སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྐྱ་རྦབ་ནད་ལ་གསར་རྙིང་གཉིས་ལས་དང་པོ་གསར་པ་ལ་སྤྱི་དོན་བཞི་སྟེ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། །ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ།།

སྤྱོ་དོིན་གཉིས་པ་དེ་ཉིད་གློ་མཆིན་མཆེར་པར་ཞུགས་པ་དང༌། །ཆུ་སེར་རླུང་དང་ལྡན་ཕྱིར་དབྱེ་བ་ལྔ་ལས་། །དང་པོ་གློ་བ་སྐྱ་རྦབ་ཁྲག་ཤས་ཆེ་བ་སྟེ། །གཉིས་པ་མཆིན་པ་མཁྲིས་ལྡན་གསུམ་པ་མཆེར་པ་བད་ཀན་ལྡན། །བཞི་པ་ཆུ་སེར་སྐྱ་རྦབ་ཤ་ལྤགས་མཚམས་སུ་ཁྱབ། །ལྔ་པ་རླུང་ནད་སྐྱ་རྦབ་སྙིང་དང་སྲོག་རྩར་གནས།།

སྤྱི་དོན་གསུམ་པ་དེ་རྟགས་སྤྱི་དང་བྱེ་བྲག་གཉིས་སུ་གསུངས། །དང་པོ་སྤྱི་རྟགས་དང་པོ་ཁ་གདོང་མིག་ལྕིབས་དང༌། །རྐང་བོལ་ངར་གདོང་སྦོད་པོར་གཡོ་ཞིང་སྐྲངས། །འགུལ་ན་རྔམ་འདེགས་དབུགས་རྒོད་པ་སྙིང་སྤྲུག་དང་ག་འགག །ཁ་ཟས་མི་འཇུ་ལྕེ་མཆུ་རྙིལ་བཀྲག་འཆོར། །ལུས་ཀྱི་སྟོབས་ཆུང་རྩ་བྱིང་ཆུ་སེར་ལུས་སེམས་ཤིན་ཏུ་ངལ། །གཉིས་པ་བྱེ་བྲག་གློ་བ་སྐྱ་རྦབ་གློ་མང་ཞིང༌། །ལུད་པ་ཁྲག་ཅན་ལྦུ་གསོབ་ལུ་བ་ཡིན། །མཆིན་པ་མིག་སྤྲིན་ཤ་མདངས་དྲི་ཆུ་སེར། །མཆེར་པ་ཁོང་སྦོ་ཤིག་མང་ལྕེ་མཆུ་སྐྱ། །ཆུ་སེར་ཟ་འཕྲུག་བྱེད་ཅིང་ཆུ་སོ་སྐྲངས། །རླུང་ནི་གཉིད་ཆུང་སྐྲངས་གསོབ་འཕེལ་འབྲི་ཆེ། །

སྤྱི་དོན་བཞི་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་རླུང་གིས་སྣ་ཁྲིད་ཕྱིར། །མངར་གསུམ་ཏིང་ཁྲོལ་ལུག་ཤ་ལོ་ཡིབ་དང༌། །ཞུན་མར་ཆང་དང་བསྐུ་མཉེས་ཞི་བར་ནུས། །དེས་མ་ཞི་ན་སྨན་དཔྱད་ཟས་སྤྱོད་བཞི། །དེ་སྨན་སྐྱ་རྦབ་རླུང་ཤས་ཆེ་བའི་ཕྱིར། །དང་པོ་ཕྱི་རྒྱུད་ཏིག་ཏ་བ་ཡི་རྣམ་ལྔ་ཡི། །སྨན་མར་ཚ་བ་ཆུ་སེར་སྦྱང་གང་ཤིས་མས་བཏང་བཟའ་དང་བྱུག། །དེ་ཡི་རྗེས་ལ་སྐྱུགས་སྨན་ཕྱི་རྒྱུད་ཀྱི་དྲག་པོ་རིལ་བུ་དྲིལ་ཞེས་པ་དེ་རྣོན་པོས་མ་ཞི་བའི་བད་ཀན་སྦྱང༌། །སླར་ཡང་གོང་གི་སྣུམ་འཆོས་བྱས་རྟིང་ལ། །བཀྲུ་སྨན་(དུར་བྱིད་སྒྲོན་ཤིང་)ལྕགས་ཕྱེ་བ་དམར་སེར་གྱི་གཅིན་སྦྱར་བས་སྦྱང༌། །དེ་རྗེས་ལྕགས་ཕྱེ་བཅུ་བ་ནི་འབྲས་བུ་ཨ་བར་སྐྱུར་གསུམ་དང་ལི་ག་དུར། །བྱི་ཏང་ག་དང་ཙི་ཏྲ་ཚ་བ་སྒ་པི་ཕོ་གསུམ། །ཆ་མཉམ་ཀུན་དང་ལྕགས་ཕྱེ་མཉམ་བྱས་ཏེ། །སྦྲང་སྦྱར་ལྡེ་གུས་སྐྱ་རྦབ་འཇོམས་པར་བྱེད། །ཏ་ཙ་གསེར་རྡོའམ་སྒ་སྐྱ་ཐང་ཤིང་གི་ཐང་ཆུ་སྐྱེར་ཤུན་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །པི་པི་ལིང་གི་མཱུ་ལ་རྩ་བ་འབྲས་བུ་ཨ་བར་སྐྱུར་གསུམ། །ཀུན་གྱི་ཉིས་འགྱུར་ལྕགས་ཕྱེ་བ་དམར་སེར་གཅིན་སྨན་ཀུན་གྱི་བརྒྱད་འགྱུར་རོ། །སོ་སོར་བསྐོལ་བསྲེས་རིལ་བུ་ཟོས་པའི་རྟིང༌། །དར་བ་འཐུངས་པས་སྐྱ་རྦབ་འཇིལ་བར་ནུས། །ཏ་ཙ་ལ་ལས་གསེར་རྡོ་ལ་ལས་སྒ་སྐྱ་བཞེད་པ་བཅས་བྲག་ཞུན་དངུལ་ཆུ་ལྕགས་དྲེག་དང༌། །རྭ་ཨ་བར་སྐྱུར་གསུམ་ཚ་བ་སྒ་པི་ཕོ་གསུམ་དང་ཙི་ཏྲ་ཀ །བྱི་ཏང་ག་དང་སྦྲང་རྩིའི་ལྡེ་གུ་ཡིས། །སྐྱ་རྦབ་དབྱིག་དུག་རྗེད་བྱེད་འཇོམས་པར་བྱེད། །གླ་སྒང་གོ་སྙོད་བསྲེས་པ་སྟེ་གོ་ཡུ་པ་ཏྲ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །སྟག་ཚེར་ཀཎྚ་ཀ་རི་སྐྱེར་འི་བར་ཤུན་ཆུ་སྐོལ་འཕུལ་བྱས་ན། །འོར་དང་སྐྱ་རྦབ་འདུས་གྱུར་ཚབས་ཆེ་སེལ། །རྗེས་ལ་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་འདི་གསུམ་ལ་ཆུ་གསང་སྟེ་འོག་ཁར་གསུམ་ཞེས་བསྲེག །དེ་ཡིས་རླུང་དང་ཆུ་སྒོ་འགེགས་པར་བྱེད། །འབྲས་ཐུག་ལུག་ཤ་གསར་པ་མར་གསར་དར་བ་བསྟེན། །ཉ་ཕག་རུལ་སྐྱུར་ཞོ་དང་བུར་རམ་ཆུ་མ་བཅད་པའི་རློན་པ་དང་ལན་ཚྭ། །ཡོས་དང་ཤ་སྐམ་རྗེན་ཟས་འཇུ་དཀའ་དང༌། །ཉིན་གཉིད་ཉལ་པོ་བཞོན་པ་རླན་གྲང་སྤང༌། །གཉིས་པ་བྱེ་བྲག་གློ་ནད་སྐྱ་རྦབ་ཅུ་གང་དང༌། །གུར་ཀུམ་སུག་སྨེལ་ད་ལིས་སེ་འབྲུ་དང༌། །ལྕགས་ཕྱེ་ཀ་ར་སུམ་འགྱུར་སྦྱར་ཏེ་བཏང༌། །ཚ་བ་ཆེ་ན་ག་བུར་(ཙན་དན་བསིལ་གསུམ་ག་དུར་ཏིག་ཏ་བ་ཤ་ཀ་ཚོས་ཨ་རུ་པི་ལིང་)བཅུ་གཅིག་སྦྱར། །དེ་རྗེས་རྩེ་ཆུང་སྒང་རྩ་དྲུག་མགོ་གཏར། །དེས་མ་ཞི་ན་ཨ་རུའི་(དནྡ་དུར་བྱིད་ཤིང་མངར་བོང་ང་བུལ་ཏོག་མར་དང་སྦྱར་ལ་)ཁྲུས་སྨན་བཏང༌། །རྗེས་ལ་གྲོ་ཡི་ཆང་བསྟེན་ཚིགས་པ་བཞི་ལྔ་བསྲེག །མཆིན་པ་སྐྱ་རྦབ་གུར་ཀུམ་གཡུ་རྙིང་དང༌། །ལྕགས་ཕྱེ་ཏ་ཙ་གསེར་རྡོའམ་སྒ་སྐྱ་མཁྲིས་ཆེན་མི་མཁྲིས་ར་མར་སྦྱར། །ཡང་ན་ནིམ་པ་ཉེ་ཤིང་གང་རུང་རྩ་མཁྲིས་ཀ་ས་ཁུར་མང་བ་ཤ་ཀ །ཏིག་ཏ་སླེ་ཏྲེས་ཧོང་ལེན་འབྲས་བུ་ཨ་བར་སྐྱུར་གསུམ། །བསྐོལ་བའི་ཁུ་བ་སྦྲང་དང་སྦྱར་ལ་བཏང༌། །དེ་ཡི་རྗེས་ལ་རྩེ་ཆུང་རུ་ཐུང་གཏར། །མ་ཞི་གུར་ཀུམ་(དནྡ་དུར་བྱིད་པི་ལིང་གི་)བཤལ་གྱིས་སྦྱངས་རྗེས་ལ། །ཚིགས་པ་བཅུ་གསུམ་དགུ་པ་མེས་མནན་དེ་འོག་ཏུ། །ལུག་རུ་ཧོང་ལེན་སྲོལ་གོང་རྩ་མཁྲིས་ཁུར་ཆུང་དང༌། །ཤིང་ཚ་རྭ་ཚ་སྒ་དང་པི་པི་ལིང༌། །བུ་རམ་རིལ་བུ་བྱས་བསྟེན་བབས་ཆེ་ལ། །ཆུ་སེར་བཅུ་དྲུག་མདོ་ལྟེ་འོག་མཚོན་གང་རྐང་པའི་སེར་མོའི་བར་ལྟ་བུ་འོར་སྒོ་རྣམས་སུ་ཐུར་མས་བསེང༌། །མཆེར་པ་སྐྱ་རྦབ་གོང་དུ་སྤྱི་བཅོས་སྐབས་ཀྱི་ལྕགས་ཕྱེ་བཅུ་པ་དང༌། །ད་ལིས་ཤིང་སུག་ཀ་ཟི་པི་ན་བདུན་པ་ལྟག་པ་སྤྲད་པས་འཇོམས། །ཁ་ཟས་དྲོད་བསྟེན་ཚིགས་པ་བཅུ་གཅིག་བཅུ་གཉིས་བསྲེག །ཆུ་སེར་སྐྱ་རྦབ་སྤོས་དཀར་འབྲས་བུ་ཨ་བར་སྐྱུར་གསུམ། །བྲག་ཞུན་སྦྲང་སྦྱར་གོང་གི་ལྕགས་ཕྱེ་བཅུ་པ་དང༌། །ལྟག་སྤྲད་སྦྲང་རྩི་བུ་རམ་ཏིང་ཁྲོལ་དང༌། །བཤུལ་ཤ་རྟ་རྐྱང་བོང་དྲེལ་སོགས་བཏང་ཞིང་མ་ཞི་(ཨ་རུ་དུར་བྱིད་ཤྲཱི་ཁཎྜ་ཤུ་ཟུར་པ་ཏྲ་བ་ཆུའི་)བཤལ་གྱིས་སྦྱང༌། །རྗེས་ལ་ཆུ་གསང་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་པ་སྟེ་རྣམ་གསུམ་མེ་ཡིས་བསྡམ། །སྐྱ་རྦབ་རླུང་ལ་ཤིང་ཀུན་(སྒ་པི་ལིང་ཁ་རུ་ཚྭ་ཤིང་ཚ་ཙི་ཏྲ་ཀ་ཛཱ་ཏི་སུག་སྨེལ་ཏེ་)བརྒྱད་པ་བསྟེན། །སྒོག་སྐྱ་ཡི་རྩ་བའི་སྨན་མར་དང་སྣུམ་འཆོས་ཕྱི་རྒྱུད་ལྟར་བྱ། །རུས་པ་སྣ་ཚོགས་ཁུ་བ་སྤོད་སྒ་པི་པི་ལིང་ཤིང་ཚ་ལ་ལ་ཕུད་བྲན་བཏུང༌། །ལུག་ཤ་བཤུལ་ཤ་རྟ་བོང་སོགས་ཆང་བསྟེན་དྲུག་བདུན་བསྲེག །གཉིས་པ་རྙིངས་པ་དངོས་སྐྱ་རྦབ་རྙིངས་པ་འོར་ནད་ཕྱི་ཆུར་འགྱུར། །འོར་ནད་རྙིངས་པ་དམུ་ཆུར་འགྱུར་བ་ཡིན། །དེ་ཕྱིར་འོར་ནད་སྐྱ་རྦབ་གང་ཡང་རུང༌། །མ་ཐུབ་རྙིངས་ནས་དམུ་ཆུའི་བཅོས་ཐབས་སྦྱར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱ་རྦབ་བཅོས་པའི་ལེའུ་སྟེ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།