སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།



ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལོང་གི་ནད་ལ་རྟགས་དང་བཅོས་ཐབས་གཉིས།།

དང་པོ་ལོང་ནད་གྲང་སྦོས་གྲང་འགྱིངས་དང༌། །ཚ་རྙོངས་འཇུ་སྐེམས་རླངས་པ་ཅན་དང་ལྔ། །གྲང་སྦོས་འུར་འཁྲོག་གྲང་རྗེས་ལྟེ་ཟུར་ན། །རྐང་པ་ཆུར་བཅུག་ལྦུ་བ་སྐྱ་བོར་འཁྲུ། །རེས་འགའ་ཕྱི་ས་སྐམ་ཞིང་སྡོམ་པར་བྱེད། །ལོང་ནད་གྲང་འགྱིངས་སྦོ་ཞིང་དྲི་མ་འགྱིང༌། །ལོང་ལྕི་སྐབས་སུ་སྐྱ་བོ་ཟས་མདོག་འཁྲུ། །ལོང་ནད་ཚ་རྙོངས་ཁ་སྐམ་སྐོམ་དད་ཆེ། །སྦོ་ཞིང་སྨུག་རྔུལ་བྱེད་ལ་ཕྱི་ས་འགག །ལོང་ནད་འཇུ་སྐེམས་སྦོ་འཁྲོག་ཅི་ཟོས་ན། །ཉམ་ཆུང་ཁ་སྐམ་མཁལ་རྐེད་ཆད་སྙམ་བྱེད། །རླངས་པ་ཅན་ནི་གཞུང་པ་རེངས་ཤིང་ན། །རྐེད་པ་སྒུར་པོར་སོང་ནས་འགྱུར་མི་ཤེས།།

བཅོས་ཐབས་གྲང་སྦོས་ཡ་བཀྵ་ར་དང༌། །ཁ་རུ་ཚྭ་དང་རྒྱམ་ཚྭ་སྟར་བུ་ཡི། །ཕྱེ་མ་ཞོ་ཁ་ཆུ་ཡིས་འཕུལ་བཏང་བས། །གཟེར་སྦོ་རླུང་གིས་ཕྱི་ས་འགགས་པ་སེལ།  །འུ་སུ་སྟར་བུ་ཤིང་མངར་ཡ་བཀྵ། །ཀྱི་ལྕེ་དྲོད་སྨན་ཕྱེ་མ་ཆུ་སྐོལ་དབུལ། །སྦོ་འཁྲོག་གཟེར་དང་འཁྲུ་བ་སེལ་བར་བྱེད། །འཇམ་རྩི་(སྒོག་སྐྱ་ཤིང་ཀུན་ཚ་བ་གསུམ་མར་རྙིང་གི་)རེང་བུ་ཞུན་མར་བཏང་བ་བསྔགས། །གྲང་འགྱིངས་ཤིང་ཀུན་ཤུ་དག་རུ་རྟ་དང༌། །ཚ་ལ་ཁ་རུ་ཚྭ་རྣམས་གོང་མས་བསྐྱེད། །བསྡུས་ཁུས་སྦོ་འགྱིང་ལོང་གི་གྲང་བ་སེལ། །སེ་འབྲུ་ཚ་བ་གསུམ་དང་ཚྭ་སྣ་བཞི། །བུར་དཀར་སྦྱར་བས་སྦོས་པ་འཇོམས་པའི་མཆོག །ཨ་རུ་གླ་སྒང་ཤུ་དག་ཙི་ཏྲ་ཀ།  པུ་ཤེལ་བ་ཆུ་བླུད་པས་རྟུག་འགགས་སེལ། །ལོང་ནད་ཚ་རྙོངས་འབྲས་བུ་གསུམ་གྱི་ཐང༌། །བ་ལེ་ཀ་ཡི་ཐང་བཏང་ལོང་རྩ་གཏར། །འཇུ་སྐེམས་ད་ལིས་བདུན་སྦྱར་བཤལ་གྱིས་སྦྱང༌། །རླངས་པ་ཅན་ལ་སེ་འབྲུའི་ཕྱེ་མ་སྦྱར། །བཅུ་དྲུག་པ་དང་ལོང་ཐེར་ལྟེ་འོག་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལོང་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།