལྷུང་ན་གྲང་པ་སྟེ་འཁྱགས་པའི་རྗེས་སུ་ན་ཞིང་སྒྲེག་པ་བྱེད་ལ་སྐྱུག་ཚུལ་སྟོན་ཅིང་རོ་རྒྱབ་དང་མཆིན་དྲི་གཉིས་སྦྲགས་པ་ལྟར་སྦྲགས་ཤིང་ན་ལ་ཕོ་ལོང་ཚ་རུམ་རུམ་བྱེད། མཁྲིས་པར་ལྷུང་ན་ཁ་སྐམ་ཞིང་སྐོམ་དད་ཆེ་ལ་ཁ་ཁ་མཁྲིས་པར་སྐྱུག་ཅིང་གཟེར་འབྱུང་བ་དང་སྒྲེག་པ་འོང༌། གྲང་གླང་ནི་རྒྱུ་རྐྱེན་གྲང་བས་ལྡང་བ་ཞེས་སློང་བར་བྱེད་ལ་སྦོ་ལྡེང་དང་ལྡང་དུབ་མེད་པར་ཐེར་ཟུག་ཏུ་ན་ཞིང༌། ཟས་མ་ཞུ་བའམ་བད་ཀན་སྐྱུག་པར་བྱེད་ཅིང་གྲང་རྔུལ་བྱེད་ལ། ཁྱད་པར་ཅན་དུ་ཁ་ཟས་མ་ཞུ་བ་ལྷུང་བ་དང་མི་འཕྲོད་པའི་ཟས་ཟོས་རྗེས་སུ་ཟུག་ལྡང་བ་དང༌། གང་མ་ཞུ་བ་དེ་རུལ་སྒྲེག་མང་ཞིང་སྐྱུགས་ཚུལ་སྟོན་ལ་ཟོས་ཐོག་ན། ལོང་ནད་དུ་སྨུག་པོ་འཐབ་པའི་གླང་ཐབས་ནི་ཐུར་སེལ་གྱི་རླུང་མི་ཐོན་པར་ཕར་འབོར་དང་ཚུར་འབོར་དུ་རྒྱུ་ཞིང་འགྲངས་པ་དང་མཚན་མོའི་དུས་སུ་ཁྱད་པར་དུ་ན་ལ་ལྟོགས་ཤིང་ཉིན་མོའི་དུས་ན་ཅུང་ཟད་བདེའོ། །རྒྱུ་མར་ཐུར་སེལ་གྱི་རླུང་འཁྱིལ་བས་ཕྱེན་མི་ཐོན་ཞིང་གྱེན་རླུང་དུ་འཁྱིལ་ཞིང་སྦོ་འཁྲོག་བྱེད་ཅིང་ཧྲིལ་ཧྲིལ་ན་ལ་ཚབས་ཆེ་བ་རླུང་གིས་གཅུས་ཤིང་འཁྲིལ་བར་གྱུར་ན་སྤང་ངོ༌། །

གསུམ་པ་ཕོ་བའམ་ལོང་གི་སྲིན་གླང་ནི་དཀར་མངར་གྱི་རིགས་ཟོས་པ་དང་གྲང་པ་སྟེ་འཁྱགས་པའི་རྗེས་སུ་ན་ཞིང་དྲུ་བུར་འདྲིལ་ལམ་ཡང་ན་ཚ་ལ་འབུགས་པ་སྙམ་བྱེད་ཅིང༌། ལྡང་དུབ་ཆེ་ལ་སྐབས་སུ་བདེ་ཞིང་ཟུག་ལངས་དུས་སྲན་གྱིས་བཟོད་བརླག་མེད་པར་ན་ཞིང་འཁུན། བཞི་པ་ཕོ་བ་དང་རྒྱུ་མར་གཉན་བབས་པ་ནི་གྲིས་དཀྲུགས་པ་འདྲ་ཞིང་རྒྱུ་མའི་ལམ་ནས་དྲི་མ་འགགཕོ་བར་བབས་ན་ཕོ་བ་སྒྲིམས་ཏེ་ཕྲ་རུ་སོང་བ་ལྟར་འགྲོ་ལ་ཉྭ་བཞི་འབྲོས་ཤིང་བ་སྤུ་ལྡོག་པ་དང༌། རྩ་འཇུར་ཞེས་རྩའི་ཤེད་ཉམས་ཤིང་རྣ་བ་སླེབ་པའང་རྣ་བའི་མཁྲང་ཆ་ཉམས་ནས་རྩེ་ཆག་སྟེ་ལེབ་ཅིང་མིག་གི་རྫི་མ་ཆག་པ་ནི་ཐུར་དུ་གཞོལ་བ་འབྱུང་ངོ༌། །རྩ་གླང་འདིའི་དབྱེ་བའི་སྐབས་གནས་ཀྱི་སྡེ་ཚན་དུ་ཡོད་ཀྱང་འདི་གྲས་རྟགས་ཀྱི་གསུམ་པའི་དང་པོ་ཕྱི་རྩ་གླང་ཐབས་ལྟེ་བའི་ཟུར་གཉིས་འཕར་ཞིང་ན་ལ། ནང་རྩའི་གླང་ཐབས་ནི་སྲོག་རྩ་གཟེར་འཁྲུག་བྱེད་ཅིང་འཕར་བ་འབྱུང་ངོ༌། །

དེ་རྣམས་བཅོས་པའི་ཐབས་རིམ་བཞིན་བཤད་པའི་དང་པོ་མཆིན་གླང་ལ་གྲོག་ཞིང་བསྲོས་པས་བདུག་ཅིང༌། དྲི་ཆུ་ལ་བྲག་ཞུན་དང་བ་ཤ་ཀ་སྦངས་ལ་བཏང་བ་དང༌། གུར་ཀུམ། ཅུ་གང༌། བ་ལེ་ཀཏིག་ཏ། ཨུཏྤལ། མཚེ། ཨ་རུ་རྣམས་དང་ཀ་ར་སྦྱར་བའི་གུར་ཀུམ་བདུན་པ་དང༌། ཅུ་གང༌། གུར་ཀུམ། སེ་འབྲུ། སུག་སྨེལ། བྲག་ཞུན། ཏིག་ཏ། པི་པི་ལིང༌། ཚ་ལ་རྣམས་དང་ཀ་ར་སྦྱར་བའི་ཅུ་གང་བརྒྱད་པ་སྦྱར་ཞིང༌། རུ་ཐུང་རྩ་ལ་གཏར་ལ་ཁྲག་ཤེད་བཅག མཆེར་གླང་ལ་སེ་འབྲུ་དང་རྒྱམ་ཚྭ་བཞི་ཐང་ཕྱི་རྒྱུད་ལྟར་བཏང་བ་དང༌། མ་ནུ་པ་ཏྲ་དང༌། སེ་འབྲུ། སུག་སྨེལ། ཀ་ཀོ་ལ། རྒྱམ་ཚྭ། པི་པི་ལིང་རྣམས་དང་ཀ་ར་སྦྱར་བའི་མ་ནུ་དྲུག་པ་ཆུ་བསྐོལ་གྱིས་ཕུལ་ལ་བྱིན་པ་དང༌། ཡོས་སམ་སྲན་མའི་ཕུབ་མ་བཙོས་པའི་དུགས་བྱ་ཞིང་མཆེར་རྩ་རྟ་མཐུར་གཏར་ལ་མཆིན་མཆེར་གླང་ཐབས་དེ་གཉིས་ཞི་དཀའ་ན་ལྕུམ་རྩ། ཨ་རུ་ར། དུར་བྱིད། རྒྱམ་ཚྭ་བཅས་པའི་ཐང་གིས་སྦྱང༌། གཉིས་པ་སྣོད་གླང་གང་དང་གང་ལ་ཡང་དཔྱད་མཆོག་སྦྱོང་ཡིན་པས་ན་སྟར་བུ། དུང་ཐལ། སྦྲུལ་ཤ རྒྱམ་ཚྭ་དང༌། དུར་བྱིད་རྣམས་བུ་རམ་དང་དྲི་ཆུར་སྦྱར་བའི་རིལ་བུས་སྦྱངས་པས་སྣོད་དུ་ཁྲག་དང་མཁྲིས་པ་དང༌། མ་ཞུ་བ་ལྷུང་བ་ཀུན་འདོན་པར་བྱེད། ཁྱད་པར་ཕོ་བའི་གླང་ཐབས་ལ་ཕྱི་རྒྱུད་ལས་ལྔ་ལྟར་གྱི་སྐྱུག་ཏུ་འཇུག་པ་བསྔགས་ལ་རྒྱུ་མར་བཤལ་གོང་བཤད་སྟེང་དུག་ཉུང་སྙ་ལོ་བསྣན་པས་སྦྱོང་བ་བསྔགས་སོ། །ལོང་གླང་ནི་ཕྱི་རྒྱུད་ནི་རུ་ཧ་བར་མར་དབྱི་མོང་བསྣན་པས་དྲངས་བར་བྱ། ཚ་གླང་ལ་ཆུ་རྡོ་གྲང་མོའི་དུགས་དང་རུ་ཐུང་ལོང་རྩ་སོགས་གང་ཉེ་གང་རྒྱས་དེ་གཏར་ཞིང༌། བྲག་ཞུན། བ་ཤ་ཀབ་ལེ་ཀ་བཅས་བསྡུས་ཁུར་དོམ་མཁྲིས་དང་གུར་ཀུམ་བཏབ་པའི་ཐང་དང༌། ཨ་རུ་ར། བྲག་ཞུན། གླ་རྩི། བོང་ང་དཀར་པོ། དོམ་མཁྲིས། གུར་ཀུམ། སུག་སྨེལ། པྲི་ཡངྐུ། ལི་ཤི་བཅས་པའི་ཕྱེ་མ་བཏང་ཞིང༌། ཨ་རུ་ར། དུར་བྱིད། ལྕུམ་རྩ། རྒྱམ་ཚྭ་བཅས་པའི་སྦྱོང་གིས་བཅོས། མཆིན་ཁྲག་ཕོ་བ་དང་ལོང་དུ་ལྷུངས་ན་སྟར་བུ། དུང་ཐལ། སྦྲུལ་ཤརྒྱ་ཚྭ། དུར་བྱིད་སོགས་ཀྱིས་སྦྱང་བ་གཅེས་ཤིང༌། རུ་ཐུང་གཏར་ཞིང་ཡོས་སམ་ཆུ་རྡོ་གྲང་མོས་བདུགས་པ་དང༌། བྲག་ཞུན། དོམ་མཁྲིས། གུར་ཀུམ། ཨུཏྤལ་དང་བཞི་པོ་ཀ་ར་དང་སྦྱར་ལ་བཏང༌། མཁྲིས་པར་ལྷུངས་ན་གཡའ་ཀྱི་མ། དུར་བྱིད། རྒྱམ་ཚྭ་བཅས་པའི་སྦྱོང་སྐྱུགས་སྦྲག་ཅིང༌། རྗེས་ལ་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པའི་སྟེང་དུ་གུར་ཀུམ། དུག་མོ་ཉུང༌། གསེར་མེ་གསུམ་བསྣན་པའི་སེ་འབྲུ་བདུན་པ་སྦྱར་བར་བྱ། གྲང་གླང་ལ་ཚྭ་བསྲོས་པའི་དུགས་དང་ཚ་བ་སྒ་པི་ཕོ་གསུམ་གྱི་ཐང་དང༌། ཤིང་ཀུན། རྒྱ་རྒྱམ་ཁ་གསུམ་གྱི་ཚྭའི་ཕྱེ་མ་བཏང་ཞིང་བསྲེགས་པས་བཅོས་པ་ཕོ་གསང་དབུས་མའོ། །མ་ཞུར་ལྷུངས་ན་སྤྱང་ཚེར། དུར་བྱིད། རྒྱམ་ཚྭ། པི་པི་ལིང་རྣམས་ཀྱིས་སྐྱུགས་བྱས་རྗེས། དྲོད་སྦྱོར་བའི་སྨན་སེ་འབྲུ། ཚ་བ། སྒ་པི་ཕོ་གསུམ། རྒྱམ་ཚྭ། ཁ་རུ་ཚྭ་རྣམས་སྦྱར་བ་བཏང༌། སྨུག་པོ་འཐབ་པ་ལ་རུ་རྟ་དྲུག་པ་ཕྱི་རྒྱུད་ལྟར་རམ། ཡང་ན་པི་ལིང་གི་ཚབ་ཨ་རུ་ར་བཏང་རྗེས་གཞན་ལྔ་གོང་བཞིན་དང༌། ཆུ་ལོ་དང་ཧ་བོ་བཙོས་པའི་དུགས་བསྟེན་ལ་རུ་ཐུང་གཏར་ཞིང་ལྟེ་ཟུར་གཡས་གཡོན་སོར་རེའི་ས་གཉིས་བསྲེག་ཅིང་ཕྱི་རྒྱུད་ཀྱི་ནི་རུ་ཧ་བར་མར་དབྱི་མོང་བསྣན་པ་དང་འཇམ་རྩི་བཀྲུ་འཇམ་སྤེལ་ལ་བཏང༌། རྒྱུ་མར་རླུང་འཁྱིལ་བ་ལ་མདུན་ལྟེ་བ་ནས་ཚོན་དོ་གཞལ་བའི་ཁ་གསུམ་དང་རྒྱབ་ཚིགས་པ་བཅུ་བདུན་པ་མེས་བསྲོ་ཞིང་རྒྱུད་ཕྱི་མའི་འཇམ་རྩིའི་སྦྱོར་བ་བཀྲུ་འཇམ་བཏང་ལ། ཤིང་ཀུན། ཁ་རུ་ཚྭ། ཕོ་བ་རིས། སྒ་བཅས་བུ་རམ་དང་སྦྱར་བའི་ཤིང་ཀུན་བཞི་པའི་ཕྱེ་མ་ཆང་གིས་དབུལ་ལ་བཏང་ཞིང༌། སྲིན་ལ་རྒྱ་ཚྭ་དང༌། དྭ་བའི་རྩ་བ་སྦྱར་བའམ། ཡང་ན་ཤུ་ཏི་གོང་བཤད་ལྟར་བུ་རམ་ལ་སྦྱར་བའི་རིལ་བུའམ། ཡང་ན་ལང་ཐང་ཙེ་འམ། ཐང་ཕྲོམ་པའམ། སྒོག་སྐྱའམ། དཀར་པོ་ཆིག་ཐུབ་བཅས་དྲི་ཆུར་སྦྱར་བས་འཇོམས་ཤིང༌། རྟ་སྦངས་ཕུར་མོ་སྤྲུ་རྩ་བཅས་པའི་དུགས་ཀྱིས་བདུག གཉན་གླང་ལ་ལྷོག་དུག་གསུམ་སྟེ་ལུག་མིག་ནག་པོ་ཨ་བྱག་སྟག་ཤ་དང༌། པི་པི་ལིང༌། རྒྱམ་ཚྭ་དྲི་ཆུར་བཏབ་པའི་སྦྱོར་བའམ། ཕྱི་རྒྱུད་ལྟར་བྱ་ཁྱུང་ལྔ་པའི་རིལ་བུས་བསད་པའི་རྗེས་ལ་རྒྱལ་བློན་ཐར་ནུ། ཆུ་རྩ། སྔོན་བུ་སྦྱར་བ་བཏང༌། རྩ་གླང་གི་རྐེད་པ་བཅག་ཅེས་པ། སྟག་ལྤགས་རྐེད་པ་འཁོར་བར་དཀྲི་བ་བཤད་ལ། རང་ལུགས་ནི་རྐེད་པ་བཅག་ཅེས་བྱུང་བས་ནད་པ་ཁ་སྦུབ་ཏུ་བཞག་པའི་སྟེང་ཚིགས་རྐང་པས་མནན་པས་དཀྲུག་སྒྲ་དང་བཅས་པ་དེ་ལ་འདོད་ཅིང་དེས་ཀྱང་མ་ཞི་ན་གང་ནའི་སྟེང་ལ་མེ་གདབ་པའོ། །རྩ་བཞི་བཅིངས་པ་ནི་སྣེ་ས་བཞིའི་རྩ་ཐི་གུས་བཅིང་ཞིང༌། བཤལ་ནི་ལྕུམ་རྩ་བྱང་པ་སོགས་ཀྱི་བཤལ་དང༌། གཏར་བ་ནི་ལོང་རྩ་གཏར་བ་དེས་ཚད་པ་སྦྱངས་པ་དང༌། མེས་རླུང་ལམ་དགག་པ་ནི། ཕྱི་རྩ་ལ་ལྟེ་ཟུར་གཉིས་བསྲེག་པ་དང༌། ནང་རྩ་ལ་ཚིགས་པ་དྲུག་པ་དང་ལྟེ་འོག་སོར་བཞི་བསྲེག་ཅིང༌། དེ་ཡང་དོན་བསྡུ་ན། ཉེས་པ་གསུམ། ལྡན་འདུས། རྐྱང་པ། དོན་ལྔ་སྣོད་དྲུག་སོགས་མང་དུ་ཕྱེ་ལ་ནད་ངོས་ཚ་གྲང་གཉིས་སུ་མ་འདྲེས་པར་བཟུང་སྟེ། དོན་ལ་ཐུག་དུས་ཚ་གྲང་གཉིས་ཁོ་ན་སྟེ་ཉུང་ངུ་བསྡུས་ལ་ལག་ལེན་ཡང་དེ་གཉིས་ཀྱི་གཉེན་པོ་སྒོས་སྒོས་སུ་དྲིལ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་གླང་ཐབས་བཅོས་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།