སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།



ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གསང་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གསང་བའི་ནད་ལ་ཕོ་མཚན་མོ་མཚན་གཉིས། །ཕོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་ནི་ཆགས་པ་སྤྱད་དྲགས་གྲ་མས་རེག །བཤང་གཅི་ཁུ་བའི་ཤུགས་བཀག་བཙིར་ལས་འབྱུང༌།།

དབྱེ་བ་སོས་ཟིན་འབྲུམ་པ་མདུད་འདྲ་དང༌། །སྦུབས་འབྱར་གྲ་མ་ཅན་དང་རྣམ་པ་ལྔ། །སོས་ཟིན་རླུང་མཁྲིས་ཁྲག་དང་བད་ཀན་འདུས། །ཕོ་མཚན་ནད་རིགས་རྣམ་པ་དགུ་རུ་བཤད།།

དེ་རྟགས་སོས་ཟིན་རླུང་ལས་གྱུར་པ་ནི། །རྟག་ཏུ་འགྲེང་དང་པགས་པ་འགས་པར་བྱེད། །མཁྲིས་གྱུར་དམར་པོར་སྐྲངས་ལ་ཚ་བ་སྐྱེ། །ཁྲག་གྱུར་འབྲུམ་པ་ནག་པོ་ཁྲག་བཅས་འཛག །བད་ཀན་གཡའ་ཞིང་སྐྲངས་ལ་ལྕི་བ་ཡིན། །འདུས་གྱུར་རླིག་སྐྲངས་རྣག་དཀའ་ཀུན་རྟགས་ལྡན། །འབྲུམ་པ་ཅན་ནི་འབྲུམ་པ་མང་པོས་ཁྱབ། །མདུད་འདྲ་པགས་པ་ཕྱིར་ལོག་སྐྲངས་ཤུ་འབྱུང༌། །སྦུབས་འབྱར་ཁ་ཟུམ་གཅིན་འབྱུང་འཆུ་ཞིང་འགག །གྲ་མ་ཅན་ནི་གྲ་མས་གང་སེམས་ན།།

གསོ་ཐབས་སོས་ཟིན་གསར་དུས་གཏར་ག་གདབ། །ནི་རུ་ཧས་དྲངས་བསིལ་བའི་བྱུག་པ་བྱ། །སྨིན་ནས་བརྟོལ་ལ་མར་སྦྲང་ཏིལ་བསྐོལ་བྱུག །སྤང་མ་སེང་ཕྲོམ་ལྡོང་རོས་བཙག་ཡུག་རྣམ། །བ་བླ་ནག་མཚུར་སུག་སྨེལ་སྐྱེར་ཁཎྜ།  །རྒྱ་ཚྭ་རྒྱམ་ཚྭ་ཧ་རེ་ཎུ་ཀའི་ཕྱེ། །སྦྲང་སྦྱར་བྱུག་པས་སོས་ཟིན་རྨ་འཚོ་བྱེད། །རྫ་གསར་འབྲས་གསུམ་བསྲེགས་ཐལ་མར་སྦྱར་བྱུག །རླུང་གྱུར་སེང་ཕྲོམ་མར་དང་སྦྱར་ལ་བྱུག །མཁྲིས་གྱུར་ག་བུར་ཙན་དན་ལྡེ་གུ་བྱུག །ཁྲག་གྱུར་རུ་རྟ་བ་ཤ་ཀ་ཡིས་བྱུག །བད་ཀན་ལས་གྱུར་སྐྱུ་རུ་སྦྲང་རྩི་བྱུག །འདུས་པ་ཡིན་ན་རྨ་སྤྱིའི་གསོ་བ་སྦྱར། །འབྲུམ་པ་བཞར་ལ་སོས་ཟིན་ལྟ་བུར་བཅོས། །མདུད་འདྲ་སྣུམ་བྱུག་མཉེ་ཞིང་སྣུམ་པས་བདུག །སྦུབ་འབྱར་སྦུ་གུས་བརྒྱང་ཞིང་དྲལ་ལ་གསོ། །གྲ་མ་ནས་ཕྱེ་གོ་སྙོད་མར་བཙོས་དཀྲི། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།