སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་བཞི་བཅུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>


ལེའུ་བཞི་བཅུ་པ། གཉན་ནད་ནང་ཚན་འཛུམ་བུ་ལྟག་དགྱེད་བཅོས་པ།

གཉན་རིམས་བརྒྱུད་བབས་འཛུམ་བུ་ལྟག་དགྱེའི་ནད། །རྒྱུ་རྐྱེན་དབྱེ་བ་སྤྱི་ལས་འདིར་མི་སྤྲོ། །འོན་ཀྱང་རྟགས་སྲུང་བཅོས་པ་གསུམ་གྱིས་བསྟན། རྟགས་དང་མངོན་ཚུལ་གཉན་ཚད་སྤྱི་བཞིན་སྟེང༌། །སྙིང་མི་དགའ་ལ་འཕྲལ་དུ་ལུས་སྟོབས་འཆོར། །དྲི་ཆུ་ཁྲག་གམ་མར་ནག་ལྟ་བུར་འབྱུང༌། བཟུང་བས་མི་ཐུབ་ལྟག་པ་དགྱེད་དགྱེད་འགྲོ  །དྲུག་བདུན་ཞག་ལ་འཛུམ་བཅས་འཆི་བ་མང༌། །སྲུང་བྱེད་ལས་སྐར་རྒྱལ་ལ་ཡིག་འབྲུ་འདི། 

ཁྱུང་ལྔས་དྲིལ་ལ་ཨ་ནི་བརྒྱ་རྩ་བགྲངས། །མཆིལ་མས་གདོང་བཀྲུ་ཐོ་རངས་ལྔ་ལྔ་ཟ། །ཟླ་རེ་ཐུབ་ཅིང་ན་དུས་བསྟེན་ཀྱང་འཕྲོད། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་བཞི་སྟེ། །སྨན་ནི་དང་པོ་ཕུར་ནག་གླ་གུལ་དང༌། །ཕག་བྲུན་རྒྱ་སྐྱེགས་བཙོད་དང་སྟག་ཤའི་ཐང༌། །ཞི་བྱེད་བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང༌། །ཕུར་ནག་སྤྲུ་ནག་གསང་སྨན་བསྣན་པ་ཡི། །སྨན་ནད་ཐོན་ངེས་ལན་འགའ་བཏང་བ་བསྔགས། །ཡང་ན་སྨན་ཆེན་དང་ནི་ཤུག་ཚེར་ཅན། །གླ་རྩི་གུ་གུལ་སྟག་ཤ་ཕུར་མོང་ནག །ལྡོང་རོས་ཤ་ཆེན་ཤུ་དག་ཨ་རུ་ར། །སྤྲུ་ནག་དྲི་ཆེན་སྦྱར་བ་དྲི་ཆུས་དབུལ། །གཉན་ནད་ཀུན་དང་ཁྱད་པར་འཛུམ་ལྟག་དགྱེད། །འཇོམས་པའི་རྒྱལ་པོའི་སྦྱོར་བ་རྡོ་རྗེ་ཞེས། །ཚད་སྟོབས་ཆེ་ན་བོང་དཀར་ཁྲག་རྐང་དང༌།  །གསེར་མེ་གླ་སྒང་ཧོང་ལེན་ཏིག་ཏ་བསྣན། །རླུང་རྟགས་ལྡན་ན་སྒོག་ཐལ་སྲད་དཀར་དང༌། །ཀྱི་ལྕེ་ཕག་རིལ་ཚུལ་ལྡན་བསྲེགས་པའི་ཐལ། །གྲང་སྟོབས་གར་ནག་རྩ་ལྔ་ཛཱ་ཏི་སྦྱར། །ཚ་གྲང་རང་རང་སྐབས་ཐོབ་ལྟག་པ་སྤྲད། །ཚིགས་པ་དྲུག་བདུན་ལྟག་པའི་སྡུད་སྒོ་རྣམས། །རླུང་རྟགས་ཆེ་ན་ལྕགས་ཀྱི་ཏེལ་པས་བསྲེག །ཡང་ན་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང༌། །ཟས་སྤྱོད་རྗེས་གཅོད་གཉན་ཚད་སྤྱི་དང་མཐུན། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་ནང་ཚན་འཛུམ་བུ་ལྟག་དགྱེད་བཅོས་པའི་ལེའུ་སྟེ་བཞི་བཅུ་པའོ།།



 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།