སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་ཅུ་པ། གཟའི་གདོན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་བརྒྱད་ཅུ་པ། གཟའི་གདོན་གྱི་ནད་གསོ་བ།

ལེའུ་བརྒྱད་ཅུ་པ་གཟའ་གདོན་གསོ་བ་ལ་གསུམ། ཉ་པར་གདམས་པ་དང་། གཞུང་དོན་བཤད་པ་དང༌། ལེའུ་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། གཟའ་ཡིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཟའ་ནད་དེ་ལ་འཛིན་པའི་དུས། བརྟག་པའི་ཐབས་དང༌། བསྲུང་བའི་ཐབས་དང༌། བཅོས་ཐབས་དང་བཞིར་བསྟན་པའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། འཛིན་དུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཟླ་བ་གཅིག་གི་ནང་དུ་ཚེས་གྲངས་འདི་བརྒྱད་ལ་རྒྱུ་བའི་དུས་ཏེ་འདི་དག་ཏུ་འཛིན་པའོ། །གཉིས་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་ཐབས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ཡང་སྤྱིའི་རྟགས་དང་ཁྱད་པར་གྱི་རྟགས་དང༌། སྤང་བླང་གི་རྟགས་གསུམ་མོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་ནི། ཕྱི་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གཞོགས་བཤལ་བ་ནི། གཞོགས་གཡས་གཡོན་གང་ནས་བཟུང་ཕྱོགས་ཏེ་བྱ་བ་སྐམ་པའམ་སྒྱུར་བཤལ་བྱེད་པའོ། །གཉིས་པ་ཁྱད་པར་གྱིས་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཁྱད་པར་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། མེ་གཟའ་རྟགས་དང་ཆུ་གཟའི་རྟགས་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། མེ་གཟའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཆུ་གཟའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ལ་མེ་ཆུ་བརྟག་པ་ནི། ཕོ་ཡི་ལག་མཐིལ་གཡོན། མོ་ཡི་ལག་མཐིལ་གཡས་ཆོས་གསུང་མཁན་གྱི་སེན་རྗེས་ནོན་པར་བཏབ་པའི་རྗེས་སྔོ་ན་ཆུ་གཟའ། དམར་ན་མེ་གཟའ་ཞེས་སོགས་ཀྱང་འབྱུང་ངོ༌། །གསུམ་པ་ནི། སྤང་བླང་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་པ་རང་ཉིད་སྲུང་བ་དང་ནད་པ་སྲུང་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནི། རང་གི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། རང་སྲུང་གི་སྐེ་ཚེ་ཞེས་པར་སྐྱེ་ཚེ་ཞེས་ཀྱང་བྱ་སྟེ། རིགས་དཀར་ནག་གཉིས། དཀར་པོ་ལ་ཤང་རྩེ། ནག་པོ་ལ་སྐྱེ་ཚེ་ཞེས་བྱ་སྟེ། ལྡུམ་རར་སྐྱེ་དྲི་དུགས་རོ་ཚ་དབྱིབས་འོལ་མོ་འདྲ་བ་ལ་དེ་ལས་ནག་པའི་སྤུ་ཞོལ་ཅན་ཏེ། འཁྲུངས་དཔེར། སྐེ་ཙེ་ལོ་མ་ནག་ལ་རྩུབ། །སྡོང་པོ་མེ་ཏོག་འབྲས་བུ་གསུམ། །ཡུང་ནག་དག་དང་འདྲ་བ་ཡིན། །རོ་ནི་ཚ་ལ་རྩུབ་པ་ཡིན། །ནུས་པས་སྐྲངས་དང་ལྷོག་པ་འདུལ། །ཞེས་པ་དེའོ། །དཀར་ཕྲ་མེན་ཞེས་པ། ཁྱུང་སྐྱུག་གི་རིགས་ཡིན་པར་འདོད་ལ། དཔྱད་དོན་དུ། ཁྱུང་སྐྱུག་ཅེས་པ་རྒྱ་མཚོ་ཆེན་པོ་ནས། ཁྱུང་གི་ནོར་བུ་མིད་དེ་སྐྱུགས་པ་ཡིན། །འདི་ལ་རིགས་ལྔ་གཞི་གདན་ལྗང་སྐྱ་སྟེ། །དཀར་པོ་དམར་པོ་ལྗང་གུ་སེར་པོ་སྔོ། །ཁྲ་རིགས་དབྱེ་བས་དབྱེ་བ་རྣམ་པ་ལྔ། །གཞི་གདན་དཀར་ལ་ཁྲ་ཡོད་དཀར་ཁྲ་མེན། །དཀར་དམར་སེར་ལྗང་སྔོ་བའི་ཁྲ་ཡོད་ལྔ། །ཞེས་འབྱུང་ལ། སྨན་མིང་རྒྱ་མཚོར། རྡོ་དང་སྲོག་ཆགས་ལས་བྱུང་བའི་ནོར་བུ་བཅུའི་ནད་དུ། ཕྲ་མེན་གཟའ་ནད་མ་ལུས་འཇོམས། །ཞེས་གསུངས་པའི་མིག་གི་རི་མོ་དགུ་ཡོད་པ་དེའོ། །རྨིགས་བུ་ཞེས་པ་ནི་རྩངས་པ་འདྲ་བ་ལ་དེ་བས་ཆུང་བ་བྱེ་མ་མྱུ་གུ གཡང་ད་གཡང་ཆུང་ཞེས་པ་དེའོ། །སྔགས་བཟླས་ཞེས་པར་གསེར་མཆན་དུ། ཨོཾ་ཧཱུཾ་རུ་ལི་ཁྲ་དུ་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཞེས་པ་འདི་དང་གཞུང་དུ་གསུངས་པ་གཉིས་ཀ་བཟླས་སོ།།

        གཉིས་པ་ནད་པ་བསྲུང་བ་ནི། ནད་པའི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ནད་པའི་ཉེ་བསྲུང་བ་དང་སླར་མི་གནོད་པའི་བསྲུང་བ། རིང་བསྲེལ་ལ་སྨན་མིང་རྒྱ་མཚོར། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང༌། །མཆོད་ཅིང་ལུས་ལ་བཅངས་བ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་པ་དེ་དག་གང་རྙེད་དོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བཅོས་ཐབས་བཙོན་དུ་བཟུང་བ་དང༌། དངངས་སུ་འཇུག་པ་དང༌། ཟས་དང་སྤྱོད་ལམ་དང་ཁྲུས་ཆུ་དང་གཟའ་ཆོག་བྱ་ཐབས་བསྟན་པ་དྲུག་ལས། དང་པོ་ནི། ཟིན་པའི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། གཞན་ལ་འཕོ་མི་འཇུག་པར་བཙོན་དུ་བཟུང་བ་ནི། མོད་དུ་ཞེས་པ་ཟིན་ཕྲལ་གྱི་དོན་ནོ། །ཡུགས་སའི་ཞབས་མ་ཞེས་པ་ནི་དོར་རྟའམ་རྒྱབ་ཤམ་མོ། །ནད་པའི་མགོ་ཕུར་ཞེས་པ་མགོ་གཏུམ་པའོ། །ཀེ་ཏ་ནི་གཟའི་རང་སྙིང་ཡིན་པས་ཅི་མང་བཟླས། གུ་གུལ་ཆུར་སྦངས་པའི་ཁུ་བ་ལའང་སྔགས་དེ་བཏབ་སྟེ་ཁོང་དུ་གཏོང་བར་བྱའོ། །རྡོ་མཁྲིས་ནི་རྡོ་སེར་པོ་རོ་ཁ་བ་བཤད་རྒྱུད་དུ་རྡོ་མཁྲིས་རྩ་སྡོམས་ཞེས་པ་དེའོ། །གཉིས་པ་དངངས་སུ་བཞུགས་པ་ལ་གཉིས་དངོས་དང་ལོག་གནོན་གཉིས་ལས། དང་པོ་ལའང་གཉིས་ལས། དང་པོ་གཟའ་ལ་དེ་ནས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་མེ་དགྲ་ཆུ་ཡིན་པས་ནད་པས་མ་ཚོར་བར་ཆུ་རྫས་མེ་བདུན་སྡུད་ལ་སྟེང་ནས་བྲན་ནོ། །སྔར་ཤུལ་དབུལ་ཞེས་པ་ནི། འབྲོས་འདུག་ན་སྔར་ཉི་གྲིབ་མཚམས་སུ་བཞག་ཤུལ་དེར་དབུལ་ལོ། །གཉིས་པ་ནི། ཆུ་གཟའ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལོག་གནོན་བཤད་པ་ནི། དེས་ཀྱང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མ་ཕན་དེ་ལ་དེའི་ལོག་གནོན་གྱིས། །ཞེས་པ་གོང་གི་དགྲ་གཤེད་སྤྲད་པ་དེས་མ་ཕན་ན་དེ་ལ་དེའི་ལོག་གནོན་མེ་གཟའ་ལ་ཆུས་མ་ཕན་ན་མེས་བསྐོར། །ཆུ་གཟའ་ལ་མེས་མ་ཕན་ན་ཆུས་བྲབ་རོལ་མོ་དྲག་པོ་གང་མང་དང༌། ནད་པ་འབོལ་སྟེང་དུ་སྐྱུར་བ་དུས་གཅིག་ཏུ་བྱའོ། །གསུམ་པ་ནི། ཁ་ཟས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དཀར་ཆོས་བསྟེན་ཞེས་པར། ཤ་ཆང་སྒོག་བཙོང་དང་མ་འབྲེལ་བ། དཀར་མངར་གཙང་མ་བསྟན་པའོ། །བཞི་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྔ་པ་ནི། ཁྲུས་ཆུ་ཞེས་རྐང་པ་ལྔས་བསྟན་ཏེ། རྫས་དེ་དག་དང་ལྡན་པའི་ཁྲུས་ཆུ་དང༌། རྡོ་རྗེ་རྣམ་འཇོམས་དང་རྨེ་བརྩེགས་གཟའ་ཡུམ་དང༌། སོགས་ཁོང་ནས་གཞན་ཡང་བྱ་རྒྱུད་ནས་གསུངས་པའི་གཟུངས་ཁྲུས་དང་སྔགས་བྱིན་རླབས་ཅན་རྣམས་བསྔགས་ཏེ། སྔགས་དང་སྨན་དང་ནོར་བུའི་ནུས་པ་ནི་བསམ་གྱིས་མི་ཁྱབ་ཞེས་སོགས་སོ། །དྲུག་པ་གཟའ་ཆོག་ལ་གཉིས། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་སྤྱིའི་དགོངས་དོན་བཤད་པ་ནི། སེམས་ཉིད་འདུས་མ་བྱས་དེ་ཉིད་ནང་གསལ་གདོད་མའི་དབྱིངས་སུ་གནས་པ་ལ་ཐིམ་ལ་མ་རྨུགས་པ་གསལ་ལ་མི་འཕྲོ་བ་སོགས་རང་ངོ་སྤྲོས་པ་ཐམས་ཅད་དང་བྲལ་ཡང་ཡོན་ཏན་འཕྲིན་ལས་ལྷུན་གྲུབ་དུ་བཞུགས་པ་དེ་ལ་དྲི་བྲལ་གྱི་སེམས་ཉིད་ཅེས་བྱ་སྟེ། དེའི་རྣམ་འཕྲུལ་གཟུགས་སྐུར་བསྡུས་པ་ལ་དཀྱིལ་འཁོར་དང་དག་པའི་ཞིང་ཁམས་སོགས་ངོ་མཚར་དཔག་ཏུ་མེད་པ་འཆར་ལ། དེ་ཉིད་བཟུང་འཛིན་གྱི་དྲི་མ་དང་བཅས་པའི་སྣང་བའི་སྣང་ཆ་ལས་འགྲོ་བ་རིགས་དྲུག་སོགས་སྣ་ཚོགས་པར་སྣང་བ་ལས་ལྷ་ཞེས་མགོན་དུ་བཟུང་ནས་ཆགས་ཡུལ་བྱས། འདྲེ་ཞེས་གདོན་དུ་བཟུང་ནས་སྡང་ཡུལ་བྱས་པས་བག་ཆགས་གོམས་པའི་ལས་དང་བཅས་པའི་མཐུ་བརྟས་ནས་ཕན་གནོད་ལྟར་སྣང་ངོ༌། །དེ་ལ་གདོན་རིགས་ནི་ལས་རྣམ་རྟོག་གི་རྗེས་སུ་འབྲངས་པའི་སྣ་ཚོགས་དཔག་ཏུ་མེད་ཀྱང༌།

        གྲངས་སུ་བྱས་པ་གདོན་བརྒྱད་ཁྲི་བཞི་སྟོང་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། གཙོ་བོ་གོང་དུ་བསྟན་པའི་འབྱུང་བོའི་གདོན་བཅོ་བརྒྱད། སྨྱོ། བརྗེད་བྱེད། གཟའ། ཀླུ་རྣམས་དང༌། ཕྱོགས་སྐྱོང་བཅུའི་ཁོངས་སུ་གཏོགས་པ་རྣམས་སམ། སྲིད་པ་གཏེར་ཁྱིམ་དུ། ཕྱིའི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད་དམ། ཞེས་པ་རྣམས་ལས། འདིར་གཟའ་ལ། གཙོ་བོར་རཱ་ཧུ་ལ་ནི་སྒྲ་གཅན་ཏེ། སྔོན་ཚོང་དཔོན་ཞིག་དོན་མཐུན་མང་པོ་དང་བཅས་ཏེ་ཁེ་དོན་དུ་སོང་བ་ལས་འབྲོག་དགོན་པ་ཞིག་ཏུ་བྲང་བཏབ་བོ། དེར་དེ་བཞིན་གཤེགས་པའི་མཆོད་སྡོང་ཕུལ་དུ་ཕྱིན་པ་ཞིག་ཡོད་པ་ལས། དེའི་ནུབ་མོ་ཕྱོགས་དེར་མེ་བྱུང་བ་ཚོང་དཔོན་འཁོར་དང་བཅས་པས་ཁལ་རྣམས་ལ་ཆུ་སྐྱེད་དུ་བཅུག་ནས་མེ་བསད་ནང་པར་ནམ་ལངས་པ་དང༌། མཆོད་སྡོང་ལྟ་བས་ཆོག་མི་ཤེས་པ་དེ་མཐོང་བས། ཚོང་དཔོན་ཅུང་ཟད་དད་པ་སྐྱེས་ཏེ། དགེ་བ་འདི་བདེན་ན་བདག་སྲིད་པ་གསུམ་ན་ལུས་ཆེ་བ་ཞིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། སྨོན་ལམ་གྱིས་མཐུས་ཕ་ལྷ་སྲིན་མ་ཀླུ་མོ་ལས་སྐྱེས་པའི་བུ་གླིང་བཞིའི་ཕྱེད་ཁྱབ་ཅིང་སྲིད་པ་གསུམ་ན་ལུས་དང་མཐུ་ཆེ་བར་གྲགས། སེམས་དུལ་བར་མ་གྱུར་པས་གྲིབ་ཀྱིས་དུག་འཛིན་ཞིང་གནོད་པ་དང་བཅས་པར་སོང༌། ལན་ཅིག་དེས་ཟླ་བ་བཟུང་བ་ལས། གསང་བའི་བདག་པོས་རྡོ་རྗེ་བསྣུན་པས་ལུས་དུམ་བུ་བརྒྱད་དུ་སོང་བ་སྡེ་བརྒྱད་ཀྱི་སྡོང་ཟླ་དང་བཅས་པ་ལ། སྒྲ་གཅན་དུམ་བུ་བརྒྱད་དམ་གཟའ་བརྒྱད་རྒྱུ་དུས་བརྒྱད་སོགས་གྲུབ་པར་འདོད། འདི་ཡུམ་གྱི་ཆ་འཛིན་པས་སྨད་སྦྲུལ་དུ་ཡོད་པ་དང༌། གཟའ་ཀླུ་ཐུན་མོང་ཡིན་པས་ཀླུ་ཆོག་ཤས་ཆེར་དགོས་པ་ཡིན་ནོ། །འདི་དང་རིགས་མཐུན་ཉི་མ་སོགས་བདུན་ནི་གཙོ་བོ་སྟེ་སྤྲུལ་པའམ་འཁོར་ནི་མང་ངོ༌། །གཉིས་པ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། གཟའ་ཆོག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། གཟའ་གདོན་ལས་ཐར་བར་འགྲུབ་བྱེད་རྩིས་ཐབས་ཆོ་ག་ལ་གཏོར་མ་བྱིན་པ་དང༌། བྱད་དུ་བཅུག་པ་གྲོལ་བ་གཉིས་སོ།།

        གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ལ་ཡང་གཉིས། གཏོར་མ་བྱིན་པ་དང་ལྐུགས་པ་བསལ་བ་དང་གཉིས་ལས། དང་པོ་གཏོར་མ་བྱིན་པ་ནི། གང་ཡང་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དང་པོ་ཀླུ་ཆོག་རྒྱབ་བཅོས་ལ། ཞེས་པ། གཟའི་བཅོས་གང་བྱེད་ན་ཡང་དང་པོ་ཀླུ་ཆོག་རྒྱས་བསྡུས་གང་འགྲུབ་ཀྱིས་གཟའི་གདོན་རྒྱབ་ཀླུ་ཡིན་པས་དེ་བཅོས་ལ་སྡོངས་ཟླ་བསལ། དེ་རྗེས་དཀར་གཏོར་ཞིག་དང་དམར་གཏོར་ཞིག ཅེས་པ། གཟའ་ནི་ཀླུ་དང་སྲིན་པོ་གཉིས་ཀའི་ཆ་འཛིན་པས་དེ་མཐུན་གྱི་གཏོར་མ་ཡང་ཀླུའི་ཆ་ལ་དཀར་གསུམ་མངར་གསུམ་ལ་བྱས་པའི་གཏོར་མ་ཟླུམ་པོ་འཁོར་བརྒྱད་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར་བ་ཞིག །ལྷ་སྲིན་གྱི་ཆ་ལ་ཤ་ཁྲག་གིས་བརྒྱན་པའི་དམར་གཏོར་ཟུར་གསུམ་པ་འཁོར་བརྒྱད་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར་བ་ཞིག་བཤམས་ལ། དཀར་གཏོར་ལ་ཆུ་དང་དམར་གཏོར་ལ་ཆང་བྲན། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཞེས་པ་ལ། རྫའི་རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ཏུ། སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ལ་ཞེས་འབྱུང་བ་ལ། སྤྱིར་རྒྱུད་རྣམས་སུ་ཏིང་ངེ་འཛིན་སྔགས་དང་ཕྱག་རྒྱ་གསུམ་ཞེས་ཏིང་ངེ་འཛིན་ནི་ཇི་སྐད་བརྗོད་པའི་དོན་རྩེ་གཅིག་བསམ་ཞིང་གཞན་དུ་མ་ཡེངས་པ་སྟེ། འདིར་ཡི་དམ་གང་བྱེད་ཀྱི་མངོན་རྟོགས་ལས་ཚོགས་དང་བཅས་གསལ་བར་བྱེད་པའོ། །སྔགས་ནི་རྩ་སྔགས། ལས་སྔགས། སྙིང་པོ། ཉེ་སྙིང་རྣམས་གསལ་དག་འདོན་པའོ། །ཕྱག་རྒྱ་ནི་གང་དགོས་དེ་དང་ལྷན་ཅིག་པའི་དོན་ལུས་ཀྱིས་སྟང་སྟབས་བསྒྱུར་བ་སྟེ་གསུམ་གྱི་སྔ་མ་ཐ་མལ་དུས་ཀྱི་གནས་སྤངས་ནས། ཡི་དམ་སོགས་ཀྱི་རང་བཞིན་དུ་བྱེད་པའོ། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་བསྒོམ། དེ་ནས་ཐ་མལ་གྱི་ཞེན་པ་སྦྱང་དོན་དུ། སྭ་བྷཱ་བས་སྟོང་བར་སྦྱངས། དེའི་ངང་ལས་གཏོར་མ་དང་མཆོད་རྫས་རྣམས་བྷཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུཾ་ལས་ངོ་བོ་བདུད་རྩིའི་རྣམ་པ་གང་ལ་གང་དགོས་བདེ་བའི་ཡོ་བྱད་དཔག་ཏུ་མེད་པར་བསམ། མངོན་པར་བྱང་ཆུབ་པ་ལྔ་ལས་རང་ཉིད་ཡི་དམ་གང་མོས་སུ་བསྐྱེད་དམ། སྐད་ཅིག་གཅིག་གིས་པད་ཟླའི་གདན་ལ་རལ་གྲི་མུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལ་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རལ་གྲི་དང་གླེགས་བམ་འཛིན་པ་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཟེར་དཔག་མེད་འཕྲོ་བར་བསྒོམས་པའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿ དམར་པོ་ཐུགས་ཀར་ཧཱུཾ་མཐིང་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར་པའི་སྤྱི་བོར་ཧཱུཾ་ཡིག་ཞུ་བ་ཐིམ་པས་ལུས་ཐམས་ཅད་ལ་རྡོ་རྗེའི་གོ་ཆ་གྱོན་པར་བསམས་ལ། ཨོཾ་ཝཱ་གྷིའ་ཤྭ་རི་མུཾ། ཅི་རིགས་པར་བཟླས་དེ་ནས་གཏོར་མ་ལ་དམིགས་ཏེ་ཐལ་མོ་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་བྱ། ཨོཾ་སྭ་བྷ་ཝ་བི་ཤུདྷེཿ སརྦ་དྷ་རྨཱ་སྭ་བྷཱ་ཝ་བི་ཤུདྷོ་ཉཧཾ། ཞེས་མ་དག་པ་སྦྱངས་ནས་སྟོང་པ་ཉིད་དུ་བསམ་ལ། སྙིམ་པ་སྦྱང་བའི་སོར་ཚིགས་བསྣོལ་བ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ བི་ཤྭ་མུ་ཁེ་བྷྱེཿ  སརྦ་ཐཱ་ཁཾ་ཨུངྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པ་མགྲོན་རྣམས་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ནམ་མཁའ་གང་བར་བསམ་ཞིང༌། ཐལ་མོ་སྦྱར་བ་བསྐྱེད་དེ་མཐེ་བོང་བསྣོལ་བ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། དེ་ནས་གཡས་རྡོ་རྗེ་རྩེ་ལྔ་སྙིང་གར་བཅས་གཡོན་མཆོད་སྦྱིན་འདེགས་པ་ལྟར་བྱས་པ་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་དང༌།

        ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾབྷ་ར་སཾབྷ་ར་ཧཱུཾ། ཞེས་པས་འཕགས་པ་ཐམས་ཅད་ཀྱི་སྤྱན་སྔར་མཆོད་སྤྲིན་མཐའ་ཡས་དང༌། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟས་མི་ཤེས་པར་བསམ། དེ་ནས་གཡོན་རྡོ་རྗེས་ཁུ་ཚུར་སྙིང་གར་བཞག་གཡས་མཆོག་སྦྱིན་མཛད་པ་ཡེ་ཤེས་སྐར་མདའི་ཕྱག་རྒྱ་བྱ། ཨོཾ་ཛྙྰ་ན་ཨ་ཝ་ལོ་ཀེ་ཏ་ན་མཿ ས་མནྟ་སྤར་ཎ་སྨིསཾ་བྷྰ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལ་ནི་ཧཱུཾ། ཞེས་པས་ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པས་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་སེམས་ཅན་ལ་བྱིན་པས་ཡོ་བྱད་ལ་རྩོད་པ་མེད་ཅིང་མཐུན་པའི་ཡིད་དང་ལྡན་པར་བསམ། དེ་ནས་རྡོ་རྗེ་བསྡེམ་པ་དང་བཅས་བསྒྱུར་བ་དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ལ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཉྩ་ཏི་མཧཱ་ས་མ་ཡ་སྭཱཧཱ། ཞེས་པས་ཐམས་ཅད་ཀྱང་དམ་ཚིག་ལ་གནས་པས་ཕན་པ་དང་བདེ་བའི་འཕྲིན་ལས་འབའ་ཞིག་བསྒྲུབ་པར་བསམས་ཏེ་ཕྱག་རྒྱ་ཕྱོགས་བཅུར་བསྟན་ཅིང་སྔགས་རྣམས་ལན་གསུམ་བརྗོད་པར་བྱའོ། དེ་ནས་དཀོན་ཅོག་སྲི་ཞུའི་མགྲོན་ལ་འབུལ། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་དམ་བསྐོང༌། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང༌། བགེགས་རིག་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་སྦྱང༌། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་གཏོར་གླུད་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བརྗོད་དོ། །མཇུག་ཏུ་གུ་གུལ་གྱིས་ནད་པ་བདུག་ཅིང་ཀེ་ཏ་མང་དུ་བཟླས། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། དེ་རྗེས་སྔགས་ཀྱིས་གཟའ་ལ་གཏོར་མ་སྦྱིན། ཞེས་པ་ལ་གསེར་མཆན་དུ། ཨོཾ་ཡག་ཤཾ་ཕཊ་བ་ལིཾ་ཏ་པཱུ་ཛ་ཁ་ཧི། དུར་ཤཾ་ཕཌ། སེ་ཤཾ་ཕཊ། ཕག་ཤཾ་ཕཊ། ཕེ་ཤཾ་ཕཊ། ཨེ་ར་ཤཾ་ཕཊ། ཤར་ཤཾ་ཕཊ། ཏྲག་ཤཾ་ཕཌ། ཙ་ཤཾ་ཕཌ་བ་ལིཾ་ཏ་ཁཱ་ཧི། ཞེས་འབྱུང༌། སྨྲང་གིས་དཀྲོལ་ལ་ཞེས་པ་ལ་རྫོང་འཕྲང་དང་མཆན་གཉིས་ཀར་རཱ་ཧུ་ལས་གཟུང་བ་ཐོང་ཞིག །བཅིངས་པ་ཁྲོལ། རྒྱབ་པ་ཐོན་ཞིག །ཅེས་གཟའ་བརྒྱད་ཀ་ལ་བསྐྱར་རོ་ཞེས་འབྱུང་པས་ལག་ལེན་ལ། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། ཏྲག་ཤཾ་ཕཊ། ཙ་ཤཾ་ཕཊ། བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི། རྭ་ཧུ་ལ་ཡིས་ཆེ་གེ་མོ་བཟུང་བ་ཐོང༌། བཅིངས་པ་ཁྲོལ། རྒྱབ་པ་ཐོན་ཞེས་བྱ། དེ་ནི་དུ་ཡག་ཤཾ་གྱིས་ཉི་མ། དུར་ཤཾ་གྱིས་ཟླ་བ། སེ་ཤཾ་གྱིས་སྤེན་པ་སྟེ་གོང་གི་རིགས་འགྲེའོ། །གཏོར་མ་སྐྱེལ་དུ་གཏང་ཞེས་པ་ལ་རྫོང་མཆན་གཉིས་ཀར། གཏོར་མ་སྐྱེལ་མི་རྟ་དམར་ཞུར་ལ་སྐྱོན། གྲིབ་ཀྱི་སེ་བ་ལྡུམ་བུའམ་སྒྲོ་མགོ་ལ་བཙུགས། འཇགས་མའི་ཞྭ་མོ་བཀོན། དེའི་ཉིན་གྱིས་གཟའ་དང་བསྟུན་པའི་གོས་གཡོགས། ལག་གཡས་སུ་དམར་གཏོར། གཡོན་དུ་དཀར་གཏོར་བསྐུར་ལ་ཀེ་ཏ་བཟློས་སུ་བཅུག །མི་དམར་པོས་རྟ་སྣ་ཁྲིད། རི་ཐག་གང་ཉེ་བའི་རྐེད་པར་བསྐྱལ། རྒྱུ་དུས་དང་བསྟུན་པའི་གཏོར་མ་གཏོར་གླུད་དང་བཅས་པ་དེར་བཞག་ཕྱི་མིག་མི་ལྟ་བར་ལོག་གོ་ །དེ་རྗེས་སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་སོགས་ཀྱི་ཆོས་བཤད། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་བོ་ས་འོག་རྒྱུ་བ་དང༌། །ཞེས་སོགས་ཀྱིས་ཕྱིར་བསྐྲད། དམིགས་མེད་དུ་བསྔོས་ཤིང་བརྗོད་པ་རྣམས་སྤྱི་འགྲོ་ལྟར་བུ།

        གཉིས་པ་ལྐུགས་པ་བསལ་བ་ནི། དེ་ཤུལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གཏོར་མ་སྐྱེལ་སོང་བའི་ཤུལ་དུ་ཤུག་པའི་ཤིང་ལེབ་ཆེ་བ་ཞིག་དང་ནད་པ་རྒྱབ་སྤྲད་དུ་སྦྲགས། སྲིའུ་བྱུག་པ་ལ་བརྡེག་ཅིང་ཁ་ཤ་སྭ་ཁ་ཤ་ཞེས་རྫོང་ཞིང་ནད་པ་ལ་གཏམ་ཁ་དྲིས་པས་གཏམ་ལན་བརྗོད་ཅིང་དྲན་པ་རྙེད་པར་འགྱུར་རོ། །གཉིས་པ་བྱད་འགྲོལ་པ་ལ་གསུམ། སྔོན་དུ་འགྲོ་བ་དང༌། དངོས་གཞི་གཞུང་ལ་འཇུག་པ་དང༌། རྗེས་ཀྱི་བྱ་བ་དང་གསུམ་མོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཉིན་པར་གཏོར་མ་བྱིན་པ་དེའི་ནུབ་མོ་གཟའི་བྱད་བཀྲོལ་ཏེ། སླ་ང་བུག་རྡིལ་མེད་པ་ཆུ་ཡིས་བཀང་པའི་ཁ་སྟེང་དུ། ཟན་ལ་གཟའ་བརྒྱད་ཀྱི་གཟུགས་ལ་ཁ་དོག་སོ་སོར་བསྒྱུར་པ་ནི། སླ་ངའི་ཤར་དུ་ཉི་མ་དམར་པོ་པདྨ་བསྣམས་པ། ལྷོ་རུ་ཕུར་བུ་སེར་པོ་པོ་ཏི་བསྣམས་པ། ནུབ་ཏུ་ཟླ་བ་དཀར་པོ་ཀུ་མུད་བསྣམས་པ། བྱང་དུ་ལྷག་པ་སེར་པོ་ཨུལ་བསྣམས་པ། ཤར་ལྷོར་མིག་དམར་དམར་པོ་མེ་དཔུང་བསྣམས་པ། ལྷོ་ནུབ་ཏུ་རཱ་ཧུ་ལ་ནག་པོ་བུམ་པ་བསྣམས་པ། ནུས་བྱང་དུ་པ་སངས་དཀར་པོ་པདྨ་བསྣམས་པ། བྱང་ཤར་དུ་སྤེན་པ་སྔོན་པོ་དབྱུག་པ་བསྣམས་པའོ། །སླ་ངའི་ཁ་ལྡང་གི་ཆུའི་ནང་དུ་ཆུ་ལ་ཁ་བསྟན་ལ་བཞག །རང་རང་གི་མིང་དང་སྙིང་པོ་བྲིས་ལ་གླན་ཅེས་པ་ཤར་གྱི་ཉི་མ་ལ་མིང་ཉི་མ་སྙིང་པོ་ཡག་ཤཾ་ཕཊ། དེ་བཞིན་དུ་ཟླ་བ་ལ་དུར་ཤཾ་ཕཊ། མིག་དམར་སེ་ཤཾ་ཕཊ། ལྷག་པ་ཕག་ཤཾ་ཕཊ། ཕུར་བུ་ཕ་ཤཾ་ཕཊ། སྤེན་པ་ཕར་ཤཾ་ཕཊ། རཱ་ཧུ་ལ་ཏྲག་ཤཾ་ཕཊ་ཙ་ཤཾ་ཕཊ། ཅེས་སོ་སོའི་སྙིང་གར་བྲིས་ལ་བླན་ནོ། །ཆུ་ནང་དུ་གཟུགས་ཀྱི་གྲིབ་མ་འོང་པར་བྱ། ནད་པར་བྱད་ཐག་བཏགས་ལ་གཟུགས་དང་སྦྲེལ་བ་ནི། བྱད་ཐག་སྔོ་དམར་རམ་གཟའ་སོ་སོའི་མདོག་གི་བྱད་ཐག་ནད་པའི་ན་ཕྱོགས་ཀྱི་སྲིན་ལག་དང་གཟུགས་རྣམས་སྦྲེལ། སླ་ངའི་ཕྱོགས་བཞིན་ཡར་མེ་བཞི་བཞག་པས་གཟུགས་རྣམས་ཀྱི་གྲིབ་མ་ཆུ་ནང་དུ་འོང་ལ། ཡང་ན་འབུམ་ཆེན་ཁུ་ཚུར་ལས། ལུང་བ་མི་གཅིག་པ་དགུའི་ཁང་པའི་ས་བླང་ལ་ལུང་པ་དགུའི་ཆུ་བླང་ཏེ་སྦྲུས་པའི་འཇིམ་པར་མི་གཟུགས་མཐོ་བཞི་རེ་ཡོད་པ་བཞི་བཟོས་ཕྱོགས་བཞིའི་ཁ་དོག་དང་མཐུན་པ་བྱས་ནད་པའི་ཕྱོགས་བཞིར་བཞག །སླ་ང་ཆུས་བསྐང་ལ་ནད་པ་ཧུབ་ཀྱིས་འཇལ་དུ་གཞུག མིང་རུས་མི་མཐུན་པ་བཞིས་ཀེ་ཀེ་བཟླ་ཞིང་ཕྱོགས་བཞིར་རྒྱལ་པོ། གཞན་ཡང་མདོས་སོགས་རྒྱས་པར་བྱེད་ན་བཙུན་པ་དགུའི་མདོས། ནག་པོ་བདུད་ཀྱི་མདོས། དྲག་པོ་བཙན་གྱི་མདོས། སྤྱིར་བཙན་གྱི་སྡེར་མདོས། །གཤིན་རྗེའི་ཁྲམ་མདོས། སྲོག་བདག་རྒྱལ་མདོས། ཀླུ་བདུད་ཀྱི་སྤྱི་མདོས། སྲིན་པོའི་མདོས་ཕྲན། གཟའི་གསང་མདོས། གཟའ་དང་རྒྱུ་སྐར་གྱི་མདོས། མ་མོ་ནག་སྨུག་གི་མདོས་སོགས་རྒྱས་པར་འབུམ་ཁུ་ཚུར་དུ་གསལ་བས་དེར་རྟོགས་པར་བྱའོ།།

        གཉིས་པ་དངོས་གཞི་ལ་འཇུག་པ་ནི། ཨོཾ་ཀེ་ཏ་ཞེས་རྐང་པ་གཉིས་དང་སྔགས་རྐང་དགུ་དང་རྐང་པ་བཞི་རྣམས་ཀྱིས་བསྟན་ཏེ། དེ་ནས་བསྲུང་བཅོས་མཁན་གྱིས་སྐད་ཅིག་དྲན་རྫོགས་སུ་རྣམ་འཛོམས་གསལ་གང་སྔགས་མང་དུ་བཟླས་པའི་རྗེས་ལ། ཨོཾ་ཀེ་ཏ་ཀེ་སྭཧཱ་ཏྲག་ཤཾ་ཕཊ་ཙ་ཤཾ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་བཟླས། གཟའ་རཱ་ཧུ་ལའི་བྱད་ཁྲོལ་ཞིག་བྱད་ཐག་ཆོད་ཅིག སྨྲང་གི་བཀྲོལ་ལ་ར་ཧུ་ལའི་བྱད་ཐག་བཅད་ལ་ཆུ་ནང་བསྐྱུར་རོ། །དེ་བཞིན་དུ་ཀེ་ཏའི་རྗེས་ལ་ཕག་ཤཾ་ཕཊ་ཀྱིས་ཉི་མ། དུར་ཤཾ་ཕཊ་ཀྱིས་ཟླ་བ། སེ་ཤཾ་ཕཊ་ཀྱིས་མིག་དམར། ཡག་ཤཾ་ཕཊ་ཀྱིས་ལྷག་པ། ཕེ་ཤཾ་ཕཊ་ཀྱིས་ཕུར་བུ། ཕར་ཤཾ་ཕཊ་ཀྱིས་པ་སངས། ཤར་ཤཾ་ཕཊ་ཀྱིས་སྤེན་པའི་བྱང་ཁྲོལ་ཅིག་བྱད་ཐག་ཆོད་ཅིག་སོགས་བརྗོད་ལ་བྱད་ཐག་བཅད་ཅིང་ཆུ་ནང་བསྐྱུར་རོ། །གསུམ་པ་ནི། རྫས་སྣོད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སླ་ངའི་རྫས་རྣམས་ཆུ་ནང་དུ་བྱོལ་ཐོ་རངས་ལུང་ཆུའི་གཞུང་ལ་བསྐྱལ་ལོ། །སླར་ཡང་ཚེས་བཞི་སོགས་རྒྱུ་དུས་རྣམས་སུ་གཟའ་ཆོག་ནི་བཤད་མ་ཐག་པ་འདི་ཉིད་ལན་རེ་བྱའོ། །ལྔ་པ་ཕྱིར་མི་ལྡོག་པའི་ཐབས་ནི། མི་ལྡོག་ཅེས་རྐང་པ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། མི་ལྡོག་པའི་ཐབས་ལ་ཟིན་ནས་ཞག་བདུན་ནས་ཀླུ་བརྒྱད་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བྱས་ཏེ། སླར་ཡང་དང་པོ་ཟིན་པའི་ཚེས་གྲངས་སམ་ཟླ་བའི་དུས་ཀྱི་ཉིན་ཞག་དེར་རྒྱུ་ཕྱོགས་སུ་བོང་བུའམ་ཕུག་རོན་གསོན་པོ་གཏོར་མ་བསྐུར་བའི་གླུད་དང་བཅས་པ་བཏང་ངོ༌། །རྒྱུ་དུས་རྒྱུ་ཕྱོགས་ནི་གཟའ་རྩིས་རིན་ཅེན་འཁོར་ལོའི་ལུང་ལས། ཚེས་གཅིག་ཉི་མ་དམར་ཐག་ཆད་དུས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །གཉིས་ཉི་དྲོས་ཤར་ནས་ནུབ་ཏུ། གསུམ་ཉི་དྲོས་ལྷོ་ནུབ་ནས་བྱང་ཤར་དུ། བཞི་སྲོད་དུས་ནུབ་ནས་ཤར་དུ། ལྔ་ཉི་ཕྱེད་བྱང་ནས་ལྷོ་རུ། དྲུག་སྲོད་ལ་ནུབ་བྱང་ནས་ཤར་ལྷོར། བདུན་ནམ་གུང་ལ་བྱང་ནས་ལྷོ་རུ། བརྒྱད་སྔ་དྲོ་ཤར་ནས་ནུབ་ཏུ། དགུ་སྐྱ་རེངས་ཤར་དུས་ལྷོ་ནས་ནུབ་བྱང་དུ། བཅུ་སྐྱ་རེངས་ཤར་དུས་ལྷོ་ནས་བྱང་དུ། བཅུ་གཅིག་ནམ་གུང་བྱང་ནས་ལྷོ། བཅུ་གཉིས་ཉི་དྲོས་ནུབ་ནས་ཤར་དུ། བཅུ་གསུམ་ཉི་མ་དམར་ཐག་ཆད་དུས་བྱང་ནས་ལྷོ་ནུབ་ཏུ། བཅུ་བཞི་སྐྱ་རེངས་ཤར་ལྷོ་ནས་ནུབ་བྱང་དུ། བཅོ་ལྔ་ཉིན་ཕྱེད་ལྷོ་ནུབ་ནས་བྱང་ཤར་ལ། བཅུ་དྲུག་སྲོད་ལ་བྱང་ཤར་ནས་ལྷོ་ནུབ་ཏུ། བཅུ་བདུན་ཉི་མ་ཕྱེད་ལ་ནུབ་ནས་ཤར་དུ། བཅོ་བརྒྱད་ནམ་ཕྱེད་ཡོལ་ལ་ཤར་ནས་ནུབ་ཏུ། བཅུ་དགུ་ཉི་མ་ཕྱེད་ཡོལ་ལ་ལྷོ་ནས་བྱང་དུ། ཉི་ཤུ་ནམ་ཕྱེད་ཤར་ལྷོ་ནས་ནུབ་བྱང་དུ། ཉེར་གཅིག་གི་ཕྱེད་ལ་ནུབ་ནས་ཤར་དུ། ཉེར་གཉིས་ཕྱེད་ཡོལ་བྱང་ནས་ཤར་ལྷོ། ཉེར་གསུམ་ནམ་ཕྱེད་བྱང་ནས་ཤར་ལྷོ། ཉེར་བཞི་ཉི་ཕྱེད་བྱང་ནས་ཤར་ལྷོ། ཉེར་ལྔ་ཐོ་རངས་ལྷོ་ནས་བྱང་དུ། ཉེར་དྲུག་ནམ་གུང་ཤར་ནས་ནུབ་ཏུ། ཉེར་བདུན་ཉིན་གུང་ལྷོ་ནུབ་ནས་བྱང་ཤར་དུ། །ཉེར་བརྒྱད་ལ་ཉི་མ་གཅིག་ལ་དུས་བཞིར་བགོས་པའི་ཐོ་རངས་ཤར་ནས་ལྷོ་ནུབ་ཏུ། ཉི་དྲོས་ལྷོ་ནས་བྱང་དུ། ཉིན་གུང་ནུབ་བྱང་ནས་ཤར་ལྷོ། སྲོད་དང་ཕྱེད་ཡོལ་ཤར་ནས་ནུབ་ཏུ། ཉེར་དགུ་ལ་ཉི་མ་དམར་ཐག་ཆད་ནས་བྱང་ནས་ལྷོ་ནུབ་ཏུ། གནམ་གང་ཐོ་རངས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །ཡང་ཉིན་ཞག་གཅིག་ལ་རྒྱུ་དུས་དང་ཕྱོགས་ནི། ཞོགས་ཕྱེད་ནུབ་བྱང་ནས་ཤར་ལྷོ། དྲོས་ཆེན་བྱང་ཤར་ནས་ལྷོ་ནུབ། ཉིན་གུང་ཤར་ལྷོ་ནས་ནུབ་བྱང༌། གུང་ཡོལ་ལ་ཤར་ནས་ནུབ་ཏུ། ཉི་མཚམས་ལྷོ་ནས་བྱང་དུ། སྲོད་ལ་ནུབ་ནས་ཤར། ནམ་གུང་བྱང་ནས་ལྷོར་རྒྱུ་སྟེ་དུམ་བུ་བརྒྱད་དོ། །རྒྱུ་དུས་འགྲོ་ཕྱོགས་སུ་ལས་བཏང་ཞིང༌། བཟློག་དུས་དང་གདོང་ཐུག་འཛེམ་མོ། །ཞེས་བཤད་དོ། །ནད་པ་སོས་པའི་རྗེས་སུ་སྲུང་བ་ཕ་ཝཾ་ཆོ་ལོ་ནི། ཕོ་རོག་རྡོ་ཤོ་ཞེས་བྱ་སྟེ་རྡོ་གྲུ་བཞི་པའོ། །དེ་འདྲ་བརྒྱད་ཀྱིས་མཐའ་སྐོར། དཀར་ཕྲ་མེན་དབུས་སུ་བཞག་པའི་སྲུང་བ་དང༌། ཡུངས་ཀར་ལ་རྣམ་འཇོམས་དང་ཨོཾ་ཀེ་ཏ་ཀེ་ཏ་སཱཧཱ་མང་དུ་བཟླས་པའི་ཡུངས་ཀར་ཐུམ་བུ་སྐེ་རུ་གདགས། དེ་ཡིས་ཕྱིར་མི་ལྡོག་ཅིང་བརྟན་པར་ངེས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བརྒྱད་ཅུ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།