སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།




ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ། 

དེ་ལྟར་སྐྲན་བཅོས་པའི་ལེའུ་གསུངས་མ་ཐག་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་ཡིད་ལས་སྐྱེས་བོས་ཏེ་དྲང་སྲོང་ཆེན་པོ་ཉོན་ཅིག སྐྱ་རྦབ་ཀྱི་ནད་ལའང་རྒྱུ་རྐྱེན་དང་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་དང་རྣམ་པ་བཞིས་བསྟན་པར་བྱ་སྟེ།

རྒྱུའི་ནད་བད་ཀན་སྐབས་གོང་དུ་བཤད་པ་ལྟར་དང༌། ལྷན་ཅིག་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་ཅིང་འཇུ་དཀའ་བ་ཁེངས་པོ་ལ་སོགས་པ་དེ་ལ་བརྟེན་ནས་མ་ཞུ་བའི་དྭངས་མ་མཆིན་པར་གནས་པ་ཟུངས་སུ་མ་གྱུར་པར་ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར་ནས་ལུས་ཀུན་དུ་ཁྱབ་པས་སྐྱ་རྦབ་ཀྱི་ནད་གཞི་དག་ཏུ་གྱུར་པ་དེ་འང་སྐྱ་རྦབ་ཞེས་པའི་རྒྱུ་མཚན་ནི། ཟླ་ཟེར་ལས། ཇི་སྐད་བཤད་པའི་ནད་འཁྲུགས་པས། །མཁྲིས་པ་ལྷག་པར་ལྡང་འགྱུར་ལ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང་ལ་གནས་པའི་མཁྲིས་པ་ནི། །གཏོར་ཏེ་རྩ་ཆེན་བཅུའི་ནང་སྐྲངས། །ལུས་ཀུན་ལ་ནི་ཁྱབ་གྱུར་པས།།བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་བར་དུ་གནས་ནས་ནི། །ཤ་དང་པགས་པ་དེ་དག་ལ། །པགས་པའི་མདོག་ནི་དཀར་བ་དང༌། །སེར་ཞིང་ལྗང་སྔོན་བྱེད་པར་འགྱུར། །དེ་ནས་སྐྱ་བའི་ཤས་ཆེ་བས། །དེ་ཕྱིར་སྐྱ་རྦབ་ནད་ཅེས་བཤད། །ཅེས་པ་ལྟར་རོ།།

གཡོ་ཞིང་འཕེལ་བས་དེ་ཉིད་གློ་བ་དང་མཆིན་པ་དང་མཆེར་པར་ཞུགས་པ་དང༌། ཆུ་སེར་དང་རླུང་དང་ལྡན་པའི་ཕྱིར་དབྱེ་བ་རྣམ་པ་ལྔ་ཡོད་པའི་གློ་བའི་སྐྱ་རྦབ་ཁྲག་ཤས་ཆེ་བ་སྟེ་མཆིན་པ་ལ་མཁྲིས་པ་དང་ལྡན་པ་མཆེར་པ་ལ་བད་ཀན་དང་ལྡན་པར་གྱུར། ཆུ་སེར་གྱི་སྐྱ་རྦབ་ནི་ཤ་དང་པགས་པའི་མཚམས་སུ་ཁྱབ་པར་གནས་ལ་རླུང་ནད་ཀྱི་སྐྱ་རྦབ་སྙིང་དང་སྲོག་རྩར་གནས་སོ།།

དེ་རྣམས་ངོས་འཛིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་སུ་གསུངས་པ་ལས། སྤྱིའི་རྟགས་ལ་དང་པོ་ཁ་དང་གདོང་པ་མིག་ལྕིབས་དང༌། རྐང་པའི་བོལ་དང་ངར་གདོང་སྦོད་པོར་གཡོ་ཞིང་སྐྲངས་ལ་འགུལ་བའི་ཚེ་ན་རྔམ་ལ་འདེགས་ཤིང་སྙིང་ག་སྤྲུག་པ་དང་དང་ག་འགག ཁ་ཟས་མི་འཇུ་ཞིང་ལྕེ་དང་མཆུ་རྙིལ་སོགས་ཀྱི་བཀྲག་སྟེ་མདངས་འཆོར་བ་དང༌། སྟོབས་ཆུང་ཞིང་རྩ་བྱིང་ལ་ཆུ་མདོག་སེར་བ་དང་ལུས་ཤིན་ཏུ་ངལ་བ་རྣམས་འབྱུང་ངོ༌།།

བྱེ་བྲག་ཏུ་གློ་བ་སྐྱ་རྦབ་ལ་གློ་མང་ཞིང་ལུད་པ་ལ་ཁྲག་ཕྲན་བུ་འདྲེས་པ་དམར་མདངས་ཅན་གྱི་ལྦུ་བ་སོབ་པོར་ལུ་བ་ཡིན་ལ། མཆིན་པ་སྐྱ་རྦབ་མིག་སྤྲིན་དང་ཤ་མདངས་དང་དྲི་ཆུ་རྣམས་སེར་པོ་འོང་བ་དང༌། མཆེར་པ་སྐྱ་རྦབ་ལ་ཁོང་པ་སྦོ་ཞིང་ཤིག་མང་ལྕེ་དང་མཆུ་མདོག་སྐྱ་བ་དང༌། ཆུ་སེར་སྐྱ་རྦབ་ལ་ཟ་འཕྲུག་བྱེད་ཅིང་ཆུ་སོ་སྟེ་མཚན་མའི་ཁ་འགྲམས་ཆེ་བར་སྐྲངས་པ་དང༌། རླུང་སྐྱ་རྦབ་ནི་གཉིད་ཆུང་ལ་སྐྲངས་པ་སོབ་ལ་ཆེ་ཆུང་འཕེལ་འགྲིབ་ཆེའོ།།

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། སྤྱི་ལ་བཅོས་པའི་ཐབས་ལ་སྐྱ་རྦབ་འདིའི་དང་པོ་རླུང་གིས་སྣ་ཁྲིད་བྱེད་པའི་ཕྱིར་མངར་གསུམ་སྟེ་སྦྲང་བུ་རམ་ཀ་ར་གསུམ་བསྲེས་ལ་ཏིང་ཁྲོལ་བ་སྟེ་ཆུ་ཐག་ཆོད་ཅིང་འདྲེས་པར་བསྐོལ་བའི་དྲོན་མོ་དེ་དང་ལུག་ཤ་ལོ་སོང་བའི་ཡིབ་པ་དང༌། ཞུན་མར་ཟ་བ་དང༌། ཆང་འཐུང་བ་དང༌། བསྐུ་མཉེ་སྟེ་བྱུག་པས་ཞི་བར་ནུས་ལ། དེས་ཀྱང་མ་ཞི་ན་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་ལས། དེ་ལ་སྨན་ནི་སྐྱ་རྦབ་འདི་རླུང་ཤས་ཆེ་བའི་ཕྱིར་དང་པོ་ལ་ཕྱི་རྒྱུད་ལྟར་གྱི་ཏིག་ཏ་དང་བ་གསར་དམར་ཟལ་གྱི་ཆུ་དང་ལྕི་བ་དང་འོ་མ་ཞོ་དང་མར་ལ་སྦྲང་རྩི་སྦྱར་བའི་རྣམ་པ་ལྔའི་ཚ་བ་དང་ཆུ་སེར་སྦྱངས་པའི་སྨན་མར་ཞེས་པ་གང་རིགས་ཤིས་པའི་མས་ནས་བཏང་ཞིང་བཟའ་བ་དང་བྱུག དེའི་རྗེས་ལ་སྐྱུག་སྨན་ཕྱི་རྒྱུད་དུ་དྲག་པོའི་རིལ་བུ་དྲིལ་ཞེས་པ་རྣོན་པོས་སྦྱང༌། སླར་ཡང་གོང་གི་སྣུམ་འཆོས་རྣམས་བྱས་པའི་རྟིང་ལ་བཀྲུ་སྨན་དུར་བྱིད་སྒྲོན་ཤིང་གཉིས་ལྕགས་ཕྱེ་དང་བ་དམར་སེར་རམ་དམར་ཟལ་གྱི་གཅིན་དང་སྦྱར་བས་སྦྱང༌། དེ་རྗེས་ལྕགས་ཕྱེ་བཅུ་པ་ནི་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ལི་ག་དུར་བྱི་ཏང་ག་དང་ཙི་ཏྲ་ཀ་དང་སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་སྟེ་སྨན་སྣ་དགུ་པོ་ཆ་མཉམ་ཀུན་དང་ལྕགས་ཕྱེ་གཉིས་མཉམ་པར་བྱས་ཏེ་སྦྲང་དང་སྦྱར་བའི་ལྡེ་གུས་སྐྱ་རྦབ་ཀྱི་ནད་འཇོམས་པར་བྱེད། ཏ་བྱ་ཞེས་ཡི་གེ་ཉམས་པར་སྣང་ཡང་ཙ་ཞེས་ལ་བྲང་ཏི་དང་བརྡ་སྤྲོད་ལྔ་པར་གསེར་རྡོ་ལ་བཤད། ཟུར་མཁར་བའི་མཆན་བུར་སྒ་སྐྱ་འདུག་པ་ངོ་བོ་མ་རྙེད་པའི་ནུས་པ་མི་འགལ་བ་རིགས་མཐུན་བགྱིས་པར་སྣང་ནའང་སྐབས་སྦྱར་དགོས་ཏེ། འདི་སྐབས་ཏ་ཙ་ནི་འུ་སུ་ཡིན་ལ་གང་ཞེ་ན་སྔོ་དེ་ལ་ལེགས་སྦྱར་གྱི་སྐད་དུ་ཏ་ཙ་འཕྲལ་སྐད་དུ་དྷ་ནི་ལ་ཟེར་ལ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། དུས་འཁོར། ཡན་ལག་བརྒྱད་པ། ཟླ་ཟེར་རྣམས་སུ་འང་དེ་ལྟར་བཤད་པ་དེ་དང་ཐང་མ་སྒྲོན་ཤིང་དང་སྐྱེར་པའི་བར་ཤུན་དང་སྒ་དང་པི་པི་ལིང་ཕོ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་ཚ་བ་ལྔ། པི་པི་ལིང་གི་མཱུ་ལ་སྟེ་རྩ་བ་དང་འབྲས་བུ་བཤད་མ་ཐག་པ་ལྟར་གསུམ། དེ་དག་ཀུན་གྱི་ཉིས་འགྱུར་ཏེ་འདབ་ཀྱི་ལྕགས་ཕྱེ། དེ་དག་ཐམས་ཅད་དང་བ་གཅིན་བརྒྱད་འགྱུར་བྱས་ལ་སྨན་རྣམས་དང་ལྕགས་ཕྱེ་ལྕགས་ཀོང་སོ་སོར་བསྐོལ། དེ་ནས་བསྲེས་པའི་རིལ་བུ་སྲན་ཙམ་ལྔ་བདུན་ཟོས་པའི་རྟིང་དེ་རྗེས་ལ་དར་བ་ནི་བའི་འོ་མ་ཕྱེད་ཞོ་རུ་བསྙལ་ཕྱེད་བཞོས་མ་ཐག་ཏུ་བྱས་པ་བསྲེས་ལ་མར་ཕྱུང་བའི་ཤུལ་དེ་ལ་བྱ་སྟེ་དེ་འཐུངས་པས་སྐྱ་རྦབ་འཇིལ་བ་ཞེས་སྐྲངས་ཆུང་ངུར་བཏང་ནུས་སོ། །ཏ་ཙ་ནི་གོང་དུ་བརྗོད་མ་ཐག་དང་བྲག་ཞུན་དང་དངུལ་ཆུ་དང་ལྕགས་དྲེག་དང༌། འདི་སྐབས་རྒྱ་རུ་གཙོད་རུ་དགོ་བའི་རྭ་དང་གསུམ། སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་ཙི་ཏྲ་ཀ་དང་བྱི་ཏང་ག་དང་སྦྲང་རྩི་རྣམས་ཀྱི་ལྡེ་གུས་སྐྱ་རྦབ་དང་དབྱིག་དུག་དང་བརྗེད་བྱེད་རྣམས་འཇོམས་པར་བྱེད། མོན་ལུག་གླ་སྒང་དང་གོ་སྙོད་གནྡྷ་པ་ཏྲ་དང་སྒ་དང་པི་པི་ལིང་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་ཚ་བ་ལྔ། སྟག་ཚེར་ཏེ་ཀཎྚ་ཀ་རི་སྐྱེར་པའི་བར་ཤུན་རྣམས་ཆུ་བསྐོལ་གྱིས་ཕུལ་བྱས་ན་འོར་དང་སྐྱ་རྦབ་ཉིས་འདུས་སུ་གྱུར་པའི་ཚབས་ཆེ་བ་སེལ། རྗེས་ལ་ཚིགས་པ་དང་པོ་བཅུ་གསུམ་པ་བཅོ་བརྒྱད་པ་རྣམས་བསྲེག དེས་རླུང་བསལ་བ་དང་ཆུ་སེར་གྱི་སྒོ་རྣམས་འགེགས་པར་བྱེད། ཟས་ལ་འབྲས་ཐུག་དང་ལུག་ཤ་དང་མར་གསར་པ་དང་དར་བ་རྣམས་བསྟེན་ཞིང་ཉ་ཕག་གི་ཤ་དང་རུལ་སྐྱུར་གྱི་ཟས་ཞོ་དང་བུ་རམ་རློན་པ་ཚྭ་ཡོས་དང་ཤ་སྐམ་པོ་དང་རྗེན་པའི་ཟས་འཇུ་དཀའ་བའི་རིགས་དང་ཉིན་པར་གཉིད་ལོག་པ་ཉལ་པོ་སྤྱོད་པ་རྟ་ལ་སོགས་པ་བཞོན་པ་དང་རླན་གྱི་ཁར་སྡོད་པ་གྲང་བ་རྣམས་སྤང་ངོ༌། །བྱེ་བྲག་ཏུ་གློ་ནད་ཀྱི་སྐྱ་རྦབ་ལ་ཅུ་གང་དང་ཁ་ཆེ་གུར་ཀུམ་དང་སུག་སྨེལ་དང་ད་ལིས་ཏེ་བ་ལུའི་མེ་ཏོག་དང་སེ་འབྲུ་དང་བཅས་པ་རེ་ལས་ལྕགས་ཕྱེ་དང་ཀ་ར་གཉིས་སུམ་འགྱུར་དུ་སྦྱར་ཏེ་བཏང༌། རྩ་ཆུ་ལ་ཚ་བའི་རྟགས་ཆེ་ན་དེ་སྟེང་ག་བུར་ཙནྡན་དཀར་པོ་ཅུ་གུར་ལི་སྟེ་བསིལ་གསུམ་ག་དུར་དང་ཏིག་ཏ་དང་བ་ཤ་ཀ་དང་ཚོས་དང་ཨ་རུ་ར་པི་ལིང་སྟེ་བཅུ་གཅིག་སྦྱར། དེ་རྗེས་རྩེ་ཆུང་དང་སྒང་རྩ་དང་དྲུག་འགོ་རྣམས་གཏར། དེས་ཀྱང་མ་ཞི་ན་ཨ་རུ་ར་དང་དནྡ་དང༌། དུར་བྱིད་དང་ཤིང་མངར་དང་བོང་ང་དང་བུལ་ཏོག་རྣམས་མར་དང་སྦྱར་བའི་ཁྲུས་ཀྱི་སྨན་བཏང་ལ་རྗེས་ལ་གྲོ་ལ་བཟོས་པའི་ཆང་བསྟེན་ཞིང་ཚིགས་པ་བཞི་པ་དང་ལྔ་པ་བསྲེག མཆིན་པ་སྐྱ་རྦབ་ལ་གུར་ཀུམ་དང་གཡུ་རྙིང་དང་ལྕགས་ཕྱེ་དང་ཏ་ཙ་གོང་དུ་བཤད་མ་ཐག་པ་དང་མཁྲིས་ཆེན་ཏེ་མིའི་མཁྲིས་པ་དང་རའི་མར་དང་སྦྱར། ཡང་ན་ནིམ་པ་དང་རྩ་མཁྲིས་དང་བ་ཤ་ཀ་དང་ཏིག་ཏ་དང་སླེ་ཏྲེས་དང་ཧོང་ལེན་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དེ་སྦྲང་དང་སྦྱར་ལ་བཏང་ཞིང༌། དེའི་རྗེས་ལ་རྩེ་ཆུང་དང་རུ་ཐུང་གཏར། མ་ཞི་ན་གུར་ཀུམ་དང་དནྡ་དུར་བྱིད་པི་ལིང་གི་བཤལ་གྱིས་སྦྱངས་ལ། རྗེས་ལ་ཚིགས་པ་བཅུ་གསུམ་པ་དང་དགུ་པ་མེས་མནན་པར་བྱ་བ་དང༌། དེ་འོག་ཏུ་ལུག་རུ་སེར་པོ་དང་ཧོང་ལེན་དང་སྲོལ་གོང་བ་དང་རྩ་མཁྲིས་དང་ཤིང་ཚ་དང་རྭ་ཚ་དང་སྒ་དང་པི་པི་ལིང་དང་བུ་རམ་རྣམས་རིལ་བུ་བྱས་ལ་བསྟེན་ཞིང་བབས་པ་སྟེ་སྐྲངས་ཆེ་བ་ལ་ཆུ་མེར་འོར་སྒོ་རྣམས་ཞེས་བཅུ་དྲུག་མདོ་དང་རྐང་པའི་མཐེ་བོ་བོར་བའི་དེ་ནས་གྱེན་ཚོན་གང་བཅལ་པ་རྣམས་སུ་ཐུར་མས་གསེང༌། མཆེར་པ་སྐྱ་རྦབ་ལ་གོང་དུ་བཤད་པའི་ལྕགས་ཕྱེ་བཅུ་པ་དང༌། ད་ལིས་ཤིང་ཚ་སུག་སྨེལ་ཀ་ཀོ་ལ་ཟི་ར་པི་པི་ལིང་ཕོ་བ་རིས་ཏེ་བདུན་པ་ལྟག་པ་སྤྲད་པས་འཇོམས། ཁ་ཟས་ཀྱི་རིགས་དྲོད་བསྟེན་ལ་ཚིགས་པ་བཅུ་གཅིག་པ་དང་བཅུ་གཉིས་པ་མེས་བསྲེག ཆུ་སེར་སྐྱ་རྦབ་ལ་སྤོས་དཀར་དང་འབྲས་བུ་ཨ་བར་སྐྱུར་གསུམ་བྲག་ཞུན་རྣམས་སྦྲང་ལ་སྦྱར་བ་དང་བཤད་མ་ཐག་པའི་ལྕགས་ཕྱེ་བཅུ་པ་དང་དེ་གཉིས་ནང་ནུབ་ཏུ་ལྟག་པ་སྤྲད་ལ་བཏང་སྦྲང་རྩི་དང་བུ་རམ་ཏིང་ཁྲོལ་ཏེ་གོང་དུ་བཤད་པ་ལྟར་དང་རྟ་རྐྱང་བོང་དྲེའུ་སོགས་ཀྱི་བཤུལ་ཤ་བཏང་ཞིང་དེས་ཀྱང་མ་ཞི་ན་ཨ་རུ་དུར་བྱིད་དང་ཤྲྰི་ཁཎྜ་དང་མ་ནུ་ཤུ་ཟུར་དང་གནྡྷ་པ་ཏྲ་དང་བ་ཆུའི་བཤལ་གྱིས་སྦྱང༌། རྗེས་ལ་ཆུ་གསང་རྣམ་གསུམ་ཞེས་ཚིགས་པ་དང་པོ་དང་བཅུ་གསུམ་བཅོ་བརྒྱད་པ་མེས་བསྡམ། སྐྱ་རྦབ་རླུང་ལས་གྱུར་པར་ཤིང་ཀུན་སྒ་པི་ལིང་ཁ་རུ་ཚ་ཤིང་ཚ་ཙི་ཏྲ་ཀ་ཛཱ་ཏི་སུག་སྨེལ་ཏེ་བརྒྱད་པ་བསྟེན། སྒོག་སྐྱ་དང་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་སྟེ་རྩ་བ་ལྔའི་སྨན་མར་ཁོང་དུ་བཏང་ཞིང་ལུས་ལ་བྱུག་ཅིང་འཇམ་རྩིར་བཏང་བ་དང་སྣུམ་འཆོས་བྱ། རུས་པ་སྣ་ཚོགས་ཀྱི་ཁུ་བ་ལ་སྒ་དང་པི་པི་ལིང་ཤིང་ཚ་ལ་ལ་ཕུད་བཅས་ཀྱི་སྤོད་བྲན་ལ་བཏུང་བ་དང༌། ལུག་ཤ་དང་རྟ་རྐྱང་སོགས་གོང་བཤད་ཀྱི་བཤུལ་ཤ་དང་ཆང་རྣམས་བསྟེན་ལ་ཚིགས་པ་དྲུག་པ་དང་བདུན་པ་མེས་བསྲེག སྐྱ་རྦབ་རྙིངས་པ་ལ་ནི་འོར་ནད་དེ་ཕྱིའི་ཆུར་འགྱུར། འོར་ནད་རྙིངས་པ་ནང་དུ་བབས་ན་དམུ་ཆུར་འགྱུར་བ་ཡིན་པས་དེའི་ཕྱིར་ན་འོར་ནད་དང་སྐྱ་རྦབ་གང་ཡང་རུང་བ་མ་ཐུབ་པར་རྙིངས་ནས་ནང་དུ་བབས་ན་དམུ་ཆུའི་བཅོས་པའི་ཐབས་དང་སྦྱར་བར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱ་རྦབ་བཅོས་པའི་ལེའུ་སྟེ་བརྒྱད་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།