སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བརྒྱད་པ། ནད་ཀྱི་རྒྱུ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བརྒྱད་པ། ནད་ཀྱི་རྒྱུ་བསྟན་པ།

གཉིས་པ་གང་གསོ་བར་བྱ་བ་འཕེལ་འགྲིབ་ནད་ཀྱི་གནས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། འདི་ལ་ནད་ཀྱི་གནས་ཞེས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་ནད་ཀྱི་གཞི་ཞེས་བྱ་བ་ནི། ནད་དུ་གྱུར་པའི་རྒྱུ་དང༌། ནད་དུ་གྱུར་པའི་སྐྱེ་མཆེད་དང༌། ནད་དུ་གྱུར་པའི་རྐྱེན་དང༌། ནད་སློང་བར་བྱེད་པ་དང༌། ནད་དུ་གྱུར་པའི་རྒྱུ་མཚན་དང༌། རྣམ་གྲངས་ཀྱི་མིང་འདི་རྣམས་ལ་ནད་ཀྱི་གཞི་ཞེས་བྱའོ། །ཞེས་པ་དང༌། ཟླ་ཟེར་དུ། གོང་དུ་ནི་ལུས་ཐམས་ཅད་བཤད་པ་ཡིན་ལ། དེ་ལ་རིམས་ལ་སོགས་པའི་ནད་ཐམས་ཅད་འབྱུང་བར་འགྱུར་པས། དེ་རྣམ་པར་འཇོག་པའི་ནད་གཞིའི་གནས་བཤད་པ་ཡིན་ནོ། །ཞེས་དང༌། རྒྱུ་གང་གིས་ངེས་པར་འབྱིན་ཞིང་བསྐྱེད་ལ་འབྱུང་བར་འགྱུར་བ་ནི་ནད་གཞི་སྟེ། དེ་ལྟར་ནད་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་བཤད་པར་བྱའོ། །ཞེས་བཤད་པ་ལྟར་འདིར་ཡང་ཟུག་རྔུར་གྱུར་པའི་ནད་རྣམས་ཀྱི་རྣམ་པར་གཞག་པ་ཞིབ་པར་སྟོན་པས་ན་ནད་གཞིའི་གནས་ཞེས་བྱའོ། །ནད་དེ་ཡང་ཇི་ལྟ་བུ་ཞིག་གོ་སྙམ་དུ་དོགས་པ་ལ། སློབ་དཔོན་གྱིས། ནད་དང་སྡིག་པ་རིམ་གནོད་བྱེད། །འགྱུར་བྱེད་སྡུག་བསྔལ་མ་ཞུའི་སྐྱོན། །ཟད་བྱེད་འཚོ་དཀའ་འཁུན་གནོད་སྐྱེད། །མིང་གི་རྣམ་པ་སྒྲས་བཤད་དོ། །ཞེས་དང༌། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ན་རེ། ནད་ཅེས་བྱ་བའི་མིང་དུ་བརྩི་བ་རྣམ་གྲངས་ཀྱི་ལུས་འཇོམས་པར་བྱེད་པ་ཡིན། སྡིག་པ་ཡིན། རིམས་ཡིན། གནོད་པར་བྱེད་པ་ཡིན། འགྱུར་བར་བྱེད་པ་ཡིན། སྡུག་བསྔལ་བ་མ་ཞུའི་ནད་དམིགས་ཡིན། ལུས་ཟད་པར་བྱེད་པ་ཡིན། འཚོ་དཀའ་བར་བྱེད་པ་ཡིན། འཁུན་པར་བྱེད་པ་ཡིན། ལུས་ཀུན་མི་བདེ་བར་བྱེད་པ་ཞེས་ཀྱང་བྱའོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་གཉིས་ལས། ནད་གཞིའི་གནས་ཞུས་པའི་ཚུལ་དང༌། དེའི་ལན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གྲུབ་པ་ལུས་ཀྱི་གནས་གསུངས་ཟིན་པའི་རྗེས་དེ་ནས་ཡང་བྱ་བ་གཞན་གྱིས་བར་མ་ཆོད་པར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་མཚན་ནས་བོས་ཏེ། གནས་བཅུ་གཅིག་གི་ནང་ནས་གསུམ་པ་འཕེལ་འགྲིབ་ནད་ཀྱི་གནས་ལ་བདག་ཅག་ཚུལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན། འཚོ་མཛད་སྨན་པའི་རྒྱལ་པོས་གསལ་བར་བཤད་དུ་གསོལ་ཞེས་ཞུས་པའོ། །ལས་ཞེས་བྱ་བ་ནི་འབྱུང་ཁུངས་ཀྱི་དོན་ཡིན་ནོ། །གཉིས་པ་དེའི་ལན་བསྟན་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པ་ཞེས་པ་ནས་བདུན་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཀྱི་ཇི་ལྟར་ཞུས་པའི་ལན་སྟོན་པས་འདི་སྐད་ཅེས་གསུངས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཅེས་གདམས་ནས་ལན་དངོས་ནི། གང་ཞེས་བྱ་བ་སྤྱིའི་སྒྲ་སྟེ། སྤྱིར་གསོ་བར་བྱ་བའི་ཡུལ་ཕུང་པོ་ལྔ་ལས་གྲུབ་པའི་ལུས་དེ་ལས་བྱུང་ཞིང༌། རེས་འགའ་འཕེལ་བ་དང༌། རེས་འགའ་འགྲིབ་པས་གནོད་པར་བྱེད་པ་ནད་ཀྱི་གནས་ལ་བསླབ་པར་བྱ་བ་ནི་འདི་ལྟར་ཤེས་དགོས་ཏེ། ནད་ཇི་ལྟར་འབྱུང་བའི་རྒྱུ་དང༌། དེ་འཕེལ་ཟད་འཁྲུགས་པའི་རྐྱེན་དང༌། ཇི་ལྟར་ཞུགས་པའི་ཚུལ་དང༌། གང་དུ་གནས་པའི་གཞི་དང༌། སོ་སོར་ངེས་པའི་མཚན་ཉིད་དང༌། རྒྱ་ཆེན་པོར་དབྱེ་བ་དང༌། སོ་སོའི་དོན་གཏན་ལ་དབབ་པ་དང༌། རྣམ་པ་བདུན་དུ་བདག་རིག་པའི་ཡེ་ཤེས་ཀྱིས་བཤད་པ་ཡིན་ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ནད་ཀྱི་རྒྱུ། དེའི་རྐྱེན། ཇི་ལྟར་འཇུག་པའི་ཚུལ། སོ་སོའི་མཚན་ཉིད། དབྱེ་བ་བཤད་པའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དང་པོ་ཞེས་པ་ནས་ཁྱད་པར་གཉིས་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་སྤྱི་དོན་རྣམ་པ་བདུན་བཤད་པའི་དང་པོ་ནད་ཐམས་ཅད་ཀྱི་རྒྱུ་བཤད་པ་ལ། རིང་བའི་རྒྱུ་དང༌། ཉེ་བའི་རྒྱུ་གཉིས་སུ་ངེས་སོ། །དེ་ལས་དང་པོ་རིང་བའི་རྒྱུ་དེ་ལའང་ནད་སྤྱིའི་རྒྱུ་དང༌། ཁྱད་པར་གྱི་རྒྱུ་གཉིས་ཡོད་དེ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རིང་བའི་རྒྱུ་བཤད་པ་དང༌། ཉེ་བའི་རྒྱུ་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་རྒྱུ་དང༌། ཁྱད་པར་གྱི་རྒྱུའོ། །དང་པོ་ལ་སྤྱི་དོན་དང༌། ཚིག་གི་དོན་གཉིས་སོ། །དང་པོ་ནི། ཁ་ཅིག་ན་རེ། ཡན་ལག་བརྒྱད་པར། ནད་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས་པ་རྒྱུ་ནི་གཅིག་པུ་ཉིད། །ཅེས་བཤད་པའི་རྒྱུ་གཅིག་པུ་དེ་ལ། ཟླ་ཟེར་ལས། འདི་ལྟར་ནད་ཐམས་ཅད་ཀྱི་རྒྱུ་ནི་ཉེས་པ་ཉིད་གཅིག་པུ་རྒྱུར་གྱུར་པ་ཡིན་ཏེ། ཞེས་ཉེས་པ་ཙམ་པོ་བ་དེ་ལ་བཤད་པས། འདིར་མ་རིག་པ་ལ་སྦྱོར་བ་ནི་ཧ་ཅང་རིང་བའི་ཕྱིར་འོས་པ་མ་ཡིན་ནོ་ཞེ་ན་སྐྱོན་ཡོད་པ་མ་ཡིན་ཏེ། སྤྱིར་ཉེས་པ་ཞེས་པ་ལུས་སེམས་ལ་གནོད་ཅིང་གདུང་བ་ཐམས་ཅད་ཀྱི་དོན་ལ། ཁྱད་པར་དུ་རླུང་མཁྲིས་བད་ཀན་དང་འདོད་ཁྲོ་གཏི་མུག་རྣམས་ལ་བྱ་སྟེ། སློབ་དཔོན་གྱིས། རླུང་དང་མཁྲིས་པ་བད་ཀན་ཡང༌། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །ཞེས་དང༌། འདོད་ཆགས་གཏི་མུག་རྐྱང་ཡིད་ཀྱི། །ཉེས་པ་གཉིས་སུ་བསྟན་པ་ཡིན། །ཞེས་དང༌། འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་བཤད་ཅིང༌། རླུང་མཁྲིས་བད་ཀན་གསུམ་པོ་འདོད་ཁྲོ་གཏི་མུག་ལས་བྱུང་ལ། དེ་དག་ཐམས་ཅད་ཀྱང་རྩ་བ་མ་རིག་པ་ཁོ་ན་ཡིན་པས་ན། ཡན་ལག་བརྒྱད་པ་རྩ་འགྲེལ་ལས། ཉེས་པ་གཅིག་ཉིད་ཅེས་པ་འདི་ཡང་དོན་མ་རིག་པ་ཁོ་ན་ལ་དགོངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཅིག་ཉིད་ཅེས་པའི་ཚིག་གི་ནུས་པ་མི་འབྱུང་བས་སོ། །དེ་སྐད་དུ་ཡང་སློབ་དཔོན་གྱི་དགོངས་པ་ཟླ་བ་ལ་མངོན་པར་དགའ་བས་བཀྲལ་བ་ནི། ནད་ཐམས་ཅད་ལ་རྣམ་པར་འགྱུར་བ་རེ་རེ་བཞིན་ནད་གཞི་དང་གསོ་བའི་མཚན་ཉིད་མཐའ་ཡས་བསྟན་པར་མ་ནུས་པས། དེའི་ཕྱིར་དེ་གསལ་བ་ལ་སུ་ཡང་འབད་པར་མི་བྱེད་དོ་སྙམ་དུ་དོགས་པའི་ཕྱིར།

འདིར་སྨྲས་པ་ནི། ནད་འཁྲུགས་སྣ་ཚོགས་ཚུལ་ཅན་གྱིས། །གྲངས་མེད་པར་ནི་གྱུར་པ་ལུས། །ཐམས་ཅད་ཉེ་བར་གཟིར་གྱུར་པ། །དེ་རྒྱུ་ཚུལ་དང་སྒྲུབ་པ་དག །རེ་རེ་ནས་ནི་བསྟན་མི་ནུས། །དེ་བས་སྤྱི་ཡི་བརྗོད་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ནད་འཁྲུགས་པར་གྱུར་ཅིང་རྣམ་པར་ལྡང་བར་གྱུར་ན་སྣ་ཚོགས་པའི་ཚུལ་ཅན་དུ་འབྱུང་བའི་ནད་རྣམས་ཐ་དད་པའི་མཚན་ཉིད་ཅན་གྲངས་མེད་ཅིང་བརྩི་བ་ལས་འདས་པས་ཐམས་ཅད་ཉེ་བར་གཟིར་ཞིང་གདུང་བར་འགྱུར་ཏེ། ལུས་སྡུག་བསྔལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ནི་དེ་དག་གི་རྒྱུའི་ཚུལ་གྱིས་འབྱིན་པར་བྱེད་པའི་མཚན་ཉིད་དང༌། སྒྲུབ་ཅིང་གསོ་བར་བྱེད་པ་དག་ནི་རེ་རེ་ནས་ཞེས་པ་ནད་ཀྱི་ཚུལ་སོ་སོ་ནས་བསྟན་པར་མི་ནུས་ཏེ། ནད་འདིའི་རྒྱུ་ནི་འདི་ཡིན་ནོ། །འདིའི་མཚན་ཉིད་ནི་འདི་ཡིན་ནོ། །གསོ་བ་ནི་འདི་ལྟར་བྱའོ། །ཞེས་བསྟན་པར་ཤིན་ཏུ་དཀའ་སྟེ། དེ་བས་ན་སྤྱིའི་བརྗོད་པ་ཡིན་ཏེ། སྤྱིར་ཁྱབ་པའི་ཚིག་ཡིན་པ་དེ་ཉིད་བཤད་ཅིང་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱང་གང་ཞེ་ན། ནད་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས་པ་རྒྱུ་ནི་གཅིག་པུ་ཉིད། །ཅེས་བྱ་བ་ཡིན་ཏེ། འདི་ལྟར་ནད་ཐམས་ཅད་ཀྱི་རྒྱུ་ནི་ཉེས་པ་གཅིག་པུ་རྒྱུར་གྱུར་པ་ཡིན་ཏེ། རྒྱུ་ཡང་ཡིན་ལ། གཅིག་པུ་ཉིད་ཀྱང་ཡིན་ཏེ་གཙོ་བོའི་རྒྱུར་གྱུར་པའམ་ཡང་ན་ཐམས་ཅད་ཀྱི་སྤྱིའི་མཚུངས་པའི་རྒྱུ་ཡིན་པས་ན་རྒྱུ་གཅིག་པུ་དེ་ཐུན་མོང་གི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བའི་ཕྱིར་སྨོས་པ་ཡིན་ཏེ། ནད་ཀྱི་རྒྱུ་ནི་གཅིག་པུ་ཉིད་ཡིན་གྱི་དངོས་པོའི་རིགས་གཞན་དག་ནི་མ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དོན་འདི་དཔེ་བསྟན་པའི་ཕྱིར་ཚིག་ཏུ་སྨྲས་པ་ནི། དཔེར་ན་བྱ་ནི་ལྡིང་གྱུར་པ། །ཉིན་རངས་ཀུན་ཏུ་འོངས་གྱུར་ཀྱང༌། །རང་གི་གྲིབ་མ་དང་མི་འབྲལ། །འགྲོ་ཀུན་དེ་དང་འདྲ་བ་ཡིན། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ཁྲ་ལ་སོགས་པའི་བྱ་རྣམས་ལྡིང་བར་གྱུར་བ་ན་ཉིན་རངས་ཏེ་ཉིན་ཐོག་ཐག་ཀུན་སོང་ཞིང་ལྡིང་བར་གྱུར་ཀྱང་རང་གི་གྲིབ་མ་དང་བྲལ་བར་མི་འགྱུར་ཞིང༌། གྲིབ་མ་དེ་དང་བྲལ་བར་སྐད་ཅིག་ཀྱང་མི་སྣང་སྟེ། འགྲོ་བའི་ནད་ཀྱི་ཚུལ་ཡང་དེ་དང་འདྲ་བའོ། །ཡང་དོན་འདིའི་དཔེ་གཞན་དག་བསྟན་པའི་ཕྱིར། སྨྲས་པ་ནི། ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་བྱ་བ་ཡིན་ཏེ། དཔེ་རྣམ་པ་གཞན་ཡང༌། མ་ལུས་པའི་འགྲོ་བ་རང་བཞིན་མི་འདྲ་བ་མངལ་ནས་སྐྱེ་བ་ལ་སོགས་པའི་དབྱེ་བས་ཐ་དད་པའམ། རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྣ་ཚོགས་ཤིང་རིགས་ཐ་དད་པ་འདི་དག་ཀྱང་ཡོན་ཏན་གསུམ་པོ་སྙིང་པོ་སྙིང་སྟོབས་དང་རྡུལ་དང་མུན་པའི་ཚུལ་དང་མི་འབྲལ་ཞིང༌། དེ་ལས་མི་འདའ་སྟེ། ཡོན་ཏན་གསུམ་པོ་འདི་དག་ཀྱང་ནམ་ཡང་བྲལ་བར་མི་འགྱུར་རོ། །དེ་བཞིན་རང་གི་ཁམས་མ་སྙོམས། །རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། །ནད་རིགས་ཉེས་པ་གསུམ་མི་འདའ། །ཞེས་བྱ་བ་ལ་དེ་དཔེ་དེ་བཞིན་དུ་ཁམས་མ་སྙོམས་པའི་རྒྱུ་ཡང༌། དུས་དང་གནས་སྐབས་ཐམས་ཅད་དུ་ནད་ཀྱི་རིགས་སུ་བཤད་པའི་ཉེས་པ་གསུམ་པོ་དང་ནི་ནམ་ཡང་མི་འབྲལ་ལོ། །དེ་ཡང་རླུང་ལ་སོགས་པའི་ཁམས་འདི་རྣམས་ནི་ལུས་འཇིག་པར་བྱེད་པ་ཡིན་དུ་ཟིན་ཀྱང༌། གལ་ཏེ་ཁམས་མ་སྙོམས་པར་གྱུར་ན་དེའང་ནད་ཀྱི་རྒྱུ་ཡིན་པའི་ཕྱིར། ནད་དང་དྲི་མའི་ཚུལ་གྱིས་མ་སྙོམས་པ་མེད་པར་ཡང་ནད་ཀྱི་རྒྱུར་འགྱུར་བ་བཤད་པའི་ཕྱིར་འདིར་ཡང་ཞེས་བྱ་བའི་སྒྲ་ཁྱད་པར་དུ་སྨོས་པ་ཡིན་ནོ་ཞེས་རྒྱས་པར་བཤད་པ་རྣམས་ལ་བསམ་པར་གྱིས་ཤིག དེས་ན་འདིར་ལུས་སེམས་ཀྱི་ནད་ཐམས་ཅད་ཀྱི་རྒྱུ་ནི་གཅིག་པུའི་སྒྲ་མ་རིག་པ་ཁོ་ན་ལས་གཞན་དུ་རིགས་པ་མ་ཡིན་ནོ། །མ་རིག་པ་དེ་ཡང་ཚུལ་ཇི་ལྟར་ཞེ་ན། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང༌། །དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །དེ་ཉིད་རང་གིས་རང་མ་རིག །འདུ་བྱེད་ཡིད་ཀྱིས་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །དོན་དང་འཛིན་པ་གཉིས་སྣང་བ། །རང་གིས་རང་ལ་བསྟན་ཅིང་བཟུང༌། །ཡིད་དེ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་ལ་དོན་བཟུང་རྣམ་ཤེས་འབྱུང༌། །བླང་དོར་བྱེད་ལས་ཚོར་བ་སྐྱེས། །དེ་ལས་མཚན་འཛིན་འདུ་ཤེས་ཏེ། །འདུས་བྱས་ཡུལ་སྣང་གཞན་དུ་བཏགས། །ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ། །ཁམས་ལྔ་རྣམ་པར་ཤེས་དང་དྲུག །རྒྱུ་ཞེས་རྟོགས་པས་ཐ་སྙད་བྱས། །དེ་ཡི་བག་ཆགས་ཀུན་གཞི་ལ། །བསགས་པ་རྒྱུ་ཡི་རྐྱེན་ཞེས་བྱ། །བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བའི་རིགས་བྱ་སྟེ། །དེ་མ་ཐག་པའི་རྐྱེན་ཞེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་དྲུག་པའི་ཡིད་དང་བཅས། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །འཁོར་འདས་ཆོས་ཀུན་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །ནམ་ཞིག་མ་རིག་པ་ཟད་པར་སྤངས་པ་དེའི་ཚེ་ན་ལུས་སེམས་ཀྱི་ནད་མཐའ་དག་རང་བཞིན་གྱིས་སྤངས་པ་ཡིན་ཏེ། རྣམ་པར་སྨིན་པའི་ས་བོན་ཐམས་ཅད་སའི་གཞི་ཞིང་ས་ལྟ་བུ་དེ་ཉིད་དང་ཡོངས་སུ་བྲལ་བའི་རྒྱུ་མཚན་གྱིས་སོ། །དེ་བཞིན་དུ་མཁས་མཆོག་དབྱིག་གཉེན་ཞབས་ཀྱིས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང༌། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །ཞེས་གསུངས་པ་ལ་འདིའི་དགྲ་བཅོམ་པ་ཞེས་པ་སངས་རྒྱས་ལ་དགོངས་སོ། །ཞེས་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་གསུངས་སོ། །

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་འབྲལ་མི་སྲིད་ཅེས་པའི་བར་གྱིས་བསྟན་ཏེ། ནད་ཐམས་ཅད་ལ་རིང་རྒྱུ་གཉིས་སུ་བཤད་པའི་དང་པོ་སྤྱིའི་རྒྱུ་ལ་ཕྱི་ནང་གི་རྒྱུ་རྐྱེན་ལས་ནད་འཁྲུགས་ཤིང་འཕེལ་བས་རྣམ་པ་མི་འདྲ་བ་སྣ་ཚོགས་པའི་ཚུལ་ཅན་གྱི་སྒོ་ནས་བརྩི་བ་ལས་འདས་ཤིང་གྲངས་མེད་དུ་གྱུར་པས་ལུས་འདི་ཉིད་ཉེ་བར་གཟིར་བར་གྱུར་པ་དེ་དང༌། དེ་འདྲ་བའི་རྒྱུ་མཐའ་དག་རེ་རེ་ནས་འདིའི་རྒྱུ་ནི་འདི་ཡིན་ནོ་ཞེས་བདག་རིག་པའི་ཡེ་ཤེས་ཀྱིས་ཀྱང་བསྟན་པར་མི་ནུས་པས་ན་ཁྱོད་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ལུས་སེམས་ལས་བྱུང་བའི་ནད་ཀྱི་རྣམ་པ་མི་འདྲ་བ་ཀུན་གྱི་སྤྱིའི་རྒྱུ་ཐུན་མོང་བ་དེ་ཉིད་བརྗོད་པས་བྱེ་བྲག་གི་ནད་ཕལ་ཆེར་ཡང་ཞར་ལ་ཤེས་པར་འགྱུར་བའི་ཕྱིར་འདིར་བརྗོད་པ་ནི་འདི་ལྟ་སྟེ། བརྗོད་པར་མི་ནུས་པའི་ནད་ཀྱི་རྣམ་གྲངས་དེ་རྣམས་ཀུན་གྱི་ཐུན་མོང་བའི་རྒྱུ་ནི་གཅིག་པུ་ཉིད་ཡིན་ཏེ། རྒྱུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །གཅིག་པུ་དེ་ཡང་གང་ཞེ་ན། དོན་དམ་པར་དངོས་པོ་ཐམས་ཅད་བདག་མེད་པའི་རང་བཞིན་ཅན་ཁོ་ན་ཡིན་ཡང༌། ཀུན་རྫོབ་ཏུ་འཁྲུལ་པས་བསླད་པ་ལ་བརྟེན་ནས་བདག་ཏུ་བཟུང་བས་དེའི་དོན་མེ་ས་ཤིང༌། དེ་ལྟར་མ་ཤེས་པས་བདག་འཛིན་དང་ལྷན་ཅིག་ཏུ་སྐྱེས་པའི་མ་རིག་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་ཡོངས་སུ་གྲུབ་པའི་མི་དགེ་བ་དེ་ཉིད་གཅིག་པུ་ཡིན་ནོ། །དཔེར་ན་འདབ་ཆགས་ཀྱི་བྱ་གཤོག་རྩལ་དང་ལྡན་པ་རྣམས་ནི་ཉིན་པར་སྐད་ཅིག་ཀྱང་ས་ལ་མི་འབབ་པར་ནམ་མཁའ་ཁོ་ནའི་ལམ་ལ་འཕུར་ཞིང་ལྡིང་བར་གྱུར་དུ་ཟིན་ཀྱང༌། བྱ་རང་བཞིན་གང་དུ་འགྲོ་བའི་རྗེས་དེ་དང་དེར་རང་གི་གྲིབ་མ་དེ་ཡང་ངེས་པར་འབྲང་ཞིང་དེ་དང་སྐད་ཅིག་ཀྱང་མི་འབྲལ་བ་བཞིན་དུ། འགྲོ་བ་སེམས་ཅན་འདི་དག་ཀུན་ཀྱང་རེ་ཞིག་ལུས་སེམས་ནད་མེད་ཐ་མལ་དུ་གནས་ཤིང་བདེ་བ་ལ་ལོངས་སྤྱོད་པ་དེའི་ཚེ་ན་ཡང་མ་རིག་པ་རྒྱུད་ལ་ལྡན་པའི་སྟོབས་ཀྱིས་ནད་རླུང་མཁྲིས་བད་ཀན་དང་འདོད་ཁྲོ་གཏི་མུག་རྣམས་དང་འབྲལ་བར་མི་སྲིད་པ་ཡིན་ནོ། །དེའི་དོན་གྱིས་རྐྱེན་སྣ་ཚོགས་པ་དང་འཕྲད་པའི་ཚེ་ཟུག་རྔུ་གློ་བུར་དུ་འབྱུང་བ་ཡིན་ལ། མདོར་ན་མ་རིག་པ་དང་མ་བྲལ་བ་དེ་སྲིད་དུ་ནད་ཅེས་བྱ་བ་དང་ཡང་མི་འབྲལ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རིང་རྒྱུ་ཁྱད་པར་དུ་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། གཞུང་འདིར་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་གོ་རིམ་བཞིན་དུ་རླུང་མཁྲིས་བད་ཀན་གྱི་རྒྱུར་བཤད་པ་མ་གཏོགས་བརྒྱད་པ་སོགས་སྨན་དཔྱད་ཀྱི་གཞུང་གཞན་ནས་མི་འབྱུང་ལ། ལུགས་གཞན་འགའ་ཞིག་ནས་ཞེ་སྡང་གིས་རླུང་དང༌། འདོད་ཆགས་ཀྱིས་མཁྲིས་པ་བསྐྱེད་པར་བཤད་པས་ན། ལུགས་འདི་ནི་ཇི་ལྟར་འཐད་ཅེས་གླེང་བར་དོགས་པའི་ཕྱིར་བརྗོད་པར་བྱའོ། །ལུགས་གཞན་ལས་དེ་ལྟར་འབྱུང་སྲིད་ཀྱང༌། ཞེ་སྡང་གིས་རླུང་བསྐྱེད་པར་མི་འཐད་དེ། ཞེ་སྡང་དྲག་པོ་སྐྱེས་པའི་ཚེ་མཁྲིས་པ་ལྷག་པར་འབར་ནས་ཁྲག་སོགས་ཟུངས་རྣམས་དྲོས་ཏེ་ལུས་གློ་བུར་དུ་འདར་བ་དང་དྲོད་ཚ་ཞིང་ཁ་དོག་དམར་པོར་འགྱུར་བ་སོགས་མཁྲིས་པ་འཕེལ་བའི་རྟགས་མངོན་སུམ་དུ་མཐོང་བའི་ཕྱིར་དང༌། རྒྱུ་མཚན་འདིའི་དོན་གྱིས་ན་འདོད་ཆགས་ཀྱིས་མཁྲིས་པ་བསྐྱེད་པར་ཡང་མི་འཐད་དོ། །གཞུང་འདིའི་ལུགས་ལྟར་བརྒྱད་པ་སོགས་གཞན་རྣམས་སུ་མི་འབྱུང་བ་ཡང་མ་ཡིན་ཏེ། ཡན་ལག་བརྒྱད་པར། ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་པའི་སྐབས་སུ་རང་འགྲེལ་ལས། སེམས་ཅན་ཡིན་ནོ་ཅོག་ནད་རྣམ་པ་གསུམ་པོ་ཆགས་པ། སྡུག་བསྔལ་དང༌། མུན་པ་དང་གསུམ་དུ་ལྡན་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་དང་མི་འབྲལ་བ་དེ་ལྟར་རང་གི་སྲོག་ཟུངས་བདུན་པོ་ནད་མ་སྙོམས་ཏེ་ནད་དུ་འགྱུར་བའི་རྒྱུ་ཡང་ཆགས་པ་དང༌། སྡུག་བསྔལ་དང༌། མུན་པ་དང་གསུམ་གྱིས་གྱུར་པའི་རླུང་དང་མཁྲིས་པ་བད་ཀན་གསུམ་ནང་མ་འཕྲོད་པ་དེས་སྲོག་ཟུངས་བདུན་པོ་མ་སྙོམས་ཏེ་འཁྲུགས་ན་ནད་དུ་འགྱུར་རོ། །ཞེས་པ་དང༌། འཚོ་བའི་མདོ་ཚིགས་སུ་བཅད་པ་ལས། འདོད་ཁྲོ་གཏི་མུག་གསུམ་ལས་རླུང་མཁྲིས་བད་ཀན་གསུམ་སྲིད་དེ། ཞེས་པ་དང༌། ཡན་ལག་བཞི་པ་ལས་ཀྱང་འདི་ལྟར་བཤད་ཅིང༌། ཞང་སྨན་ཞིག་པོས་མཛད་པའི་འགྲེལ་པ་མུ་ཏིག་འཕྲེང་བ་ཞེས་བྱ་བར་ཡང༌། འདོད་ཆགས་གཏི་མུག་ཀྱང་ཡིད་ཀྱི། །ཉེས་པ་གསུམ་དུ་བསྟན་པ་ཡིན། །ཞེས་བྱ་བ་འདིས་འདོད་ཆགས་དང་གཏི་མུག་གཉིས་སེམས་ཀྱི་ནད་ཡིན་པར་སྟོན་ཏེ། ཞེ་སྡང་ཡང་མ་ཡིན་ནམ་ཞེ་ན། གཞུའི་མཆོག་མ་གཉིས་ནས་བཟུང་ན་ཆངས་པ་ཤུགས་ཀྱི་ཡོད་པ་དང་འདྲ་བར་འདོད་ཆགས་གཏི་མུག་གཉིས་སྨོས་པས་ཞེ་སྡང་ཞར་ལ་གྲུབ་སྟེ། འདོད་ཆགས་དང་གཏི་མུག་སེམས་ནད་ཡིན་ན་ཞེ་སྡང་ཡང་ཡིན་དགོས་ཏེ། དུག་གསུམ་དུ་གཅིག་པས་སོ། །ཞེས་པ་ནི་སེམས་ནད་ལ་རྒྱུ་དུག་གསུམ་ལས་མེད་དམ་ཞེ་ན། ཡོད་དེ་ལུས་ནད་ཀྱི་རྒྱུ་ཡང་སེམས་ནད་ཀྱི་རྒྱུར་འགྱུར་ལ། དུག་གདོན་ལས་གསུམ་དམན་ལྷག་ལོག་པའི་རྒྱུ་གཅིག་པུ་མ་ཡིན་པའི་འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་ནད་ཀྱི་རྒྱུ་ཡིན་ཞེས་པ་ལྷག་མ་ཅན་གྱི་ཚིག་གོ་ །ཉེས་པ་གཉིས་སུ་བསྟན་ཞེས་པ་ལུས་ནད་སེམས་ནད་གཉིས་སུ་བསྟན་པའི་དོན་ཏོ། །ཡང་དུག་གསུམ་གྱི་ནད་དང་ཉེས་པ་གསུམ་གྱི་ནད་རྣམ་པ་གཉིས་སུ་ཡོད་པའོ། །ཡང་ན་དུག་གསུམ་གྱིས་རྒྱུ་བྱས་པ་དང༌། དམན་ལྷག་ལོག་པས་རྒྱུ་བྱས་པ་གཉིས་ཡོད་ཅེས་པའི་དོན་ཏོ། །ཞེས་པ་དང༌། རིན་ཅེན་སྤུངས་པ་ལས་ཀྱང༌། ནད་ཀྱི་རྒྱུ་ནི་གསུམ་སྟེ་མདོར་བསྟན་པ། །དངོས་རྒྱུ་བརྒྱུད་རྒྱུ་ཐུན་མོང་རྒྱུ་གསུམ་ཡིན། །དངོས་རྒྱུ་གཉིས་ཏེ་རིང་དང་ཉེ་བའོ། །ཉེ་བའི་རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རིང་བའི་རྒྱུ་ནི་གསུམ་གསུམ་དགུར་ཡང་འདོད། །དུག་གསུམ་གཟུགས་གསུམ་ཁ་དོག་རྣམ་པ་གསུམ། །ཞེས་དང༌། འགྲེལ་ཆུང་དོན་གསལ་ལས། ནད་ཀྱི་དངོས་རྒྱུ་ཉེ་དང་རིང་བའོ། །ཉེ་བའི་རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རིང་བའི་རྒྱུ་ནི་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་གསུམ་ཡིན་གཟུགས་གསུམ་བྱ་ཕག་སྦྲུལ། །ཁ་དོག་གསུམ་ནི་དཀར་དང་དམར་སེར་རོ། །ཞེས་བཤད་པའི་ཕྱིར་རོ། །

གཉིས་པ་ཚིག་གི་དོན་ནི། ཁྱད་པར་ཞེས་པ་ནས་ཉེས་པ་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། ནད་རླུང་མཁྲིས་བད་ཀན་གསུམ་གྱི་རྒྱུ་ནི་མ་རིག་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་དུག་གསུམ་དུ་གྲགས་པ་རྣམས་ཡིན་ལ། རྒྱུ་དེ་ལས་རིམ་པ་བཞིན་དུ་འབྲས་བུ་རླུང་མཁྲིས་བད་ཀན་ཏེ་ཉེས་པ་གསུམ་པོ་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་ཉེ་བའི་རྒྱུ་བཤད་པ་ལ་གཉིས། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཉེ་རྒྱུ་ཞེས་པ་ནས་གདུང་བས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ནད་ཀྱི་རིང་བའི་རྒྱུའམ་རྒྱུ་རྩ་བ་ལྟ་བུ་བཤད་མོད། འདིར་ནད་ཀྱི་དངོས་ཀྱི་རྒྱུའམ་ཉེ་རྒྱུ་བཤད་པ་ནི། ལུས་ལ་རང་བཞིན་གྱིས་གནས་པའི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་པོ་རང་རང་གནས་དང་ལྡང་ཚད་སོགས་ལས་རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་པ་དེ་ནི་ནད་མངོན་གྱུར་པ་རྣམས་ཀྱི་རྒྱུའི་གཙོ་བོར་འགྱུར་ལ། གལ་ཏེ་རྣམ་པར་གྱུར་ནས་ཆ་མ་སྙོམས་པར་འཕེལ་ཟད་འཁྲུགས་པ་གང་ཡང་རུང་བར་གྱུར་ན་རླུང་མཁྲིས་བད་ཀན་གསུམ་པོ་དེ་ཉིད་ནད་ཀྱི་ངོ་བོ་ཡིན་ཏེ། དེ་ནི་ལུས་དང་སྲོག་ལ་ལྷག་པར་གནོད་ཅིང་གདུང་བ་བསྐྱེད་པར་འགྱུར་བས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་ནད་མངོན་གྱུར་པའི་རྒྱུར་འགྱུར་བ་འདིའི་སྐབས་སུ་དེའི་འབྲས་བུ་ཚ་གྲང་གཉིས་སུ་བསྡུས་པ་ཡིན་ལ། དེ་ཡང་སྤྱིར་བཏང་བའི་དབང་དུ་བྱས་ཀྱི་དམིགས་བསལ་དུ་བྱས་ན་རླུང་ཉིད་རླུང་གི་རྒྱུར་འགྱུར་བ་སོགས་མང་དུ་ཡོད་དོ། །གཞན་ཡང་རླུང་ཉིད་ནད་མངོན་འགྱུར་བ་ཀུན་གྱི་རྒྱུར་འགྱུར་ཏེ། སློབ་དཔོན་གྱིས། དེ་ལ་རླུང་ནི་རྩུབ་ཅིང་ཡང༌། །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ། །ཞེས་པའི་སྐབས་སུ་ཟླ་ཟེར་ལས། དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། ཉེས་པ་དེ་རྣམས་ཀྱི་ནང་ནས་རླུང་ནི་རྩུབ་པ་དང་ཡང་བ་དང་གྲང་བ་དང་སྲ་བ་དང་ཕྲ་བ་སྟེ། རྩ་སྦུབས་ཕྲ་མོ་ལས་འཇུག་པ་དང༌། གཡོ་བ་དང་དྲོ་བའི་ངང་ཚུལ་ཅན་དུ་མི་གནས་པ་ཡིན་ནོ། །དྲིས་པ། གཟེག་ཟན་པ་ལ་སོགས་པ་ནི་རླུང་གྲང་བ་དང་དྲོ་བ་ཡིན་པར་བཤད་ལ། འདིར་ཡང་ཟུང་དུ་འཇུག་པའི་རྗེས་སུ་སྣང་བས་གྲང་བ་དང་དྲོ་བ་གཉིས་ཀ་མ་ཡིན་པར་འདོད་དེ། དེ་ཡང༌། ཟུང་དུ་འཇུག་པ་རླུང་གི་མཆོག །ཡང་དག་སྦྱོར་བས་དོན་གཉིས་བྱེད། །ཉི་མར་ལྡན་པས་སྲེག་བྱེད་ལ། །ཟླ་བར་ལྡན་པས་བསིལ་བར་བྱེད། །ཅེས་བཤད་པ་དེ་བཞིན་དུ། རླུང་ནི་ཟུང་དུ་འཇུག་པས་ན། །བད་ཀན་ལྡན་པས་བསིལ་བར་འགྱུར། །མཁྲིས་པར་ལྡན་པས་ཚ་བར་འགྱུར། །ཞེས་བཤད་པ་ཡིན་ནོ་ཞེ་ན། འདིར་ལན་བརྗོད་པར་བྱ་སྟེ། །རླུང་གྲང་བ་དང་དྲོ་བ་མ་ཡིན་པ་ནི་བདེན་མོད་ཀྱི། དེ་ཟུང་དུ་འཇུག་པ་ཡིན་ཡང་དེ་ཙམ་གྱི་དྲོ་བས་གྲང་བའི་ངོ་བོ་ཉིད་མེད་པར་མི་འགྱུར་རོ། །རླུང་གི་མཚན་ཉིད་དུ་གྲང་བ་བཤད་པའི་དགོས་པ་ནི་འདི་ཡིན་ཏེ། འདི་ལ་དྲོ་བས་ཉེ་བར་ཞི་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་སྐད་སྨོས་པ་ཡིན་ནོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། མཁྲིས་པ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རླུང་མཁྲིས་བད་ཀན་གསུམ་གྱིས་ནད་ཀྱི་རྒྱུ་བྱེད་པའི་ཚུལ་དངོས་ནི། དུས་གདོན་ལ་སོགས་པའི་རྐྱེན་འགའ་ཞིག་གི་བྱེད་པ་ལ་བརྟེན་ནས་མཁྲིས་པའི་རང་བཞིན་འཁྲུགས་པར་གྱུར་པས་ནི་ལུས་ཟུངས་བདུན་དང་ཤུགས་ལས་དྲི་མ་རྣམས་ཀྱང་བསྲེག་པར་བྱེད་པ་ཡིན་ཏེ། རྒྱུ་གང་གི་སྒོ་ནས་ཞེ་ན་མཁྲིས་པ་ཞེས་བྱ་བའི་ནད་འདི་ནི་ངོ་བོ་མེའི་རང་བཞིན་ཅན་ཚ་བར་གནས་པས་ན་ལུས་ཀྱི་སྨད་ཀྱི་ཆ་རྒྱུ་མ་ལ་སོགས་པ་རྣམས་ན་གནས་ཤིང་ཞུགས་པར་གྱུར་ཀྱང་སྟོད་དུ་འབར་བར་བྱེད་པའི་ཕྱིར་ཚ་གྲང་གཉིས་ཀྱི་ཟླས་ཕྱེ་བའི་ཚ་བའི་ནད་ཀུན་ཀྱང་མཁྲིས་པ་འདི་ལས་མ་སྐྱེས་པ་མེད་དེ་ཆ་ཙམ་ཡང་སྲིད་པ་མ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་རྐྱེན་གྱིས་བད་ཀན་གྱི་རང་བཞིན་ཉེ་བར་འཁྲུགས་པས་ནི་ལུས་ཀྱི་མེ་དྲོད་སྤྱི་དང༌། ཁྱད་པར་ཕོ་བའི་མེ་དྲོད་འཇོམས་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བད་ཀན་ཞེས་བྱ་བའི་ནད་འདི་ནི་ས་དང་ཆུའི་རང་བཞིན་ཅན་ལྕི་ལ་བསིལ་བའི་མཚན་ཉིད་དང་ལྡན་པས་ན་ལུས་ཀྱི་སྟོད་ཀྱི་ཆ་མགོ་བོ་ལ་སོགས་པའི་ཡུལ་ན་གནས་ཤིང་ཞུགས་པར་གྱུར་ཀྱང་སྨད་དུ་ངང་གིས་ལྷུང་བར་བྱེད་པ་ཡིན་པའི་ཕྱིར།་ གྲང་བའི་ནད་ཀུན་ཀྱང་བད་ཀན་འདི་ལས་མ་སྐྱེས་པ་གཅིག་ཀྱང་མེད་དོ། །དེ་ལྟར་མཁྲིས་པ་དང་བད་ཀན་གཉིས་ཚ་གྲང་གི་ནད་སོ་སོའི་རྒྱུའི་གཙོ་བོ་ཡིན་ལ། རླུང་ནི་དེ་ལྟར་ཕྱོགས་སུ་མ་ཆད་པར་ནད་ཚ་གྲང་གཉིས་ཀའི་སྤྱི་ལ་ཁྱབ་བྱེད་ཀྱི་ཚུལ་དུ་འཇུག་སྟེ། དེ་ཡང་ཉི་མ་དེ་ཚ་བའི་ནད་ལྷན་ཅིག་པར་ལྡན་ན་ལུས་སེམས་ཟུངས་རྣམས་བསྲེག་པའི་གྲོགས་བྱེད་ཅིང་ཟླ་བ་སྟེ་གྲང་བའི་ནད་དང་ལྷན་ཅིག་པར་ལྡན་ན་བསིལ་བའི་གྲོགས་བྱས་ནས་མེ་དྲོད་ལ་སོགས་པ་འཇོམས་བྱར་བྱེད་ལ། མདོང་ན་ལུས་ཀྱི་སྟོད་སྨད་ཕྱི་ནང་མ་ལུས་པ་ཀུན་ཏུ་རྒྱུ་ཞིང་ཚ་གྲང་གཉིས་ཀ་རང་བཞིན་དུ་གནས་པའི་རང་དབང་མེད་པར་འཁྲུགས་ཤིང་སློང་བར་བྱེད་པ་སྟེ་དེ་བས་ན་རླུང་ཞེས་བྱ་བའི་ཉེས་པ་འདི་ནི་ཚ་གྲང་གཉིས་ལས་གྱེས་པའི་ནད་ཀྱི་རྣམ་གྲངས་མང་པོར་བཤད་པ་ཀུན་གྱི་ནང་ཚན་མ་ལུས་པ་མེད་པ་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་གཅིག་པུ་ཉིད་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།