སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།



ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།
 

ལུས་ཀྱི་འདྲ་དཔེ་གསུངས་པའི་རྗེས་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་དང་བཅས་པའི་འཁོར་རྣམས་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། གྲུབ་པ་ལུས་ཀྱི་གནས་ལ་མདོ་དོན་བདུན་ཡོད་པའི་ནང་ནས་ཆགས་ཚུལ་དང་འདྲ་དཔེ་གཉིས་བཤད་ཚར་ནས། །ད་ནི་གསུམ་པ་ལུས་ཀྱི་གནས་ལུགས་ཞེས་བྱ་བའི་ལེའུ་འདི་ལྟར་བསྟན་པར་བྱའོ། །དེ་ལ་རྣམ་པ་བཞིས་སྟོན་ཏེ། །ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས་བསྟན་པ་དང༌། འབྲེལ་པ་རྩའི་གནས་ལུགས་བསྟན་པ་དང༌། གཉན་པ་གནད་ཀྱི་གནས་ལུགས་བསྟན་པ་དང༌། རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་རྣམས་ཤེས་པར་བྱའོ།།

ལྡང་ཚད་ཅེས་བྱ་བ་ནི། གཟུགས་ཆེ་ཆུང་དང༌། རྒན་གཞོན་སོགས་རང་རང་གི་ནད་ཟུངས་དྲི་མ་རྣམས་ཚད་དུ་ལོངས་པའི་དར་མ་རྣམས་ལ་བྱ་ཞིང༌། དར་མ་དེ་ལས་འདས་པའི་རྒན་པོ་ལ་རླུང་སོགས་ཚད་ལས་འཕེལ་ཞིང་ཟུངས་གཞན་རྣམས་ཕལ་ཆེར་ཟད་པར་འགྱུར་བ་དང༌། གཞོན་པའི་བྱིས་པ་རྣམས་ལ་ནི་སོ་དང་ཁུ་བ་སོགས་འགའ་ཞིག་ཚད་བཞིན་མེད་པ་དང༌། ལུས་ན་བའི་ཚེ་ན་འཕེལ་ཟད་འཁྲུགས་པ་གང་རུང་དུ་གྱུར་པའི་དོན་གྱིས་སོ། །དེ་ལྟར་ཡང་སྔ་མ་སྤྱིར་བསྟན་པའི་དབང་དུ་བྱས་ན། ཟླ་ཟེར་ལས། འདིར་སྙིམ་པ་དང་ཁྱོར་བ་ཞེས་སྨོས་པ་ནི་རང་རང་གི་ལག་པའི་ཚད་ཀྱི་ཆེ་ཆུང་ལ་བྱ་ཞིང༌། སྲང་ཚད་ཀྱི་ཡི་གེ་ལས་སྨོས་པ་ལྟར་སྲང་བཞི་དང་སྲང་གཉིས་ལ་ནི་མི་བྱ་སྟེ་འདིར་རང་གི་ཞེས་སྨོས་པའི་ཕྱིར། དེ་ལ་སྙིམ་པ་ནི་ལག་པ་གཉིས་སྦྱར་བ་ལས་འབྱུང་བའོ། །ཁྱོར་བ་ནི་ལག་པ་གཅིག་སྐྱོར་ཏེ་བཞག་པའོ་ཞེས་བཤད་ལ། ཕྱི་མ་དམིགས་ཀྱིས་བསལ་བའི་དབང་དུ་བྱས་ནས། རང་འགྲེལ་ལས་སྙིམ་པའི་ཚད་ནི་སྲང་གཉིས་ལ་ཁྱོར་བ་གང་སྲང་བཞི་ལ་སྙིམ་པ་གང༌། གོང་དུ་སྨོས་པའི་ཚད་བསྟན་པ་དེ་དག་ནི་ནད་མེད་ཐ་མལ་པར་འདུག་པ་ལ་བཤད་ཀྱི། ཁམས་མ་སྙོམས་པ་ལ་ནི་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སློབ་མས་བླ་མ་བཀག་པར་འགྱུར་ཞིང༌། བླ་མས་དོན་ཇི་ལྟ་བ་མི་མཁྱེན་པ་སོགས་ཀྱི་སྐྱོན་ཡང་ཡོད་དེ། །དེ་ལ་སློབ་དཔོན་གྱིས། རྐང་དང་ཚིལ་དང་ཞག་གཅིན་དང༌། །མཁྲིས་པ་བད་ཀན་ཕྱི་ས་ཁྲག །དྭངས་མ་ཆུ་རྣམས་ལུས་གནས་འདི། །སྙིམ་པ་རེ་རེས་བསྐྱེད་པར་བྱ། །མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །ཞེས་གསུངས་པ་ལས། རང་འགྲེལ་དང་མཐུན་པ་ཟླ་ཟེར་ལས་ཀྱང༌། ལུས་ལ་རྐང་ནས་ཆུའི་བར་དག་གང་ཡོད་པ་ནི་སྙིམ་པ་རེ་རེས་བསྐྱེད་པར་བྱ་སྟེ། དེ་ཡང་རྐང་ནི་སྙིམ་པ་ཕྱེད་དོ། །ཚིལ་ནི་སྙིམ་པ་གཉིས་སོ། །ཞག་ནི་སྙིམ་པ་གསུམ་མོ། །གཅིན་ནི་སྙིམ་པ་བཞིའོ། །མཁྲིས་པ་ནི་སྙིམ་པ་ལྔའོ། །བད་ཀན་ནི་དྲུག་གོ། ཕྱི་ས་ནི་བདུན་ནོ། །ཁྲག་ནི་བརྒྱད་དོ། །དྭངས་མ་ནི་དགུའོ། །ཆུ་ནི་སྙིམ་པ་བཅུའོ་ཞེས་དང༌། མདངས་ལ་སོགས་པ་གསུམ་པོ་རེ་རེ་བཞིན་ཡང་ཁྱོར་བ་རེ་རེ་ཡོད་པ་སློབ་དཔོན་དག་གིས་བཤད་དོ་ཞེས་པ་དང༌། འདིའི་སྐབས་ཀྱི་ཆུ་ཞེས་པ་ནི་ཆུ་སེར་དང༌། ཀླད་རྒྱས་ཞེས་པ་ནི་ལྷ་བ་ཡིན་པ་རང་འགྲེལ་ལས་བཤད་དོ། །འོན་ཀྱང་གཞུང་འདི་ཉིད་དང་ཚུལ་ཕལ་ཆེར་མི་མཐུན་ལ། བྱེ་བྲག་ཏུ་མཁྲིས་པ་བད་ཀན་གྱི་ལྡང་ཚད་ཁྱད་པར་ཤིན་ཏུ་ཆེ་བ་བྱུང་བས་འགལ་བ་སྤང་མ་ནུས་སོ།།

ནད་ཟུངས་དྲི་མ་རྣམས་ཀྱི་དང་པོར་སྨོས་པའི་རླུང་གི་ལྡང་ཚད་ནི། རང་རང་གི་ལྒང་ཕུག་གང་ཙམ་གྱི་ཚད་དུ་ཡོད་ལ། དེ་བཞིན་དུ་མཁྲིས་པའི་ལྡང་ཚད་ནི་སྐྱེས་པ་རང་གི་གསང་གནས་ཀྱི་སྒྲོ་བ་གང་དང༌། བད་ཀན་གྱི་ལྡང་ཚད་ནི་རང་གི་སྙིམ་པ་གསུམ་གསུམ་དུ་ཡོད་པའི་དོན་ནོ། །ཁྲག་དང་ཕྱི་ས་གཉིས་ཀྱི་ལྡང་ཚད་ནི་སྙིམ་པ་བདུན་བདུན་དང༌། གཅིན་དང་ཆུ་སེར་གཉིས་ཀྱི་ལྡང་ཚད་ནི་སྙིམ་པ་བཞི་བཞི་དང༌། ཞག་དང་ཚིལ་བུའི་ལྡང་ཚད་ནི་སྙིམ་པ་དོ་དོ་དང༌། ཕོ་མོ་གཉིས་ཀའི་ལུས་ཀྱི་མདངས་དང༌། སྐྱེས་པའི་ཁུ་བ་དཀར་པོ་གཉིས་ཀྱི་ལྡང་ཚད་ནི་ཁྱོར་བ་རེ་རེ་དང༌། ཀླད་པའི་ལྡང་ཚད་ནི་རང་གི་སྙིམ་པ་གང་དང༌། ཤའི་ལྡང་ཚད་ནི་སྤར་ཚད་ལྔ་བརྒྱ་སྐྱེས་པ་ལ་ཡོད་དེ། བུད་མེད་ལ་ནི་དེའི་སྟེང་དུ་བརླ་ལ་བཅུ་དང་ནུ་མ་ལ་བཅུ་སྟེ་སྤར་ཚད་ཉི་ཤུས་ལྷག་པ་ཡིན་ནོ། །འདིར་མ་སྨོས་ཀྱང་ཡན་ལག་བརྒྱད་པར། བུད་མེད་ནུ་ཞོ་སྙིམ་དོ་དང༌། །ཟླ་མཚན་སྙིམ་པ་བཞི་ཡིན་ནོ། །ཞེས་བུད་མེད་ལ་ཁམས་དཀར་དམར་གྱི་ཆ་དེ་ཙམ་གྱིས་ལྷག་པར་འགྱུར་རོ། །དེ་ལྟར་བཤད་པ་དེ་རྣམས་ན་ཚོད་རྒན་གཞོན་དང་གཟུགས་ཆེ་ཆུང་ཚོ་རིད་སོགས་སྤྱིར་བཏང་བའི་དབང་དུ་མཛད་པ་ཡིན་ནོ།།

རུས་པའི་ལྡང་ཚད་གཙོ་ཆེ་བའི་དབང་དུ་བྱས་ནས་ཐོད་པ་དང༌། ལྟག་པ་དང་སྣའི་ཁྲུང་ཁྲུང་དང་སོ་དང༌། མ་མགལ་ཏེ་མགོ་ལ་ལྔ། སྒལ་ཚིགས་དང༌། དེའི་བྱ་འདབ་དང༌། གཞུག་ཏོ་དང༌། དཔྱི་རུས་དང༌། སོག་པ་དང༌། སྒྲོག་རུས་དང༌། བྲང་རུས་དང༌། རྩིབ་མ་དང༌། ལྷ་རུ་རྩེ་སྟེ་ལུས་སྤྱི་ལ་དགུ། དཔུང་རྐང་དང་རྗེ་ངར་དང༌། ལག་མགོའི་རུས་པ་སྟེ་ལག་པ་ལ་གསུམ། བརླ་རྐང་དང༌། ལྷ་ང་དང་རྗེ་ངར་དང༌། སྲེ་ལོང་པ་དང༌། རྐང་མགོའི་རུས་པ་སྟེ་རྐང་པ་ལ་ལྔ། རྐང་ལག་གཉིས་ཀའི་སེན་མོ་དང་བཅས་པའི་ཡན་ལག་ལ་དགུ་སྟེ། རུས་པའི་རིགས་མི་འདྲ་བ་ཉི་ཤུ་རྩ་གསུམ་ཡོད་དོ། །བཤད་མ་ཐག་པའི་རུས་པའི་རིགས་ཉི་ཤུ་རྩ་གསུམ་པོ་དེ་ལས་ཆ་ཤས་མང་བ་རྣམས་ཅུང་ཟད་ཕྱེ་ན། སྒལ་ཚིགས་ཞེས་པ་ལ་འཕང་ལོའི་རྣམ་པ་དང་འདྲ་བའི་དུམ་བུ་མེ་དམིགས་ཀྱི་གསང་ཨན་སྟོང་དང་བཅས་ཉི་ཤུ། སྐེ་ལ་འཕང་ལོ་ལྔ་ཐུར་སེལ་གྱི་གསང་མན་ལ་གཞུག་ཐུང་གསུམ་སྟེ་ཁྱོན་ཉི་ཤུ་རྩ་བརྒྱད་ཡོད་པ། རྩིབ་མའི་གྲངས་ལ་ནི་ཉི་ཤུ་རྩ་བཞི་ཡོད་དེ། སྒལ་ཚིགས་ཀྱི་གཡས་སུ་བཅུ་གཉིས་དང་གཡོན་དུ་བཅུ་གཉིས་ཡོད་པས་སོ། །སོའི་གྲངས་ནི་སོ་སོ་སྐྱེ་བོ་ཕལ་ཆེར་ལ་སྨྲ་ལ་གཅེས་པའི་མདུན་སོ་བརྒྱད། རབ་མཛེས་མཆེ་བ་བཞི། གཅོད་བྱེད་འགྲམ་སོ་གཉིས་འབྲེལ་ཉི་ཤུ་སྟེ་སུམ་ཅུ་རྩ་གཉིས་སུ་མཆིས་ལ། སངས་རྒྱས་རྣམས་ལ་ནི་ཚེམས་བཞི་བཅུར་མཉམ་པར་བཤད་དོ། །རུས་པའི་དུམ་བུ་ནི། དགའ་བོ་མངལ་གནས་ལས། རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང༌། །མགོ་ཐོད་རུས་པ་དགུ་འདུས་ཤིང༌། །འགྲམ་པའི་རུས་པ་གཉིས་འདུས་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན།། དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩེ་གཉའ་བའི་རུས་པ་དང༌། །རྐན་དང་སྣ་ཡི་རུས་པ་དང༌།། བྲང་དང་མིད་པའི་རུས་པ་དང༌། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་མཇིང་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས།། འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་བཞི་ཆར་ཡོད། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེས་པ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་དེ། །ལྷག་མ་གཞན་ནི་འབྲེལ་པ་མེད།། གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡུས་ན་སུམ་བརྒྱ་དྲུག་ཅུ་ཡོད། །རུས་ཚིགས་ཕན་ཚུན་འབྲེལ་ནས་ནི། །སེམས་ཅན་ལུས་ནི་འགྲུབ་ཡིན་ཞེས། །ཡང་དག་སངས་རྒྱས་མཁྱེན་པ་ཡིས། །བདེན་པའི་ཚིག་ཏུ་གསུངས་པ་ཡིན། །ཞེས་བྱ་བས་གསལ་བར་བསྟན་ཏེ། དེ་ཡང་མགོ་ལ་དུམ་བུ་དགུ་པར་བརྩིས་པའི་རུས་རིགས་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་རྒྱུད་དང་མཐུན་པར་ཐོད་པ་དུམ་བུ་བཞི་པར་བརྩིས་པའི་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་འདྲེན་པ་སྟེ་ད་ལམ་བཞི། འགྲམ་པ་གཉིས་སོ་སུམ་ཅུ་རྩ་གཉིས་དང༌། དེའི་རྩ་བ་སོ་གཉིས། རྣ་བའི་རུས་པ་ནས་མིད་པའི་རུས་པའི་བར་ལ་རུས་རིགས་ཉི་ཤུ། མིག་རུས་གཉིས་གཉིས་ཏེ་བཞི། སོར་མོ་དང་བཅས་པའི་ལག་པ་ལ་ཉི་ཤུ་རྩ་ལྔ་ཕྲག་གཉིས་ཏེ་ལྔ་བཅུ། ཕྲག་པ་དང་མཇིང་པ་ལ་གཉིས་གཉིས་ཏེ་བཞི། ལྟག་རྒྱབ་ལ་བརྒྱད་དང༌། སྒལ་ཚིགས་པ་སུམ་ཅུ་སོ་གཉིས། དེའི་གྲངས་བཞིས་བསྒྱུར་བས་སོ་གཉིས་ཚན་པ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་བརྒྱད་རྩིབ་ལོགས་གཉིས་ལ་རྩིབ་ཆུང་རེ་བཅས་བཅུ་གསུམ་བཅུ་གསུམ་སྟེ་ཉེར་དྲུག རྐང་པ་སོར་མོ་དང་བཅས་པ་ལ་ལྔ་བཅུ་སྟེ་ཐམས་ཅད་བསྒྲིལ་བས་རུས་པའི་དུམ་བུ་སུམ་བརྒྱ་དང་དྲུག་ཅུར་ཡོད་པར་གསུངས་སོ།།

ཚིགས་ནི་ལུས་ཀྱི་ཡན་ལག་བཞི་པོ་ལ་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད་དེ། དེ་ཡང་ལག་པ་ལ་དཔུང་ཚིགས་དང་གྲུ་མོའི་ཚིགས་དང་མཁྲིག་མའི་ཚིགས་གཉིས་ཏེ་དྲུག རྐང་པ་ལ་དཔྱིའི་ཚིགས་དང་པུས་མོའི་ཚིགས་དང༌། སྲེ་ལོང་གི་ཚིགས་གཉིས་ཏེ་དྲུག་གོ །དེ་ལས་གཞན་པའི་ཚིགས་ཕྲན་བུ་ནི། ལག་པར་སོར་མོ་ལྔ་ལ་གསུམ་རེ་དང་གྲུ་མོ་མཁྲིག་མ་གཉིས་ཀྱི་ཚིགས་ཆེན་ལོགས་ཚིགས་ཆུང་རེ་བཅས་སོ་བཞི། དེ་བཞིན་རྐང་པའི་སོར་མོ་རྣམས་ལ་གསུམ་རེ། པུས་ལོང་གཉིས་ལ་ཚིགས་ཕྲན་རེ་བཅས་སོ་བཞི་སྟེ་ཡན་ལག་བསྡོམས་པས་རེ་བརྒྱད། ལུས་ལ་རྩིབ་མ་ཉེར་དྲུག སྒལ་ཚིགས་ལ་ཉེར་བརྒྱད། ཕྲག་པ་དང་མཇིང་པ་ལ་གཉིས་གཉིས་ཏེ་བཞི། ལྟག་རུས་ལ་གཅིག་སྟེ་ང་དགུ། མགོ་ལ་འགྲམ་པ་ལ་ཡས་མས་གཉིས་རེས་བཞི། སོ་རྩ་བར་སོ་གཉིས། མིག་རུས་ལ་བཞི། མཁུར་ཚོས་ལ་རེ་དང་མིག་སྲུབས་ལ་གཅིག རྣ་བ་ནས་མིག་གི་བར་རུས་ཉི་ཤུ་ཡོད་པར་ཚིགས་ལོག་པོ་འགྲོ་དགོས་པས་བཞི་བཅུ་སྟེ། མགོ་ཚིགས་གྱ་གསུམ་འགྲིག བསྒྲིལ་བས་ཉིས་བརྒྱ་དང་ནི་རྩ་བཅུ་ཡོད་པའོ། །ལྔ་བཅུ་ནི་ཡི་གེ་ཉམས་པ་སྟེ་ཡན་ལག་བརྒྱད་པར། ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། ཅེས་པ་དང་འགྲེལ་པ་སོགས་མཐུན་ནོ། །ཆུ་བ་བཅུ་དྲུག་ནི། རྐང་ལག་ལ་བརྒྱད་དེ། རྐང་པར་སྒྱིད་ཆུ་གཉིས། རྟིང་ཆུ་གཉིས། ལག་པར་གྲུ་མོ་གཉིས། མཁྲིག་མའི་གཉིས་ཏེ་རྐང་ལག་བསྡོམས་པས་བརྒྱད། སྒལ་པར་བཞི་ནི་སྒལ་ཚིགས་པའི་ཕན་ཚུན་གྱི་ཆུ་བ་གཉིས། སྒལ་པའི་ནང་དུ་གཉིས་ཏེ་བཞི། མཇིང་པར་ཆུ་ལེབ་གཉིས། ཞལ་ལུང་དུ་མགྲིན་ཆུ་བཤད་ཀྱང་གཞན་ནས་མ་དོན་པས་ཕྱི་རྒྱུད་བསྲེག་ལེར། ཕོ་མཚན་མི་ལྡང་ས་བོན་ལུག་པ་ལ། །ནང་ལོང་ཐད་དྲངས་གདོང་གི་ཆུ་བར་བསྲེག །ཟེར་བ་གཉིས་ཏེ་བཅུ་དྲུག །རྒྱུས་པ་ནི་ནམ་ཚོང་ཡན་ལ་སུམ་བརྒྱ། ཡན་ལག་བཞི་ལ་དོན་ལྔ་རེས་སུམ་བརྒྱ། ལུས་བྱིངས་ལ་སུམ་བརྒྱ་སྟེ་དགུ་བརྒྱ་མཆིས་པ་དང༌། སྐྲའི་ཉག་མ་རེ་རེ་ནས་བགྲངས་ན་ཉིས་ཁྲི་ཆིག་སྟོང་སྟེ། བ་སྤུའི་བུ་ག་ནམ་ཚོང་ཡན་ལ་ས་ཡ་བདུན། ལུས་བྱིངས་ལ་བྱེ་བ་གཅིག་དང་ས་ཡ་བཞི། ཡན་ལག་རེར་ས་ཡ་གསུམ་རེ་དང་འབུམ་ལྔ་རེ་སྟེ་བྱེ་བ་གསུམ་དང་ས་ཡ་ལྔའི་གྲངས་སུ་མཆིས་པ་དང་སྙིང་ལ་སོགས་པའི་དོན་ལྔ་ནི་སྙིང༌། གློ་བ། མཆིན་པ། མཆེར་པ། མཁལ་མ། ཕོ་བ་ལ་སོགས་པའི་སྣོད་དྲུག་ནི་ཕོ་བ། རྒྱུ་མ། ལོང༌། མཁྲིས་པ། ལྒང་པ། བསམ་སེའམ་མངལ་མིག་ལ་སོགས་པའི་དབང་པོའི་བུ་གའི་སྒོ་ནི་སྣ་བུག་གཉིས། རྣ་བའི་བུ་ག་གཉིས། མིག་གཉིས། ཁ་གཅིག རྐུབ་བམ་བཤང་ལམ་གཅིག ཕོ་མཚན་གྱི་བུ་ག་གཅིག་སྟེ་དགུ་ཡོད། བུད་མེད་ལ་བཅུ་གཉིས་འཛམ་གླིང་ཆུང་ངུ་ལ་གནས་པའི་མི་རྣམས་ཀྱི་རང་ལུས་ཀྱི་ཚད་ནི་སོ་སོའི་འདོམ་གང་གྲུ་བཞི་སྟེ་དེ་ལས་ཞན་པའི་གཟུགས་ངན་པ་རྣམས་ལ་རང་གི་ཁྲུ་ཕྱེད་དང་བཞི་ཞེས་སོ།།

དེའི་རྗེས་སུ་འབྲེལ་པ་རྩའི་གནས་ལུགས་བསྟན་པར་བྱ་བ་ལ་ནི་སྤྱིར་རྩའི་དབྱེ་བ་ལ་ཁམས་ཀྱི་དབང་གིས་རྣམ་པ་གསུམ་དུ་འགྱུར་བ་དང༌། གྲངས་ཀྱི་སྒོ་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་བདུན་ཁྲི་ཉིས་སྟོང་དང༌། དེ་ལས་ཀྱང་ཕལ་ཆེར་བྱེ་བ་ཕྲག་ཕྱེད་དང་བཞིར་གྱེས་ཤིང༌། མདོར་ན་ལུས་འདི་ཉིད་གོང་བུ་གཅིག་མ་ཡིན་པར་རྩའི་རང་བཞིན་ཅན་དྲ་བའམ་དྲུ་བུ་འཛིངས་པ་ལྟར་གནས་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད།། ཅེས་དང༌། དགའ་བོ་མངལ་གནས་ཀྱི་དོན་བསྡུས་པར། དེར་གནས་ལུས་ཀྱི་ཕྱོགས་བཞི་ལས། །རྩ་ལྔ་ཡལ་ག་བཅུ་བཅུ་སྟེ། །རེ་རེའང་ཡལ་ག་བརྒྱ་བརྒྱ་འོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེ་ནི་སྲིན་བུ་བརྒྱད་ཁྲི་དང༌། །མི་གཙང་རྫས་ནི་དུ་མས་གང༌། །ཞེས་དང༌། དུས་ཀྱི་འཁོར་ལོའི་དོན་བསྡུས་པར། །དེ་ལས་ཕྲ་བའི་རྩ་རྣམས་ནི། །བྱེ་བ་ཕྲག་ནི་ཕྱེད་དང་བཞི། །བ་སྤུ་སྐྱེད་པར་བྱེད་པ་ཡིན། །ཞེས་དང༌། དེ་ལྟར་རྩ་ཡི་མཚན་ཉིད་ཤེས། །ལུས་ཀྱི་མཚན་ཉིད་ཤེས་པར་འགྱུར། །ཞེས་སོགས་གལ་ཆེ་ཞིང་གྲངས་སོགས་བསམ་ལས་འདས་ཀྱང་གསོ་བ་རིག་པ་འདིར་ཐོག་མར་ཆགས་པའི་རྩ་དང༌། སྲིད་པའི་རྩ་དང༌། འབྲེལ་བའི་རྩ་དང༌། ཚེ་གནས་པའི་རྩ་དང་རྣམ་པ་བཞིའི་སྒོ་ནས་བསྟན་པར་བྱའོ།།

དེ་ལ་འདིར་རྒྱུད་སྡེ་ནས་གསུངས་པ་རྣམས་དང་མཐུན་པའི་དབུ་མ་རོ་རྐྱང་དང་རྩ་འཁོར་སོགས་གསོ་བ་རིག་པ་ལ་དངོས་སུ་བཤད་ན་གསང་སྔགས་འབྲས་བུའི་ཐེག་པ་ཉིད་དུ་འཁྲུལ་དོགས་ཏེ་སྦས་པའི་གཤིས་སྔ་རབས་ཕལ་ཆེར་སྒོམ་དོན་གྱི་དབང་དུ་བྱས་པ་ཡིན་གྱི་ཐ་མལ་གྱི་ལུས་ལ་མེད་ཟེར་བ་དང་ཡོད་ན་ཤི་བའི་ལུས་ལ་མངོན་སུམ་སྣང་དུ་རུང་བ་ལ་མི་སྣང་བ་ཡང་རྩ་རླུང་ཐིག་ལེ་རྣམས་སེམས་ཀྱི་རྟེན་ཡིན་པས་གསོན་པོར་ཡོད་ནས་ཤི་ནས་རྣམ་ཤེས་དང་ལྷན་དུ་སྟོན་ཀའི་འཇའ་ཚོན་ལྟར་ཡལ་འགྲོ་ཟེར་བ་རྣམས་ནི་དུས་ཀྱི་འཁོར་ལོ་དང་ཀུན་ཏུ་ཁ་སྦྱོར་རྣལ་འབྱོར་ཆེན་པོའི་རྒྱུད་སོགས་མ་རྟོགས་པའི་བླུན་ཚིག་ཁོ་ན་དང༌། བྱང་ཟུར་གཉིས་ཀྱིས་མཚོན་ཙམ་རགས་པར་བཤད་པ་ལྟར་ལ་ཕྲ་བའི་གནད་དང་བཅས་ཏེ་བརྗོད་པར་བྱ་བ་ནི་སྲོག་རྩའམ་དབུ་མ་དེ་ནི་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་དོན་གྱིས་ན། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། །ཞེས་པ་ལྟར། ལྟེ་བ་ཡན་ཆད་ཀྱི་དབུ་མ་ཆགས་ཚུལ་སོར་ཚད་སོགས་གོང་དུ་ལེའུ་གཉིས་པར་བཤད་པ་ལྟར་ཡིན་ལ། ཚིག་འདི་ནི་རིམ་པ་བཞིན་དུ་རྐྱང་མ་དང་རོ་མ་དང་ལྟེ་འོག་མན་ཆད་ཀྱི་དབུ་མ་རྣམས་སྟོན་པ་ཡིན་ཏེ། བད་ཀན་སྐྱེད་པ་ལ་སོགས་པ་རྩ་དེ་ནི་ཆུའི་ཁམས་རྒྱུ་བའི་རྐྱང་མ་དང༌། མཁྲིས་པ་ལ་སོགས་པ་སྐྱེད་པར་བྱེད་པའི་རྩ་དེ་དག་ནི་མེའི་ཁམས་རྒྱུ་བའི་རོ་མ་དང༌། རླུང་ལ་སོགས་པ་སྐྱེད་པའི་རྩ་དེ་ནི་རླུང་གི་ཁམས་དང་ལྡན་པའི་རྩ་དེ་ལྟེ་འོག་མན་ཆད་ཀྱི་དབུ་མའི་ཆ་གང་ཡིན་པ་དེ་དག་རྣམས་སོ། །རོ་རྐྱང་གི་མར་སྣ་གཉིས་པོ་ཤུགས་ལ་བསྟན་པས། ལྟེ་བའི་གོང་འོག་གཉིས་ཀར་རྩའི་རྩེ་མོ་གསུམ་དུ་འབྱུང་བ་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་དང་སྦྱོར་བ་ཡིན་ཏེ། དང་པོའི་སངས་རྒྱས་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པ་སྟེ། །ཟླ་བའི་རྩེ་མོ་གཡོན་པ་འོ། །ཆུ་དང་མེ་དང་ནམ་མཁའ་རླུང༌། །གཡས་གཡོན་དབུ་མའི་མར་སྣ་ནས།། བཤང་བ་གཅི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་དང༌། འགྲེལ་ཆེན་ལས། བདུད་རྩི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ཞེས་པ་ལ་བདུད་རྩིའི་རྩ་ནི་དཔྲལ་བའོ། །དེར་སོན་པ་ནི་བདུད་རྩི་གནས་སུ་སོན་པ་སྟེ། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །དེ་རྣམས་ཀྱང་ལུ་གུ་རྒྱུད་དུ་བཅིངས་པས་ལྟེ་བ་དང་སྙིང་གའི་བར་དུ་ལམ་གསུམ་བྱས་ནས་སླར་ཡང་ཨ་ཝ་དྷཱུ་ཏྰིའི་དབུས་སུ་སྙིང་གའི་ལྟེ་བ་ཕུག་ནས་འགྲོའོ། །ལ་ལ་ནཱ་དང་ར་ས་ནཱ་ནི་གཡོན་དང་གཡས་ཀྱི་འདབ་མར་རབ་ཏུ་རྒྱུ་བས་སོ། །དེ་ནས་སྙིང་ག་དང་མགྲིན་པའི་བར་དུ་སླར་ཡང་ལམ་གསུམ་བྱས་ནས་འགྲོའོ།། དེ་བཞིན་དུ་མགྲིན་པ་དང་དཔྲལ་བའི་བར་དུ་ལམ་གསུམ་དང༌། དཔྲལ་བ་དང་གཙུག་ཏོར་གྱི་བར་ལམ་གསུམ་སྟེ་དེ་ལྟར་ལམ་གསུམ་བཞི་བྱས་ནས། ལ་ལ་ནཱ་ནི་སྣ་གཡོན་པའི་བུ་ག་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆའི་མཐར་འགྲོ་སྟེ་ནང་གི་ལེའུ་ལས་གསུངས་སོ། །ར་ས་ནཱ་ནི་གཡས་ནས་སོ། །ཨ་ཝ་དྷཱུ་ཏཱི་ནི་ཅིག་ཅར་སྣ་བུག་གཉིས་ནས་འགྲོའོ།། དེ་བཞིན་དུ་འོག་ཏུ་ལྟེ་བ་དང་གསང་བའི་འོག་ཏུ་ལམ་གསུམ་བྱས་ནས་བཤང་བ་དང་གཅི་བའི་བར་ནས་ནི་གཡོན་དང་གཡས་ནས་སོང་སྟེ་གསང་བའི་པདྨ་ལ་དབུས་སུ་དུང་ཅན་མའི་རྩའོ། །གསང་བའི་པདྨའི་འོག་ཏུ་དྲི་ཆེན་གྱི་རྩ་དབུས་ནས་འགྲོ་སྟེ་རྟགས་སམ་བྷ་ག་ལ་གཡོན་ནས་གཅི་བའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ། །དེ་ལྟར་ནི་རྩའི་རིགས་མཐའ་དག་བསྡུ་ན་རླུང་རྩ་ཁྲག་རྩ་ཆུ་རྩ་གསུམ་དུ་འདུས་ཤིང༌། དེ་ཡང་རླུང་རྩ་ཐམས་ཅད་དབུ་མ་དང༌། ཁྲག་རྩ་ཐམས་ཅད་རོ་མ་དང༌། ཆུ་རྩ་ཐམས་ཅད་རྐྱང་མ་ལས་གྱེས་པ་འབའ་ཞིག་ཡིན་པས་འཐད་པ་དང་བཅས་པའོ། འོ་ན་རླུང་ཁྲག་འདྲེས་པའི་རྩ་རྣམས་གང་ལས་གྱེས་སྙམ་ན། དེ་ནི་འཕར་རྩ་དེ་རོ་རྐྱང་དབུ་གསུམ་ག་སྙིང་གི་རྩ་བར་འདུས་པ་ལས་ཉོན་མོངས་པའི་ཡིད་རྒྱུ་བའི་བུ་གའི་དབང་གིས་སྙིང་འཕར་བར་བྱེད་ལ། དེའི་དོན་གྱིས་སྙིང་དང་གཙོ་བོར་འབྲེལ་བའི་རྩ་ཐམས་ཅད་དུ་རླུང་ཁྲག་འདྲེས་པར་རྒྱུ་ཞིང༌། རྩ་ཡང་འཕར་བ་སྟེ། རྩ་དེ་རྣམས་གཉན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་སྐབས་སུ་རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་རྩ་ནི་ལྟེ་བའི་དབུས་ཀྱི་རྩ་དེ་ལས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་ཡིན་ནོ། །དེ་ལྟར་གྱེས་པའི་རྩ་དེ་ལས་གཅིག་སྟེ་ཆུ་འམ་ཟླ་བའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་གཡོན་ཕྱོགས་ནས་བརྒྱུད་དེ་སྙིང་ག་དང༌། མགྲིན་པ་དང་སྤྱི་བོ་སྟེ་འཁོར་ལོའི་ལྟེ་བ་རྣམས་སུ་འདུས་ཤིང༌། གཞན་དག་ཏུ་གྱེས་པའི་ཚུལ་གྱིས་གྱེན་ལ་སོང་བའི་རྩ་དཀར་པོ་དེ་ཉིད་ལ་བརྟེན་ནས་ཀླད་པ་ཆགས་ཤིང༌། ཀླད་པ་ནི་གཏི་མུག་དང་བད་ཀན་གཉིས་ཀའི་ཉེར་ལེན་དང༌། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་གཏི་མུག་ཀྱང་ཀླད་པར་བརྟེན་ནས་གནས་པ་ལྟར་སྣང་བ་ཡིན་ཏེ། རྨོངས་ཤིང་ལྕི་འཐིབས་སོགས་མགོ་བོ་ལས་འབྱུང་བ་ཤས་ཆེར་མཐོང་བའི་ཕྱིར། གཏི་མུག་དེ་ལས་བད་ཀན་བསྐྱེད་པས་ན་རྒྱུ་རྐྱེན་འབྲས་བུ་གསུམ་ག་སྟོད་ན་གནས་པར་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རྩ་གསུམ་པོ་དེ་ལས་གཅིག་སྟེ་ཁྲག་གམ་མེའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་བར་མཆིན་པའི་ལུང་ཆེན་དུ་དངས་མ་ལེན་པའི་རྩ་ལ་ཟུག་སྟེ། དེའི་ཡལ་ག་ཚིགས་པ་བཅུ་པར་སོང་བ་དེ་ལ་བརྟེན་ནས་སྲོག་རྩ་ནག་པོ་ཡན་ལག་དང་བཅས་པ་ཆགས་ལ། ཁྲག་ནི་ཞེ་སྡང་དང་མཁྲིས་པ་གཉིས་ཀའི་ཉེར་ལེན་དང༌། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་ཞེ་སྡང་ཡང་སྲོག་རྩ་ནག་པོ་དང་ཁྲག་ལ་བརྟེན་ནས་འབྱུང་བའི་ཚུལ་གྱིས་གནས་ཤིང༌། ཞེ་སྡང་དེ་ལས་མཁྲིས་པ་བསྐྱེད་པས་དེའི་ཕྱིར་རྒྱུ་རྐྱེན་འབྲས་བུ་གསུམ་ག་བར་ན་གནས་པ་ཡིན་ཏེ། ཞེ་སྡང་གློ་བུར་དུ་སྐྱེ་བའི་ཚེ་ལུས་ཀྱི་བར་ཉིད་ནས་འཁྲུག་ཅིང་སྐྱེ་བར་མཐོང་བས་སོ། །བར་དུ་ཟུག་པའི་རྩ་དམར་པོ་དེ་དངོས་ནི་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ལྟེ་བར་འདུས་ཤིང་གཞན་དུ་གྱེས་པའི་ཚུལ་གྱིས་སོང་བ་ཡིན་ནོ། །ཡང་རྩ་གསུམ་པོ་དེ་ལས་གཅིག་སྟེ་རླུང་ངམ་ཡེ་ཤེས་ཀྱི་ཁམས་རྒྱུ་བ་ཞིག་ལུས་ཀྱི་དབུགས་དྲང་ཐད་ནས་གྱེན་དུ་སོང་བའི་ཚུལ་གོང་དུ་བཤད་ཟིན་ལ། དེའི་རྩེ་མོ་གཅིག་སྟེ་འོག་ནས་ཐུར་དུ་ཟུག་པ་དེ་ལས་བདེ་བའི་ཁམས་རྒྱུ་བའི་དོན་གྱིས་གསང་བའི་གནས་ཆགས་ཏེ། ཁུ་བ་ནི་འདོད་ཆགས་དང་རླུང་གཉིས་ཀའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས། འདོད་ཆགས་ནི་ཕོ་མོ་གཉིས་ཀའི་གསང་བར་གནས་པའི་ཚུལ་དུ་མཐོང་སྟེ་དེ་ལས་རླུང་སྐྱེད་པའི་ཕྱིར། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་གསུམ་ཀ་ལུས་ཀྱི་སྨད་ན་གནས་པ་ཡིན་ལ། དོན་འདི་གནས་དང་བྱེད་པའི་དབང་ཁོ་ན་བཙན་པ་ལས་བྱུང་བར་མངོན་ནོ།།

དེ་ནས་སྲིད་ཅེས་པ་དེ་ཉིད་དངོས་པོ་འགའ་ཞིག་ལ་བརྟེན་ནས་གནས་པའི་དོན་ཡིན་ཏེ། དཔེར་ན་རྒྱལ་པོ་རྟག་ཏུ་གནས་པའི་གཞི་དེ་ལ་རྒྱལ་སྲིད་ཅེས་ཟེར་བ་ལྟར། འདིར་ཡང་དབང་པོ་རྣམས་དང་རྣམ་པར་ཤེས་པའི་ཚོགས་དྲུག་དང༌། ལུས་ཀྱི་ཕུང་པོ་དང༌། ཕོ་མོའི་དབང་པོ་རྣམས་བསྐྱེད་པའི་རྩ་མཐའ་དག་བརྟེན་པའི་གནས་བཤད་པའི་སྐབས་ཡིན་པའི་ཕྱིར། སྡེ་ཚན་བཞིར་བཅད་པའི་རྩ་བོ་ཆེ་རྣམས་ཀླད་པ་ལ་སོགས་པ་བཞི་ལ་བརྟེན་ཅིང་གནས་ཞེས་བྱ་བའི་དོན་ཏོ། །དེས་ན་འཁོར་ཐམས་ཅད་དབུ་རྐྱང་རོ་གསུམ་དུ་འདུས་པའི་གནས་དེས་ལྟེ་བ་བྱས་ནས་འཁོར་ལོའི་རྩིབས་དང་མཚུངས་པར་ཕྱོགས་བཞིར་དབུ་མ་ལས་གྱེས་པའི་རྩ་འདབ་བཞི་དང་སྟེང་འོག་ཏུ་རོ་རྐྱང་ལས་གྱེས་པའི་རྩ་འདབ་བཅུ་བཅུ་སྟེ། འཁོར་ལོ་རེ་རེ་ལ་རྩ་འདབ་ཆེ་བ་ཉི་ཤུ་རྩ་བཞི་རྩ་བཞིར་གནས་ཤིང༌། སླར་ཡང་རོ་རྐྱང་གཉིས་ལས་གྱེས་པའི་ཉི་ཤུ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུ་དང་དབུ་མ་ལས་གྱེས་པའི་བཞི་པོ་ལ་ཉི་ཤུ་རྩ་ལྔ་རྩ་ལྔར་གྱེས་པ་བསྒྲིལ་བས་འཁོར་ལོ་རེ་རེ་ལ་རྩ་ཕྲན་ལྔ་བརྒྱ་ལྔ་བརྒྱ་དང་བཅས་ཏེ་རང་རང་གི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ལུས་པོ་གསོ་སྐྱེད་ཀྱི་བྱ་བ་བྱེད་པས་ན་རྗེས་སུ་འཛིན་པ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ཡང༌། རྡོ་རྗེ་ཕྲེང་བ་ལས། དྲུག་ཅུ་རྩ་བཞིར་བརྒྱད་འདབ་བྱ། །སྟེང་དང་འོག་ཏུ་ཁ་བལྟས་ནས། །སླར་ཡང་ཁ་སྦྱོར་ཚུལ་དུ་གནས། །ཞེས་དངོས་བསྟན་སྙིང་ག་དང༌། ཤུགས་ལ་འཁོར་ལོ་གཞན་དག་ཀྱང་བསྟན་པས། འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་འབྱུང་བའི་འཁོར་ལོ་བཞི་འམ་དྲུག་གི་རྣམ་པར་གཞག་པ་དང་དོན་གཅིག་པ་ཡིན་ཀྱང་སྦས་པའི་ཚུལ་གྱིས་གསུངས་པའོ།།

ལུས་འདི་ལ་སྲིད་པའི་རྩ་བོ་ཆེ་ཞེས་པ་མིང་གིས་བཏགས་པ་ནི་རྣམ་པ་བཞི་འམ་ལྔ་ཡོད་དེ། གང་ཞེ་ན་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ཡན་ལག་གི་རླུང་ལྔའི་རྟེན་དུ་ཀླད་པར་འཁྱིལ་བ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །འཁོར་ལོ་དྲུག་འདྲེན་དུས་མགྲིན་པ་དང་གཙུག་ཏོར་གྱི་འཁོར་ལོ་ཇི་ལྟར་འཆད་སྙམ་ན། གཙུག་ཏོར་གྱི་འཁོར་ལོ་ནི་སངས་རྒྱས་ཀྱི་གཙུག་ཏོར་གྱི་རྒྱུ་ལ་དགོངས་ནས་གསུངས་པ་ཙམ་མ་གཏོགས་དོན་སྨིན་མཚམས་སུ་ཡོད་པར་བཤད་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཁོངས་སུ་གཏོགས་ལ། མགྲིན་པའི་འཁོར་ལོས་རོ་དྲུག་པོ་ལ་ལོངས་སྤྱོད་པ་ཙམ་མ་གཏོགས་ལུས་ཀྱི་ཟུངས་སྐྱེད་པའི་ལས་བྱེད་པ་ཉུང་བའི་དོན་གྱིས་དངོས་སུ་མ་སྨོས་པ་ཡིན་ཀྱང་ཤུགས་བསྟན་དུ། བཟའ་བཏུང་རོ་ལ་ལོངས་སྤྱོད་བྱེད་པའི་རྩ། །མགྲིན་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དོན་གྱིས་ཐོབ་ཅིང་གོ་ནུས་པ་ཡིན་ནོ། །དེ་བཞིན་དུ་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ཡང་ཡིད་བཟང་མ་ཞེས་པ་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག །ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག །ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག །ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་གུ་ཞིག་རྒྱབ་ཕྱོགས་སུ་ཟུག་པ་ཡོད་པར་གསུངས་པ་ཡོད་དོ། །རང་རང་གི་ལུས་ཀྱི་ཕུང་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆགས་ཤིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ས་བོན་འཕེལ་འཛིན་བྱེད་པའི་རྟེན་དུ་ལྟེ་བའི་དབུས་ཀྱི་བསྟེན་པ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །བུ་ཚ་རིགས་བརྒྱུད་མི་ཉམས་པར་སྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་བདེ་བའི་ཁམས་ཀྱི་རྟེན་དུ་མཚན་མར་མཚན་ཉིད་ཅན་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་རགས་པའི་དབང་དུ་བྱས་མོད། ཞིབ་ཏུ་རྩ་འདབ་ཀྱི་གྲངས་དང་མིང་རྣམས་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་རྣམས་དང་མཐུན་པར་འཆད་དུ་ཡོད་དོ། །དེ་ལྟར་བཤད་པའི་འཁོར་ལོ་མགྲིན་པ་དང་བཅས་པ་ལྔའི་རྩ་ཕྲ་རགས་པ་རྣམས་ཀྱི་རང་རང་གི་ལྟེ་བའི་སྟེང་དང་འོག་དང་ཐད་ཀར་ཁམས་ཐམས་ཅད་ཀྱི་བྱ་བ་ཚུལ་བཞིན་དུ་བྱེད་ཅིང་ཡོངས་སུ་འབྲེལ་བའི་དོན་གྱིས་ན། ལུས་ཀྱི་ཆ་ཤས་ནད་ཟུངས་དྲི་མ་སོགས་ཇི་སྙེད་པ་ཀུན་ཀྱང་དུས་མ་ཡིན་པར་མི་གཏོང་བར་རྗེས་སུ་འཛིན་པ་ཡིན་ནོ།།

རོ་རྐྱང་དང་འབྲེལ་བའི་རྩ་ནི་གཙོ་བོ་ལ་ནང་དུ་རྒྱུ་བའི་ཁམས་དཀར་དམར་གྱི་དབང་གིས་དཀར་པོ་དང་ནག་པོ་གཉིས་སུ་ཡོད་པ་དེ་ལས་ཕྱི་མ་སྲོག་རྩ་ནག་པོ་ནི་ཁྲག་རྩའི་ཡལ་ག་ཐམས་ཅད་སྐྱེད་པའི་གཞི་མཆིན་པའི་རྩ་ནས་རོ་མས་སྐྱེད་ཅིང་ཤ་ཁྲག་འཕེལ་བར་བྱེད་པའི་ཉེར་ལེན་གྱི་རྩ་ཡིན་པའི་དོན་གྱིས་སྲོག་རྩ་ཞེས་བྱ་ལ། ངོ་བོ་ནི་ཁྲག་འབའ་ཞིག་གིས་གང་བའི་ཁ་དོག་ནག་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་སྟེ། ཚིགས་པ་བཅུ་གསུམ་པ་ཡན་དང་སྐེ་སྟོང་མན་གྱི་སྒལ་པའི་ནང་གཞུང་དུ་འབྱར་བའི་ཚུལ་གྱིས་གནས་པའི་སྡོང་པོ་ལྟ་བུ་ཡིན་ལ། དེ་ལས་རྐང་ལག་དང་མགྲིན་པར་ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི་ཤ་ཁྲག་འཕེལ་བར་བྱེད་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ཡོད་པ་ཡིན་ལ། དེ་ཡང་དོན་སྣོད་དང་ནང་དུ་འབྲེལ་བའི་སྦས་པ་ལྟ་བུའི་རྩ་ཆེན་བརྒྱད་ནི་ཚིགས་པ་གསུམ་པའི་ཐད་ཀྱི་སྲོག་རྩ་ནག་པོ་ནས་སྙིང་དུ་འབྲེལ་བའི་རྩ་གཅིག་དང༌། གློ་བུ་གཉིས་སུ་འབྲེལ་བ་གཉིས་དང༌། ཚིགས་པ་དགུ་པའི་ཐད་ནས་མཆིན་པར་འབྲེལ་བ་གཅིག་དང༌། དེ་བཞིན་དུ་བཅུ་གཅིག་པ་ནས་མཆེར་པར་འབྲེལ་བ་གཅིག་དང༌། བཅུ་གསུམ་པ་ནས་བསམ་སེར་འབྲེལ་བ་གཅིག་དང༌། བཅུ་བཞི་པ་ནས་མཁལ་མ་གཡས་གཡོན་དུ་འབྲེལ་བ་གཉིས་ཏེ་བརྒྱད་པོ་ནི་ལུས་ཀྱི་ཕྱི་རོལ་དུ་བལྟ་བ་མི་མངོན་པའི་ཕྱིར་སྦས་བ་ལྟ་བུའི་རྩ་ཞེས་གདགས་པ་ཡིན་ནོ། །ཡན་ལག་ཕྱི་རོལ་དུ་འབྲེལ་བའི་མངོན་པར་གསལ་བའི་རྩ་བཅུ་དྲུག་ནི། སྲོག་རྩའི་རྩེ་མོ་རྩེ་ནག་གཉིས། །སྙིང་ནས་བརྒྱུད་པའི་གཉིད་ལོག་གཉིས། །མཆིན་པ་དང་འབྲེལ་རྩེ་འདྲ་གཉིས། །རྐང་ལག་བཞི་ལ་སྲོག་པ་རྩའི། །ཡལ་ག་རྩ་ཆེན་རེ་རེ་དང༌། །སྙིང་ནས་འབྲེལ་བའི་འཕར་རྩ་རེ། །དེ་བཞིན་མཚན་མར་འཕར་རྩ་གཉིས། །དེ་བཞིན་རགས་པའི་རྩ་བཅུ་དྲུག་སྟེ་དོན་སྣོད་ནང་འབྲེལ་དང་བསྡོམས་པའི་རྩ་ཆེན་ཉེར་བཞིའོ།།

དེ་དག་ལས་གྱེས་པའི་སྨན་པས་གཏར་བར་རུང་བའི་རྩ་བདུན་ཅུ་རྩ་བདུན་ལ། སྔ་རབས་པ་རྣམས་ཀྱང་བཞེད་པ་མི་མཐུན་པ་མང་དག་ཅིང༌། བྱང་པས་ཁྱོན་གྲངས་མགོ་ལ་ཉི་ཤུ། ལག་པར་སུམ་ཅུ་སོ་བཞི། རྐང་ལ་བཅོ་བརྒྱད། སྦུབས་ལྔ་བགྲངས་ཤིང་ལག་པའི་སོར་མོའི་བར་རྩ་ལྔ་ཐོང་རྩ་གཉིས་བགྲངས་པ་སོགས་སྣ་ཚོགས་ཀྱིས་འགྲིག ཟུར་མཁར་བའི་སྡོམ་ཚིག་ཏུ། མཚོག་གསང་སྣ་རྩེ་ཐོང་རྩ་གསུམ། །རྣ་བའི་ཕྱི་ནང་ལྗོན་ཤིང་བཞི། །ལྟག་རྩ་ལྟག་རལ་གསེར་མདུང་དྲུག །ལྕེ་མིག་སོ་རྩ་རྩེ་ཆུང་བརྒྱད། །དེ་ལྟར་ཉེར་གཅིག་མགོ་སྐེའོ། །དཔུང་རྩ་སྒང་རྩ་དྲུག་འགོ་དང༌། །སྣོད་ཀ་རུ་ཐུང་གློ་སྙིང་འདོམས། །གློ་མཆིན་མཆིན་མཁྲིས་འདོམས་རྩ་དང༌། །བད་མཁྲིས་ཆུ་སེར་གཤའ་རིངས་དང༌། །དྲུག་འདུས་སྐྱོར་གོང་སྲིན་ལག་གི །རྒྱབ་རྩ་གཉིས་གཉིས་ཕྲན་བུ་དྲུག །སུམ་ཅུ་རྩ་བཞི་ལག་པར་རོ། །རྐང་པ་རྩ་ཆེན་སྒབ་རྩ་དང༌། །རྟ་མཐུར་བྱིན་གཞུག་བྱིན་སྐྱོག་དང༌། །གདོང་རྩ་ལོང་རྩ་ཡོབ་གོང་དང༌། །རྒྱུ་རྩ་གཉིས་གཉིས་བཅོ་བརྒྱད་དོ། །སྦུབས་ལ་ཕོ་བའི་རྭ་གཉིས་དང༌། །ཕོ་མཚན་འགྲམ་རྩ་གཉིས་ཏེ་བཞི། །དེ་ལྟར་བསྒྲིལ་བས་བདུན་ཅུ་བདུན། །ཞེས་བཤད་པའང་དེང་སང་ལྷ་རྗེ་རྣམས་ཀྱིས་ལག་པའི་གཏར་རྩའི་གྲངས་འདྲེན་ཀྱང་མི་ཤེས་པས་འདྲེན་ལུགས་ནི། དཔུང་རྩ་གཉིས། སྒང་རྩ་གཉིས། དྲུག་འགོ་གཉིས། སྣོད་ཀ་གཉིས། རུ་ཐུང་གཉིས། གློ་སྙིང་འདོམས་རྩ་གཉིས། གློ་མཆིན་འདོམས་རྩ་གཉིས། མཆིན་མཁྲིས་འདོམས་རྩ་གཉིས་བད་ཀན་གཤའ་རིངས་གཉིས། མཁྲིས་པ་གཤའ་རིངས་གཉིས། ཆུ་སེར་གཤའ་རིངས་གཉིས། དྲུག་འདུས་གཉིས། སྐྱོར་གོང་གཉིས། སྲིན་ལག་རྒྱབ་རྩ་གཉིས། འདི་སྐབས་ཀྱི་ཕྲན་བུ་དྲུག་ནི། གཡུ་ཐོག་པས། གློ་སྙིང་གཉིས་པོ་འབྲེལ་མཚམས་ནས། །ཐུར་དུ་སོར་དྲུག་བཅལ་བ་ན། །གློ་སྙིང་འདོམས་རྩ་བྱ་བ་ཡོད། །དེ་ནས་ཐུར་དུ་སོར་གསུམ་བཅལ། །བད་མཁྲིས་འདོམས་རྩ་བྱ་བ་ཡོད། །དེ་ནས་ཐུར་དུ་སོར་གསུམ་བཅལ། །སྣ་རྩ་འབུ་རུ་བྱ་བ་ཡོད། །དེ་ནས་ཐུར་དུ་སོར་དྲུག་བཅལ། །སྐྱོར་གོང་ཕྲན་བུ་བྱ་བ་ཡོད། །ཅེས་སྐྱོར་གོང་གི་ཕྲན་བུ་གཉིས། །ཡང་རྒྱབ་རྩ་དྲུག་འདུས་གཏར་བའི་ཕན་ཡོན་བཤད་ནས། དེའི་ཕྱི་རོལ་ན་རྩ་ཕྲན་རྒྱབ་རྩ་ཕྲན་བུ་ཞེས་བྱ་བ་ཡོད་དེ། དེ་གཏར་བས་མཆིན་པ་ཀུང་བུ་ལ་ཕན་པ་སོགས་ཕན་ཡོན་བཤད་པས་རྒྱབ་རྩ་ཕྲན་བུ་གཉིས། གཞན་མཁྲིས་རྩ་ཕྲན་བུ་གཉིས་ནི། གཡུ་ཐོག་པའི་ཤོག་དྲིལ་ལྡེ་མིག་ལས། །མཁྲིས་རྩ་རྣམ་གཉིས་དྲུག་འགོའི་མགོ་དང་འབྲེལ། །ཚུར་ལ་ཁྲིད་པས་གློ་རྩའི་གོང་དུ་འབྲེལ། །ཤ་རུ་མོན་རུ་གཉིས་ཀྱི་འོག་ཏུ་འབྱུང༌། །མཁྲིས་རྩ་ཕྲན་བུ་དེ་ཡི་འོག་ཏུ་གནས། །ཞེས་དང༌། ཡན་ལག་བཞི་འགྲེལ་ལས། མཆིན་རྩ་ལས་ནང་དུ་གནས་པ་ནི་མཁྲིས་པའི་གསེར་མདུང་ཞེས་བྱ་སྟེ། མཁྲིས་པའི་རྩ་ཡིན། གྲུ་འགོ་ནས་སོར་བཞི་བཅལ་བ་ན་རུ་ཐུང་ཞེས་བྱ་སྟེ་མཆིན་པ་སྤང་ཆེན་མོའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ནི། །ཤ་རུ་མོན་རུ་ཞེས་བྱ་སྟེ་སྤང་ཆུང་དགྲ་ལྕེ་འདོམས་པའི་རྩ་ཡིན། །དེ་ནས་སོར་བཞི་བཅལ་བ་ནི་ཕྲན་བུ་ཞེས་བྱ་སྟེ་དགྲ་ལྕེ་ཡིན་ནོ་ཞེས་པས། མཁྲིས་རྩ་ཕྲན་བུ་གཉིས་ཀྱི་ཕྲན་བུ་དྲུག་བསྟན་ཏེ་འགྲིག་ཅིང༌། གློ་མཆིན་འདོམས་རྩ་དང་ཆུ་སེར་གཤའ་རིངས་གཉིས་ལའང་ཚོམ་པ་བྱུང་ན་གཡུ་ཐོག་པས། གཞུ་མཆོག་སྣ་ནས་ཐུར་དུ་ནི། །སོར་བཞི་བཅལ་བའི་ས་ན་ནི། །རུ་ཐུང་ཁྲག་གི་རྒྱལ་མོ་ཡོད། །དེ་ནས་ཐུར་དུ་སོར་གསུམ་བཅལ། །དེ་ན་གློ་མཆིན་འདོམས་རྩ་ཡོད། །ཅེས་སྒང་རྩའི་སྣེ་དང་རུ་ཐུང་འཛོམ་པའི་མཁྲིག་མའི་ཕྱི་ཟུར་གྱི་རྩ་དེ་གློ་མཆིན་འདོམས་རྩ། ཆུ་སེར་གཤའ་རིངས་ནི། གཡུ་ཐོག་པས། བད་ཀན་གཤའ་རིངས་བཤད་པའི་རྗེས། །དེ་ནས་ཐུར་དུ་སོར་གསུམ་བཅལ། །མཆིན་མཁྲིས་ཁུག་པ་བྱ་བ་ཡོད། །དེ་ནས་ཐུར་དུ་སོར་གསུམ་བཅལ། །མཆིན་རྩ་གཤའ་རིངས་བྱ་བ་ཡོད། །ཅེས་མཆིན་རྩ་གཤའ་རིངས་སམ་ཆུ་སེར་གཤའ་རིངས་ཀྱང་གྲགས་པ་ནི་ཁྲག་དང་ཆུ་སེར་གྱི་རྒྱུ་ས་ཡིན་ཞེས་པ་ལྟར་ཡིན་ཀྱང༌། སྐྱོར་གོང་དུ་ཕྲན་བུ་དང་བཅས་གཉིས་བགྲངས་པ་ཤོག་ཁྲ་ལོགས་སུ་ཟུར་མཁར་བའི་ལུགས་ནང་བཞིན་བཀོད་པ་དང་ཕྱི་རྒྱུད་ནས་གསུངས་པའི་གཏར་རྩ་དེང་སང་བར་རྩ་སོགས་དངོས་སུ་ལག་ལེན་རྣམ་དག་ནི་མགོ་ལ་དཔྲལ་རྩ་གསེར་མདུང་དངུལ་མདུང་གཉིས། ལྟག་རྩ་གཉིས་མཚོག་གསང་གཅིག རྩེའུ་ཆུང་གཉིས། ཐོང་རྩ་གཉིས། ལྕེ་རྩ་གཉིས། མུར་གོང་འཕར་རྩ་གཉིས། མིག་རྩ་གཉིས། སྣ་རྩེ་གཅིག རྣ་རྩ་གཉིས། ལྟག་རལ་གཉིས། སོ་རྩ་གཉིས་ཏེ་མགོ་སྐེ་ཡན་ལ་ཉེར་གཅིག དཔུང་རྩ་གཉིས། སྣོད་ཀ་གཉིས། གྲུ་འགོ་གཉིས། སྒང་རྩ་གཉིས། རུ་ཐུང་གཉིས། མཁྲིས་པ་གཤའ་རིངས་གཉིས། བད་ཀན་གཤའ་རིངས་གཉིས། གློ་སྙིང་འདོམས་རྩ་གཉིས། མཆིན་མཁྲིས་འདོམས་རྩ་གཉིས། སྐྱོར་གོང་གཉིས། ཕྲན་བུ་གཉིས། རྒྱབ་རྩ་དྲུག་འདུས་གཉིས། སྲིན་རྩེ་འམ་སྲིན་ལག་རྒྱབ་རྩ་གཉིས། མཛུབ་མོའི་བར་རྩ་བཞི་རེ་བརྒྱད་དེ་ལག་པར་སོ་བཞི། རྐང་པའི་རྩ་བོ་ཆེ་གཉིས། སྒབ་རྩ་གཉིས། རྟ་མཐུར་གཉིས། བྱིན་གཞུག་གཉིས། ལོང་རྩ་གཉིས། གདོང་རྩ་གཉིས། ཡོབ་གོང་གཉིས། བྱིན་སྐྱོག་གཉིས། རྒྱུ་རྩ་གཉིས་ཏེ་རྐང་པར་བཅོ་བརྒྱད། སྦུབས་ཀྱི་རྩ་ཕོ་མཚན་འགྲམ་རྩ་གཉིས། ཕོ་བའི་རྭ་རྩ་གཉིས་ཏེ་དོན་བདུན་འགྲིག་ཅིང༌། གཏར་རྩ་གཙོ་ཆེ་བ་དོན་བདུན་དུ་བཤད་པ་འདི་ལྟར་དང་དེ་ལ་གཞན་མ་རྣ་བའི་ལྗོན་ཤིང་བཞི། གློ་མཆིན་འདོམས་རྩ། ཆུ་སེར་གཤའ་རིངས། མཁྲིས་རྩ་ཕྲན་བུ་བཞི། གཞུག་རྩེ་བཅས་བཅུ་གསུམ་བསྣན་པས་རྒྱུད་དུ་གཏར་རུང་དགུ་བཅུ་དང་གཞན་ཡང་གཏར་བར་རུང་བའི་རྩ་ནི་ཡོད་དོ།།

གཏར་བར་མི་རུང་བར་གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ། འདི་ལ་འགྲེལ་པ་སྔ་མ་རྣམས་སུ་འདྲེན་ལུགས་མི་འདྲ་ཞིང་ཞལ་ལུང་དུའང་རྩ་གཉིས་རྩ་བ་ནས་ཆད་པ་སོགས་ཅུང་ཟད་གྲངས་འགྲིག་དཀའ་བ་ཞིག་མཆིས་ཏེ་ཀླད་རྩ་བདུན་ནི་སྤྱི་བོའི་གཙུག་གི་རེ་ཐག་བཞི་ཀླད་པའི་དར་སྟེང་དུ་ཤིང་ལོ་ལྟར་གནས་པ་དང༌། ཕྱི་རྩ་སྦུ་གུ་ཅན་དྲུག་སྤྱིར་བསྡུས་པའམ་བགྲངས་པ་གཅིག་དང་ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་ཀྱང་ཁྱོན་གཅིག་པའི་ཕྱི་ནང་གི་རྩ་ལ་བཞེད་ཀྱང་དོན་ལྟར་རུས་འབུར་བུ་ནས་དོན་པའི་མཁུར་ཚོས་སོགས་བརྒྱུད་འགྲོ་བའི་ཀུན་རྒྱུག་གཉིས་མཚོན་བྱེད་མཁུར་ཚོས་སུ་དོན་པར་བྲིས་ས་ཤ་རུས་ཀླད་པ་གསུམ་ག་འདུས་པའི་རྩ་འམ་ཚངས་པའི་བུ་གའི་ཕྱོགས་སུ་ཉེ་བ་ན་ཚངས་པའི་སྐུད་པར་གྲགས་པའི་རྩ་གཅིག་པོ་དེ་ནི་སྤྱི་བོ་ཚངས་པའི་བུ་ག་འམ་གཙུག་ཏོར་ཚངས་པའི་འཁོར་ལོའི་ས་ན་གནས་པའི་གཅིག རུས་རྩ་བཅུ་གཅིག་ནི། ལྟག་པའི་སྒོ་དང་དེའི་གཡས་གཡོན་ཚོན་རེ་ན་རེ་སྟེ་སྡུད་སྒོ་གསུམ། མཚོག་མའི་སྒོ་སྨིན་དཀྱིལ་གཡས་གཡོན་གཉིས་དང་མཁུར་ཚོས་ཀྱང་གཉིས་གཙུག་ལ་གཅིག རྣ་བའི་སྟེང་གཡས་གཡོན་སོར་བཞི་ན་འཕྲེད་ཉལ་གཉིས་སོ། །གནས་ངེས་མེད་དུ་གནས་པའི་མ་ངེས་ཤ་རྩ་བཅུ་ནི། དོན་སྙིང་དང་སྣོད་རྒྱུ་མ་གཉིས་འདོམས་པའི་རྩ་གཅིག མཆེར་པ་དང་ཕོ་བ་གཉིས་ཀྱི་རྩ་གཅིག གློ་བ་དང་ལོང་གཉིས་ཀྱི་རྩ་གཅིག མཆིན་མཁྲིས་གཉིས་ཀྱི་རྩ་གཅིག ལྒང་པ་དང་མཁལ་མ་གཡས་པ་གཉིས་ཀྱི་རྩ་གཅིག བསམ་སེའུ་དང་མཁལ་མ་གཡོན་པ་གཉིས་ཀྱི་རྩ་གཅིག་སྟེ་དྲུག དབང་པོ་སྒོ་བཞིའི་རྩ་ཁ་སྣ་རྣ་བ་མིག་བསྡོམས་པའི་མགོ་ལ་ཉེར་བརྒྱད་དང༌། ནུ་མ་གཉིས་ནས་མདུན་དག་ཏུ། །ཚོན་རེ་ཕྲ་ཁབ་ཁབ་འདྲ་གཉིས། སྒྲོག་རུས་དབུས་འོག་ཚོན་རེ་ན། །དངུལ་གྱི་འབུ་རུ་གཟེར་འདྲ་གཉིས། །ནུ་མའི་མཐའ་སྐོར་ཚོན་རེ་ན། །ནུ་རྩ་ཨ་ལོང་བསྐོར་འདྲ་གཉིས། །དེ་ལྟར་སྙིང་གི་རྩ་གནད་དྲུག །གློ་མ་ཚིགས་པ་ཚིགས་འགྲམ་ནི། །བཞི་པའི་གཡས་གཡོན་ཚོན་རེའི་ས། །ནང་རྒྱུག་དྲུག་པའི་སོར་ལྔ་ན། །བརྒྱད་པའི་སོར་བདུན་གྲོག་རྐེད་དོ། །བཅུ་པའི་ཆག་གང་སྒེ་དོར་ཏེ། །འགྲེང་བུ་ནུ་སྟེང་སྒྲོག་རུས་འོག རིམ་བཞིན་རྩིབ་སྒང་སྟག་མགོ་དང༌། །ཟགས་སྣ་ཤམ་སྣ་གཉིས་གཉིས་བཅུ། །གློ་བ་མ་ལྔའི་རྩ་རུ་འདོད། །དེ་བཞིན་ཐུགས་ཁབ་མཛོ་སྣ་དང༌། །བྱ་སྒབ་དགྲ་ལྕེ་རྟེ་མིག་སྟེ། །བུ་ལྔའི་རྩ་རྣམས་རིམ་བཞིན་དུ། །ནུ་མཆན་ཚོན་རེར་ཕྱི་རྒྱུག་གཉིས། །བསྣོལ་མ་སྒྲོག་ཆར་ཕན་ཚུན་བསྡོམས། །གཟེར་མགོ་མཆན་འོག་ཆག་གང་སར། །ཟངས་མ་མཆན་འོག་གྱེན་དུ་འགྲིལ། །སྔོན་པོ་སོག་དཀྱིལ་འོག་ན་འོ། །དེ་དག་གཉིས་གཉིས་བཅུ་ཡིན་ནོ། །མ་བུ་ལུང་འཛིན་ཁུག་པ་གཉིས། །དཔུང་སོག་ཆག་གང་ཕྲག་ལ་བཀལ། །ཚང་ཚིང་ལས་བྱུང་དུང་འབུད་གཉིས། །དཔུང་གོང་ཆག་གང་ས་ན་གནས། །དེ་ལྟར་གློ་རྩ་ཉི་ཤུ་བཞི། །མཆིན་རྩ་ཤ་རུ་མོན་རུ་གཉིས། །ནུ་མདུན་ཚོན་དོར་ལྷེན་ལས་བྱུང༌། །མཆེར་རྩ་བྱ་རྐང་ཞེས་བྱ་གཉིས། །སོག་གཞུག་སྟ་ཤའི་གསེབ་ན་གནས། མཁྲིས་རྩ་གསེར་གྱི་ཀ་བ་གཉིས།། དཔུང་སོག་གཉིས་ཀྱི་བར་ན་འོ། །ལྷེན་སྣའི་གཡས་གཡོན་ཚོན་རེ་དང༌། །ཕོ་དབུས་གཡས་གཡོན་སོར་གསུམ་དང༌། །ལྟེ་བའི་གྱེན་ཚོན་གང་རྣམས་སུ། །སྦྲུལ་མིག་ཀ་བ་བོང་རྨེད་གསུམ། །རིམ་བཞིན་གནས་པ་ཕོ་བའི་རྩ། །ལྟེ་བའི་ཟུར་ནས་གཡས་གཡོན་དུ། །ཚོན་རེའི་ས་ན་ལོང་རྩ་གཉིས། །དེ་འོག་ཚོན་རེ་རྒྱུ་རྩ་གཉིས། །བསམ་སེའི་རྩ་གཉིས་དཔྱི་ཡི་ནང༌། །བརྒྱུད་ནས་སྣེ་སར་དོན་པ་ཡི། །མཚན་མ་གཡས་གཡོན་དབུས་རྣམས་སུ། །སྲོག་རྩ་སྲིད་རྩ་ཆུ་རྩ་གསུམ།། ལྒང་པའི་རྩ་ཡིན་བཞི་བཅུ་བརྒྱད། །བྱང་ཁོག་སྟོད་སྨད་རྩ་ཡིན་ནོ། །གོང་དུ་བྱང་ཁོག་དུས་དཔུང་སོག་བར་གནས་པའི་མཁྲིས་རྩ་དེའི་རྩ་མཇུག་དཔུང་པའི་སྐྱོགས་རའི་ཚིགས་མཚམས་ན་དོན་པའི་གསེར་གྱི་ཀ་བ་གཉིས། རྣག་ཆེན་གཉེར་རིང་གི་སྟེང་གི་མཁྲིས་རྩ་གཤའ་རིངས་གཉིས། དཔྱིའི་ཁ་གཟར་གྱི་སྟེང་གི་མཁལ་རྩ་ན་གུ་གཉིས། བརླ་རྐང་སྟེང་གི་མཁལ་རྩ་རུས་ཞེན་གཉིས། བརླ་ཤའི་ཕྱི་སུལ་གྱི་མཁལ་རྩ་རྐང་འདེགས་གཉིས། བརླའི་ཕྱི་ཟུར་གྱི་མཆེར་པའི་རྩ་ནག་གཉིས། རྐང་པའི་མཐིལ་གྱི་བཞག་འདྲ་མཐིལ་འཕྲོག་གི་རྩ་གཉིས་བོལ་གོང་གི་སྟེང་ན་འགུལ་ཞིང་འཕར་བའི་རྩ་ནག་གཉིས། ནང་ལོང་ནང་ཁུད་ལྕགས་ཀྱི་སྲན་མ་གཉིས། ངར་གདོང་གི་རུས་པར་གནས་པའི་གསེར་རྩ་ཀ་གདུང་གཉིས། སྒྱིད་ཁུང་གི་ནང་ན་གནས་པའི་སྒབ་རྩ་ནག་པོ་གཉིས། བརླ་ནང་གི་སྣེ་རྩ་ཁུད་ན་སྙིང་གི་རྩ་རྒྱུད་སྙིང་རྩ་མིག་དམར་གཉིས། ལག་མཐིལ་སྲིན་ལག་གི་འོག་ན་མྱུར་བ་གཉིས། མཛོད་བུ་ཆུང་གི་ཁུད་ན་འཕར་རྩ་གཉིས་ལག་པའི་རུས་པ་འབུར་པོའི་སྟེང་ན་བལྟ་རྩའམ་གོང་རྩར་གྲགས་པ་གཉིས། དེའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ན་བླ་རྩ་གཉིས། གྲུ་མོའི་ནང་ཁུད་ན་ཨ་སོ་ལི་ཀ་གཉིས། མཆན་ཁུང་གི་ནང་ན་སྙིང་རྩ་རྔུལ་འདུ་གཉིས་བཅས་དེ་ལྟར་ཡན་ལག་སུམ་ཅུ་སོ་དྲུག་སྟེ་ཁྱོན་བསྒྲིལ་བས་བརྒྱ་དང་བཅུ་གཉིས་ཀྱིས་གྲངས་དངོས་གསལ་འགྲིག་ཅིང་འདིར་མ་ལྟོས་པའི་རྩ་གནད་ནི་ད་དུང་ཡོད་དོ།།

གཉིས་ཀ་འདྲེས་པ་ཞེས་སམ་བསྡོམས་པའི་རྩ་ཕྲན་གྱི་གྲངས་ནི་བརྒྱ་དང་བརྒྱད་ཅུ་རྩ་དགུ་ཡོད་དོ། །དེ་རྣམས་ལས་ཕྱི་ཤ་པགས་དང་འབྲེལ་བ་བརྒྱ་ཉི་ཤུ། ནང་དོན་སྣོད་དང་འབྲེལ་བ་བརྒྱ་ཉི་ཤུ། བར་རུས་རྐང་དང་འབྲེལ་པ་གསུམ་ལ་བརྒྱ་ཉི་ཤུ་སྟེ་བསྒྲིལ་བས་རྩ་ཕྲན་སུམ་བརྒྱ་དང་དྲུག་ཅུར་གྱེས་པ་ཡིན་ནོ། །དེ་ལས་ཀྱང་ཕྱི་ཤ་ལྤགས་ལ་ཉིས་བརྒྱ་སོ་བཞི་དང༌། ནང་དོན་སྣོད་དང་བར་རུས་པར་འབྲེལ་བར་ཉིས་བརྒྱ་སོ་གསུམ་རེས། རྩ་ཕྲན་བདུན་བརྒྱ་དག་ཏུ་གྱེས་ཤིང༌། དེ་དག་ལས་ཀྱང་ཡང་ཕྲན་དུ་གྱེས་པའི་རྩ་ནི་ལུས་འདི་ལ་དྲ་བ་ལྟ་བུར་འབྲེལ་བ་ཡིན་པས་གྲངས་ཀྱིས་མཚོན་པར་མ་བྱས་སོ།།

རྐྱང་མའི་ཡར་སྣས་བསྐྱེད་པའི་ཀླད་པ་ནི་རྩ་དཀར་ཐམས་ཅད་བསྐྱེད་པའི་གཞི་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེ་ལས་རྩ་བ་ལྟ་བུར་ཁ་ཐུར་དུ་བལྟས་ཟུག་པའི་རྩ་རྒྱུངས་པ་ནི་སྲོག་རྩ་དཀར་པོ་སྟེ་གཙོ་བོ་ཡིན་ལ། །དེ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ་ལ་ཆུའི་རང་བཞིན་གྱིས་གང་བས་མདོག་དཀར་པོ་སྟེ་ཀླད་པ་ནས་རྩ་བ་ལྟ་བུར་སྒལ་ཚིགས་ཐམས་ཅད་ཀྱི་ནང་དུ་ཞུགས་ནས་ཇེ་ཕྲར་སོང་བས་གཞུག་གུ་ཆུང་ངུ་ཟད་ལ། ཤིན་ཏུ་གཉན་ཞིང་རྩ་དཀར་པོ་ཐམས་ཅད་བསྐྱེད་པའི་གཙོ་བོ་ཡིན་པའི་དོན་གྱིས་ན་སྲོག་པ་རྩ་ཞེས་བྱའོ།། དེ་ལ་ཆུའི་ཁམས་གསོ་སྐྱེད་ཀྱི་བྱ་བ་བྱེད་པའི་ཆུ་རྩ་རགས་པའི་དབང་དུ་བྱས་པ་བཅུ་དགུ་ཡོད་དོ། །དེ་ཡང་གནད་ཀྱི་དབང་གིས་རླུང་སྐྱེད་པའི་རྩ་བཞི་སྙིང་དང་རྒྱུ་མ་དང་མཁྲིས་པ་བསྐྱེད་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་བད་ཀན་སྐྱེད་པའི་རྩ་བཞི་ཕོ་མཆེར་མཁལ་ལྒང༌། འདུས་པ་སྐྱེད་པའི་རྩ་གཅིག་བསམ་སེའུ་ཀླད་པའི་རྗེ་ཞབས་ནས་མགྲིན་པའི་ནང་བརྒྱུད་དེ་འབྲེལ་བ་ཡིན་པས་དོན་སྣོད་དང་ནང་དུ་འབྲེལ་བའི་ཆུ་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་ཞེས་བྱ་བ་སྟེ་སྦས་པ་ལྟ་བུའི་རྩའོ། །ཕྱིའི་རྩ་ལ་ཞལ་ལུང་དུ་མཇིང་པར་ཆུ་ལེབ་གཉིས་དང་སྣ་རྩེའི་ཆུ་བ་གཉིས་ཕྲག་པའི་ཆུ་བ་བགྲངས་པ་སོགས། འགྲེལ་པ་སྔ་མ་རྣམས་ཀྱང་ལུགས་ཀ་མང་དག་ཅིག་འདུག་ཀྱང་ཚང་མར་སྐྱོན་མེད་དཀའ་བ་ཙམ་མཆིས་རུང་སྐབས་འདིར་སྦུ་གུ་ཅན་གཉིས། འཇའ་བྱེད་གཉིས། རཏྣ་གཉིས་ཏེ་ཡན་ལག་རྣམས་དང་ཕྱི་རོལ་དུ་འབྲེལ་བའི་རི་མོ་མངོན་པའི་རྩ་དྲུག་ཅེས་སམ་ཕྱི་རྩ་ཞེས་བྱ་སྟེ་བསྒྲིལ་བས་བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུའོ། །དེ་ཡང་རྩ་ནང་སྟོང་པའི་སྦུ་གུ་ཅན་དེ་ལྟག་བའི་སྡུད་སྒོ་ནས་དོན་ཨན་སྟོང་གི་གཡས་གཡོན་ཚོན་རེའི་ཐད་ཀར་འགྲིམས་ཏེ་ཚིགས་པ་ལྔ་ནས་འདུས་གཞུང་པའི་རྩ་དང་འབྲེལ་ནས་མཉམ་དུ་འོངས་པ་བཅུ་གཉིས་པ་ནས་བསམ་སེ་དང་མཁལ་མར་འབྲེལ། བཅུ་བཞི་པ་ནས་རྩ་སྣ་བཞིར་གྱེས་གཉིས་གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་ནས་དཔྱི་མིག་ལ་དོན། དེ་བྱིན་བརླའི་ཕྱི་སུལ་ལོང་དང་ཕྱི་ལོང་གི་བར་དུ་བརྒྱུད་གུང་མཐེབ་ཅེས་མཛུབ་མོ་དབུས་མ་རིང་ཤོས་དང་མཐེབ་ཆུང་གཉིས་བརྒྱུད་རྐང་མཐིལ་འབྲེལ། ཡང་བཅུ་བཞི་པའི་ཐད་ནས་གཉིས་གྱེས་པ་དཔྱི་སྟེང་དུ་དོན་ནང་གི་བརླ་སྒང་པུས་ཚིགས་ངར་གདོང་ཐུར་བར་འགྲིམས་ནས་མཐེ་བོང་པིར་མགོར་འབྲེལ་ནས་གོང་དང་རྐང་མཐིལ་གྱི་གཉེར་མའི་འོག་ཏུ་འདུས། འཇའ་བར་བྱེད་པ་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན་ཨན་སྟོང་འགྲམ་ནས་བཞིར་གྱེས་གཉིས་གློ་བའི་ཚིགས་འགྲམ་དང་མཉམ་དུ་ཚིགས་པ་བཅུ་བཞི་པའི་བར་ཕྱིན་ལ། དེ་ནས་དཔྱི་སྟེང་ཐོན་མདུན་ངོས་སྟེང་བརླ་ནང་བརྒྱུད་སྒྱིད་ཁུང་དུ་ཕྱིར་དོན་དེ་ནས་བྱིན་པ་བརྒྱུད་རྟིང་པར་དོན་རྐང་མཐིལ་དུ་སྦུ་གུ་ཅན་གྱི་སྣ་གཉིས་དང་གཉེར་མའི་འོག་ཏུ་འདུས། གཉིས་ཕྲག་བརྒྱུད་དཔུང་སོགས་མཚམས་སུ་ནུབ། དེ་ནས་ཀྱང་གཉིས་མདུན་དཔུང་འཛུམ་ཚིགས་མིག་ལུག་གཞུག་བརྒྱུད་དེ་གྲུ་མོའི་ཐད་དུ་འབྲེལ། གཉིས་ཀྱིས་མཆན་ཁུང་འགྲིམས་ནས་གྲུ་མོའི་ཚིགས་བསྐོར་ལག་པའི་མཐེབ་མོར་སྤུ་སྐྱེས་སུ་འབྲེལ་ནས་ལག་མཐིལ་འགྲོ། རཏྣ་ངོ་བོ་རྩེ་མགོ་རྣ་ཤལ་འོག་གཤོང་གཉིས་སུ་ཐོན་སྒྲོག་རུས་པའི་ནང་ནུབ་མཆན་འོག་བརྒྱུད་གྲུ་མོ་གཞུ་མཆོག་བར་དུ་དོན་ལ་དེ་ནས་ལག་པའི་རྒྱབ་ཟུར་ཐུར་བར་འགྲིམས་ཏེ་ལག་པའི་སྲིན་མཐེབ་དང་འབྲེལ་ནས་ལག་མཐིལ་དུ་འཇའ་བྱེད་སྣ་དང་འདུས། གཅིག་ཟ་འགྲམ་དུ་ཡོད་པའི་ཆུ་རྩ་ལྡད་བྱེད་དུ་གྲགས། འདི་ལ་མན་འགྲེལ་འགའ་ཞིག་ཏུ་རྐང་པར་སྦུ་གུ་ཅན་མ་གཏོགས་མེད་པ་དང༌། འགའ་ཞིག་ཏུ་འཇའ་བྱེད་རྩིབ་འགྲམ་ཀུན་དུ་རྒྱུ་ལྟར་འགྲོ་བ་སོགས་སྣ་ཚོགས་སུ་བཤད་པ་ནི་འཐད་པར་མ་མངོན་ནོ། །ཕྱི་རོལ་དུ་མངོན་པའི་རྩ་དྲུག་པོ་དེ་ལས་ཆུ་རྩ་ཕྲན་བུ་མགོ་ལ་མུ་འགྲམ་གྱི་སོ་རྩ་ལྡད་བྱེད་གཉིས། ལག་པར་གྲུ་མོ་གཉིས། མཁྲིག་མའི་གཉིས། སྦལ་མགོ་གཉིས། སྒྱིད་ཆུ་གཉིས། སྲེ་ལོང་ཕྱི་ལོང་བར་ན་གཞུང་རྩ་གཉིས། རྟིང་ཆུ་གཉིས། མཐེ་བོང་སྤུ་སྐྱེས་རྒྱུས་པ་པིར་མགོ་གཉིས་ཏེ་བཅུ་དྲུག་ཏུ་གྱེས་པར་བཞེད་ལ་གཞན་ཡང་གྱེས་པའི་ཆུ་རྩ་ནི་ཡོད་དོ།།

ཚེའི་རྩ་ནི་མིའི་ལུས་ཀྱི་ཆ་ཤས་འགའ་ཞིག་ལ་འཕོ་ཞིང་རྒྱུ་བའི་ཚེ་འམ་སྲོག་ལ་རྩའི་མིང་གིས་བཏགས་པ་ནི་རྣམ་པ་གསུམ་དུ་ཡོད་དེ། གང་ཞེ་ན་གཅིག་ནི་ཡི་གེའི་རྣམ་པ་ཅན་གྱི་ཁམས་རྣམས་ལ་རེ་མོས་ཀྱིས་འཕོ་སྟེ། འགྲེལ་ཆེན་དྲི་མེད་འོད་ལས། གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་གསང་བ་ལ་སོགས་པའི་པདྨ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་དང༌། སྟེང་དུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་དེ་ནི་འདོད་པའི་དངོས་གྲུབ་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་དེ་རབ་ཏུ་སྟེར་བའོ་ཞེས་དང༌། དཔལ་བརྟག་པ་གཉིས་པར། བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར།། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་པ་རྣམས་དེ་མི་ཆ། །ཞེས་དང༌། སྒྱུ་འཕྲུལ་དྲ་བ་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་དང༌། ནང་དོན་ལས། ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་ཆ། །ཁམས་བཞི་ལྡན་པར་མགྲིན་པར་འབབ། །ཅེས་གསུངས་པ་རྣམས་ཀྱི་དོན། རྣལ་འབྱོར་པ་རྣམས་ཀྱིས་དབབ་བཟློག་དགྲམ་པ་ལ་སོགས་པའི་སྒོ་ནས་བཅིངས་པ་ན་མཆོག་གི་དངོས་གྲུབ་མྱུར་དུ་སྟེར་ལ། ཐ་མལ་པ་རྣམས་ལ་རྐྱེན་གྱིས་མ་ཟགས་ཀྱང་ཟླ་བའི་མར་ངོ་ལ་སྤྱི་བོ་ནས་འབྱུང་བ་ཐམས་ཅད་ཀྱི་དྭངས་མ་ཁམས་བྱང་ཆུབ་ཀྱི་སེམས་འབྱུང་ལྡོག་གི་དབྱེ་བས་བཅུ་དྲུག་གི་རང་བཞིན་མགྲིན་པའི་རྩ་འདབ་རྣམས་སུ་འབབ། དེ་ལས་ཕྱེད་ཟད་ནས་ཆ་བརྒྱད་སྙིང་གི་རྩ་འདབ་རྣམས་སུ་འབབ། དེ་ལས་ཆ་བཞི་ཟད་ནས་བཞི་ལྟེ་བའི་རྩ་འདབ་རྣམས་སུ་འབབ། དེ་ལས་ཀྱང་ཆ་གཉིས་ཟད་ནས་གཉིས་ནི་ཐིག་ལེ་ཅན་ཨ་ཐུང་གི་དུས་མེ་དང་ཕྲད་པ་ལས་རྩ་གསུམ་འདུས་མདོ་ནས་གཅིག་ཏུ་དུང་ཆེན་མ་བརྒྱུད་དེ་གསང་བའི་གནས་སུ་འགྲོ་བ་ཡིན་ལ། དེ་ལས་ཀྱང་ཕྱེད་ནི་ཉམས་ཤིང་ཆ་གཅིག་རྩ་གསུམ་འདུས་མདོར་སོན་པ་ནི་ཐིག་ལེ་ཅན་ཏེ། དེ་ཉིད་སླར་ཡང་ཟླ་བའི་ཡར་ངོ་ལ་གནས་དེ་རྣམས་སུ་ཕྱེད་ཕྱེད་འཕེལ་བའི་ཚུལ་གྱིས་འགྲོ་བའི་གཙོ་བོ་ལྟ་བུ་ཡིན་ནོ། །འདི་ལ་བརྟེན་ནས་ཕྲ་མོའི་འཕོ་ཚུལ་ལ་བཞི་སྟེ། ངོ་བོ་གང་འཕོན་འབྱུང་བ་ཐམས་ཅད་ཀྱི་དྭངས་མ་ཁམས་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་དོ། །རྣམ་པ་གང་གི་སྒོ་ནས་འཕོ་ན། རྩ་བའི་དབྱངས་ལྔ་དང༌། ཡོན་ཏན་ལྔ་དང༌། ཡ་ཎ་ལྔ་དང༌། རྩ་བའི་དབྱངས་རིང་པོ་ལྔ་དང༌། འཕེལ་བ་ལྔ་དང༌། ཡ་ཎ་རིང་པོ་ལྔ་དང༌། ཨཾ་ཨཿའི་ཚུལ་དུའོ། །གནས་གང་དུ་འཕོ་ན། རྐང་པའི་ཚིགས་དང་པོ་ལ་སོགས་པ་རྣམས་སུའོ། །ཚུལ་ཇི་ལྟར་འཕོ་ན། བདེ་མཆོག་སྡོམ་འབྱུང་དང༌། མཁའ་འགྲོ་རྒྱ་མཚོ་དག་ལས་དབྱངས་བཅུ་དྲུག་དང་སྦྱར་ནས། ཡར་ངོའི་ཚེས་གཅིག་ལ། རྐང་པའི་སོར་མོ་ཡི་གེ་ཨཿཞེས་བྱ་བ་ལ་སོགས་པའི་སྒོ་ནས་གསུངས་པ་ཡང་འདིར་ཆ་མཐུན་ཙམ་དུ་རུང་མོད་ཀྱང༌། སྨན་དཔྱད་ལུགས་ཀྱི་བླ་གནས་དང་ངེས་པར་མཐུན་པ་ནི། དུས་ཀྱི་འཁོར་ལོ་སྟེ་དེའི་དགོངས་དོན་བཀྲོལ་བ་ནི། ཐབས་ཤེས་རོ་རྐྱང་དབང་གིས་ནི། །བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་གཡས། །དེ་ཡང་ཚེས་གཅིག་རྐང་པ་ཡི། །སོར་ཚིགས་དང་པོར་ཡི་གེ་ཨཿ། །གཉིས་པར་ཨི་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡི་གཟུགས། །ལྔ་པ་པུས་མོར་ལྀ་ཡིག་གནས། །དྲུག་པར་དཔྱི་ཡི་མཚམས་སུ་ཨ། །བདུན་པར་ལག་སོར་དང་པོར་ཨཻ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དེ་བཞིན་དགུ་ལ་གསུམ་པར་ཨོ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ། །བཅུ་གཅིག་པ་ལ་གྲུ་མོར་ཧ། །བཅུ་གཉིས་དཔུང་མགོར་ཡ་ཞེས་བརྗོད། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །བཅོ་ལྔ་བཅུ་དྲུག་མཚམས་སུ་ནི། །སྤྱི་བོར་ཨོཾ་གི་གཟུགས་ཀྱིས་སོ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས། །བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་ཚིགས་པ་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོར་ཨཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལིའ། །ཉེར་བདུན་ལོང་བུར་ཨཱུ་ཞེས་བྱ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རྀའ། །ཉེར་དགུ་སོར་ཚིགས་གཉིས་པར་ཨིའ། །གནམ་གང་སོར་ཚིགས་དང་པོར་ཨཱ། །གནམ་སྟོང་དང་ནི་ཚེས་གཅིག་མཚམས།། རྐང་པའི་མཐིལ་དུ་ཨཿཡི་གཟུགས། །འདི་དང་ཨཾ་གི་དུས་ཀྱི་ཚེ། །བྱང་ཆུབ་སེམས་ཀྱིས་མགོ་ལུས་ཀུན། །ཁྱབ་ཕྱིར་ཤིན་ཏུ་གཉན་པ་སྟེ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །དེ་ཡང་ཞིབ་ཏུ་ན། །ཕྱག་ན་རྡོ་རྗེའི་འགྲེལ་པར། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་གསུངས་པའི་རིམ་པས། འདིར་ཁམས་བྱང་ཆུབ་ཀྱི་སེམས་ཡི་གེའི་གཟུགས་ཅན་དེ་རྣམས་རང་རང་གི་གནས་དེ་དང་དེའི་སྔ་མར་ནུས་པ་ཐིམ་པ་དང་དེ་ཉིད་དུ་ལོངས་སྤྱོད་པ་དང༌། ཕྱི་མ་དེ་འགོ་རྩོམ་པའི་ཚུལ་གྱིས་ནུས་པ་གསལ་བར་བྱེད་པ་ཡིན་ཏེ། དཔེར་ན་ཚེས་ལྔ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་ལོང་བུའི་ཚིགས་མཚམས་ཀྱི་ཁམས་ཨིའི་རྣམ་པ་ཅན་དེ་དག་ལ་ཐིམ་ནས་པུས་མོའི་ལྀའི་གཟུགས་ཅན་ལ་ལོངས་སྤྱོད་ཅིང་དཔྱི་རུས་ཀྱི་ཨའི་གཟུགས་ཅན་ལ་འགོ་རྩོམ་པ་འདི་ཁོ་ན་ལྟར་གཞན་རྣམས་ལའང་མཚུངས་པའི་དོན་གྱིས་སོ། །དེས་ན་ནུས་པ་འཕོ་བ་ཙམ་མ་གཏོགས་ཁམས་ཡི་གེའི་གཟུགས་ཅན་དེ་རྣམས་གནས་གཅིག་ནས་གཅིག་ཏུ་འཕོ་བ་ནི་མ་ཡིན་ཏེ། སོར་མོའི་ཚིགས་ལ་སོགས་པའི་གནས་སུམ་ཅུ་རྩ་གཉིས་པོ་དེ་རྣམས་སུ་རང་རང་གི་ཡི་གེའི་གཟུགས་ཅན་གྱི་ཁམས་རྣམས་རྟག་པར་གནས་བཞིན་པ་ཡིན་ནོ། །སྐྱེས་པའི་ཁམས་བྱང་ཆུབ་ཀྱི་སེམས་ནི་རྐྱང་མའི་དབང་ལས་འབྱུང་བའི་ཕྱིར་གཡོན་དང༌། བུད་མེད་ཀྱི་བྱང་སེམས་ནི་རོ་མའི་དབང་གིས་འབྱུང་བའི་ཕྱིར་ན་གཡས་ཕྱོགས་ནས་ཐོག་མར་རྩོམ་པ་ཡིན་གྱི། སྐྱེས་པ་ལ་དམར་ཆ་དང་བུད་མེད་ལ་དཀར་ཆའི་གནས་ཚུལ་དེ་ལྟ་བུ་ནི་མེད་དོ། །གནས་ཚུལ་འདི་དག་ཕལ་ཆེར་ནི་གཏར་སྲེག་བྱེད་པའི་གནས་སུ་མ་བྱུང་བས་བླ་གནས་སུ་ཅི་ལྟར་རུང་ཞེ་ན། ཁམས་བྱང་ཆུབ་ཀྱི་སེམས་ལ་བླའི་མིང་གིས་བཏགས་པ་དེ་ཉིད་གང་དུ་གནས་པ་ན་ནི་འོས་མེད་ལ། དེ་དག་གི་སྔ་མ་དང་ཕྱི་མ་སྟེ། ཐིམ་ལོང་བདག་པོ་གསུམ་གས་བསྡུས་པའི་ཁྱོན་དེ་དག་ཀུན་ལ་བླ་གནས་ཞེས་ཤེས་དགོས་པ་ཡིན། བླ་གནས་ལ་ཕྲ་བ་ནི་བཻ་ཌཱུར་དཀར་པོར་བཤད་པ་ལྟར་དང༌། ཉ་སྟོང་གི་ཚེ་མགོ་ལུས་ཐམས་ཅད་ཁྱབ་པར་གནས་པའི་ཚེ་རྩ་ཞིག་སྟེ། གཅིག་ནི་སྣའི་སྒོ་ནས་འབྱུང་བའི་དབུགས་དང་འགྲོགས་ནས་མཉམ་པའི་ཚུལ་གྱིས་རྒྱུ་བ་སྟེ། དཔལ་དུས་ཀྱི་འཁོར་ལོ་ལས། ཉི་མ་ཟླ་བ་མཉམ་དང་མི་མཉམ་འགྱུར་བ་དགག་ཅིང་དབུ་མར་མེ་ནི་ཞུགས་པར་གྱུར་པ་དང༌། །སྲོག་དང་ཐུར་དུ་སེལ་བ་གཉིས་ཀྱི་ཡང་ནི་ཉི་མ་དང་པོར་སོན་པའི་དུས་མེས་འཆི་བ་བསླུ། །ཞེས་གསུངས་པའི་དོན་ཏེ། དེ་ཡང་ལས་ཀྱི་རླུང་ནི་རོ་རྐྱང་གི་ལམ་ནས་སྣའི་སྒོར་རྟག་ཏུ་རྒྱུ་བའི་དབུགས་འདི་ཉིད་ལ་བཤད་ཅིང༌། ཡེ་ཤེས་ཀྱི་རླུང་ནི་དབུ་མའི་ལམ་ནས་བརྒྱུད་དེ། འདི་ལ་ཆ་གཉིས་སུ་ཕྱེ་བའི་གཅིག་གིས་ནང་དུ་སྲོག་རླུང་གི་ནུས་པ་བསྐྱེད་ཅིང༌། གཅིག་ནི་ལས་ཀྱི་རླུང་དང་འདྲེས་པའི་ཚུལ་གྱིས་རྒྱུ་བ་ཡིན་ལ། དེ་དག་ཀྱང་ཞིབ་ཏུ་ན་ཞག་གཅིག་ལ་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ལས་ཁྲི་དང་དྲུག་སྟོང་བཞི་བརྒྱ་དྲུག་ཅུ་སྟེ། ཕྱེད་དང་གསུམ་ནི་ལས་ཀྱི་རླུང་དང༌། དེ་ལྷག་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི་ཡེ་ཤེས་ཀྱི་རླུང་སྲོག་གི་རང་བཞིན་ཕྱིར་རྒྱུ་བ་ཡིན་ནོ། །དེའི་ནང་ནས་སྲོག་གི་རང་བཞིན་ཅན་ཡེ་ཤེས་ཀྱི་རླུང་དེ་ཉིད་ཕྱི་རོལ་དུ་ཚད་ལས་མང་བར་བརྒྱུས་པ་ན་ཚེ་ཐུང་ངུར་འགྱུར་ཞིང༌། གལ་ཏེ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་གི་ཁོངས་སུ་རྒྱུ་ན་དེའི་ཚེ་མཐར་ཕྱིན་པ་དང༌། བུམ་པ་ཅན་གྱི་རིམ་པས་ནང་དུ་འཛིན་ནུས་པ་ན་འཆི་མེད་འགྲུབ་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱིས་རླུང་གི་སྒོ་ནས་ཚེ་རིང་ཐུང་ལ་སོགས་པའི་ལྟས་ཤེས་པ་རྣམས་ཀྱང་འདི་ཉིད་ལ་བརྟེན་ནས་བརྟགས་པ་ཡིན་ནོ།།

དེས་ན་སྲོག་གི་ཆ་ཤས་ལས་ཚེའི་རྩ་ཞེས་པ་མིང་གིས་བཏགས་པ་དེ་ནི་སྣ་སྒོའི་དབུགས་ཕྱིར་སོར་མོ་བཅུ་དྲུག་ཙམ་དུ་ཕྱིན་ནས་སླར་ནང་དུ་འཇུག་པ་ཞིག་དང༌། གཅིག་ནི་བླ་འཁྱམས་པ་ཞེས་འཇིག་རྟེན་ན་གྲགས་པ་དེ་དང་འདྲ་སྟེ། །རྟག་ཏུ་ལག་པའི་ཆུ་རྒྱུས་ཀྱི་གསེབ་ནས་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་འམ་རྒྱུ་བ་ཞིག་དང་གསུམ་དུ་རྒྱུད་སྡེ་ལ་སོགས་དང་སྦྱར་ན་དོན་དུ་གནས་གསོ་དཔྱད་རང་གི་ལུགས་སུ་རྩ་ཞེས་དགོས་པའི་ཕྱིར་དང་བཅས་བླ་དང་འདྲ་སྟེ་འཁྱམས་པ་བཤད་མ་ཁད་པ་ལྟར་དང་མགོ་ལུས་ཀུན་དུ་ཁྱབ་པ་ནི་ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་དང་དབུགས་དང་འགྲོགས་ཏེ་རྒྱུ་བ་ཕྱི་ནང་དབུགས་ཀྱིས་ལན་ལྔ་བརྟག་དགོས་པའི་ཕྱིར་དང་བཅས་གོང་རྩར་བཟུང་ན་འཐད་པར་སེམས་སོ། །འདི་དག་ཀུན་ཀྱང་སྲོག་གི་ཆ་ཤས་སུ་གྱུར་བ་ཡིན་པས་ན་ཚེ་ཞེས་པའི་བརྡ་སྦྱར་བ་ཡིན་ནོ།།

རླུང་རྣམས་དང་ཁྲག་དང་དྭངས་མ་རྣམས་དང་སྙིགས་མ་ཐམས་ཅད་རྒྱུ་བའི་བུ་ག་ཕྲ་རགས་རྣམས་ཀྱིས་ལུས་ཀྱི་ཕྱི་ནང་ཀུན་དུ་འབྲེལ་བར་བྱས་པས་ལུས་འདི་ནི་ལེགས་པར་བསྐྱེད་ཅིང་ཡུན་རིང་དུ་གནས་པར་བྱེད་པའི་དོན་གྱིས་ན་ལུས་ཀྱི་རྩ་བ་ལྟ་བུ་དང༌། ལྷག་པར་སྲོག་གནས་པའི་རྩ་བ་ལྟ་བུ་ཡིན་པའི་ཕྱིར། རྩ་ཞེས་བྱ་བར་མིང་གིས་བཏགས་པ་ཡིན་ནོ།།

ལུས་འདིའི་གཉན་པའི་གནས་ལ་ཤ་དང་ཚིལ་དང་རུས་པ་དང་ཆུ་བ་དང་རྒྱུས་པ་དང་དོན་སྣོད་དང་རྩའི་གནད་དང་རྣམ་པ་བདུན་དུ་ཡོད་པ་ལས། མདའ་ལ་སོགས་པའི་མཚོན་ཕོག་ནས་འཆད་པར་འགྱུར་བའི་ཤ་གནད་རྣམས་སུ་ཕོག་ན་ལྷོག་ཐབས་སུ་སྐྲང་བར་བྱེད་ཅིང༌། རུས་པའི་གནད་རྣམས་སུ་ཕོག་ན་ལྷག་པར་ཡང་ཟུག་ཆེ་བར་བྱེད་པ་དང༌། ཆུ་བ་དང་རྒྱུས་པའི་གནད་རྣམས་གང་དུ་ཕོག་ན་ཡན་ལག་ལ་སོགས་པ་འཇའ་བར་བྱེད་པ་སྟེ། རྩ་དང་ཚིལ་དང་དོན་སྣོད་ཀྱི་གནད་རྣམས་སུ་ཕོག་ན་དེ་ཉིད་ཀྱི་རྐྱེན་གྱིས་སྲོག་འདོར་བར་བྱེད་པ་ཡིན་ལ། མདོར་ན་བཤད་མ་ཐག་པའི་སྡེ་ཚན་རྩ་ཚིལ་ལ་སོགས་པ་དང༌། ཆུ་རྒྱུས་དང་ཤ་རུས་ཀྱི་གནད་གསུམ་པོ་ལས་རིམ་བཞིན་དུ་ཤིན་ཏུ་གཉན་པ་འབྲིང་དང་ཐ་མ་གསུམ་དུ་ངེས་པ་ཡིན་ནོ། །ཕྱི་མས་ནི་འཆི་བར་བྱེད་པ་དང༌། བར་མས་ནི་སྦྱོང་བར་བྱེད་པ་ཙམ་དང༌། སྔ་མ་ནི་གསོ་བར་དཀའ་བའི་ཕྱིར་རོ། །དེས་ན་ལུས་ཀྱི་བྱེ་བྲག་ལས་དེ་རྣམས་ལ་གཉན་པའི་གནད་ཅེས་བྱ་བའི་མིང་གིས་བཏགས་པ་ཡིན་ནོ།།

ཤའི་གནད་ཐམས་ཅད་བསྡོམས་ན་བཞི་བཅུ་རྩ་ལྔ་སྟེ། བཞག་སྒོར་འཁྱིལ་འདྲ་སྤྱི་བོའི་ཤ །གཞུ་ཤུལ་བཏང་འདྲ་མཚོག་མའི་ཤ །ཉ་ལྡང་གཤིབས་འདྲ་ལྟག་པའི་ཤ །ལུག་མཁལ་བརྩེགས་འདྲ་མུར་གོང་གཉིས། །དེ་ལྟར་མགོ་ལ་ཤ་གནད་ལྔ། །གྲེ་བའི་གཡས་གཡོན་རྒྱང་ཤ་གཉིས། །ཨོལ་གོང་མིད་པར་རེ་རེ་སྟེ། །སྐེ་ལ་ཤ་གནད་བཞི་ཡིན་ནོ། །སྒལ་འདབ་བཤུལ་ཤ་ཕྱི་ནང་བཞི། །སོག་པའི་སྟ་ཟུར་སྟ་ཤ་གཉིས།། བྲང་གི་ངོས་ནས་ནུ་ཤ་གཉིས། །མཆན་ཁུང་བཞག་ཤ་དཀར་ནག་བཞི། །དཔུང་པའི་ཐལ་གོང་གཉའ་ཤ་གཉིས། །སོག་པའི་ཁ་འཁོར་འདར་ཤ་གཉིས། །དེ་ཡི་དབུས་ན་འབྲོས་ཤ་གཉིས།  ཤ་གནད་བཅོ་བརྒྱད་བྱང་ཁོག་གིའོ། །དཔུང་ཚིགས་སོར་བཞི་ལུག་གཞུག་གཉིས། །མཁྲིག་མའི་ཚིགས་ནས་མཁྱིད་གང་གྱེན། །ལག་ངར་ཉྭ་སྙིང་གཡས་གཡོན་གཉིས། །གྲེ་མོ་གཞུ་མཆོག་སོར་དྲུག་བཅལ། །ལྷུ་ཡི་ཉྭ་སྙིང་གཉིས་གནས་ལ། །མཐེབ་མཛུབ་བར་གྱི་གར་ཤ་གཉིས། །ཆང་བཟུང་སྟེང་གི་ཤ་རྒོད་གཉིས། །བརླ་སྒང་སོར་གཉིས་སྒང་ཤ་གཉིས། །གཉན་གོང་སོར་བཞི་སྦལ་ནག་གཉིས། །སྲེ་ལོང་མཚམས་ནས་མཁྱིད་གང་གྱེན། །ཉྭ་མགོ་གཉིས་དང་སླར་གྱེན་དུ། །སོར་དྲུག་གཞལ་བར་ཉྭ་སྙིང་གཉིས། །ཡན་ལག་རྣམས་ལ་བཅོ་བརྒྱད་དེ། །ཤ་གནད་ངོ་བོ་བཞི་བཅུ་ལྔ། །གཞན་ཡང་རླིག་པའི་འབྲས་བུ་གཉིས། །ལག་པའི་ངར་ཆེན་གཉིས་དང་ནི། །བྱིན་ཤ་ཤུལ་མེད་གཉིས་བཅས་ཀྱི། །ཤ་གནད་ང་གཅིག་ཡོད་པའང་ཡིན། །དེ་བཞིན་ཚིལ་གྱི་གནད་བརྒྱད་ནི། །སྐྱོགས་རའི་མཚམས་ནས་སོར་བཞི་ན། །ཚིལ་གནད་རྨེན་བུ་མགོ་སྔོན་གཉིས། །མཆན་འོག་སྣ་ནས་སོར་ལྔ་ན། །རྨེན་བུ་སྨུག་པོ་ཞེས་བྱ་གཉིས། །པུས་མོའི་ཚིགས་མཚམས་ཕྱི་ཟུར་གྱེན། །མཐོ་གང་རྨེན་བུ་དཀར་པོ་གཉིས། །དེ་ནས་སོར་གསུམ་སྦྲུལ་མགོ་གཉིས། །སྔ་མ་གཉིས་པོ་བྱང་ཁོག་གི །ཕྱི་མ་དྲུག་ནི་ཡན་ལག་ལ། །དེ་ལྟར་ཚིལ་གནད་རྣམ་པ་བརྒྱད། །རུས་པའི་གནད་ནི་སུམ་ཅུ་རྩ་གཉིས་ཡོད་དེ། སྣ་ཡི་རྩེ་མོ་ཐད་དྲང་རྒྱབ། །རྣ་བའི་ལྟག་གི་སྐྲ་མཚམས་གཉིས། །སྐྲ་མཚམས་སོར་བཞི་སྨིན་དབྲག་སྟེ། །གཉན་ས་ཐོད་མཚམས་སྡུད་སྒོ་བཞི། །རྣ་ལྷན་གཉིས་དང་མིག་འབོར་གཉིས། །མཁུར་ཚོས་ཟ་འགྲམ་གཉིས་གཉིས་བཞི། །སྲུབས་རེ་ལྟག་ལྷན་བཅུ་བཞི་ནི། །མགོ་བོའི་རུས་གནད་ཡིན་ཞེས་བྱ། །བྱ་འདབ་མཁར་མཚམས་རྣམ་པ་བཞི། །མཁར་ཏེ་ལྔ་པོ་སྐེ་ལ་འོ། །སོག་པ་གཉིས་དང་སྒྲོག་རུས་གཉིས། །སྒལ་ཚིགས་བྲང་རུས་གཞུག་ཆུང་གསུམ། །བྱང་ཁོག་རུས་གནད་ངོ་བོ་བདུན། །ལྷ་ང་ལོང་བུ་སྲེ་ལོང་དྲུག །ཡན་ལག་རུས་གནད་ངོ་བོ་ཡིན། །རུས་གནད་སུམ་ཅུ་གཉིས་སུ་བཞེད། །དཔུང་པ་གྲུ་མོ་གཉིས་གཉིས་དང༌། །དཔྱི་གཉིས་ལྷ་རུ་རྩེ་བཅས་པའི། །སོ་དགུར་བཞེད་པའང་འཐད་པ་ཡིན། །རྒྱུས་གནད་བཅུ་བཞི་ནི། །སྐེ་ལ་མཇིང་པའི་ཆུ་ལེབ་གཉིས། །བྱང་ཁོག་ཕྲག་གོང་ཆུ་བ་གཉིས། །སྒྱིད་ཆུ་རྟིང་ཆུ་སྦལ་མགོ་དྲུག །གྲུ་མོ་མཁྲིག་མ་གཉིས་གཉིས་བཞི། །དེ་ལྟར་བཅུ་བཞི་ཆུ་རྒྱུས་གནད། །དོན་སྣོད་གྱི་གནད་བཅུ་གསུམ་ནི་དོན་ལྔ་སྣོད་དྲུག་བཅུ་གཅིག་སྟེང་ཚིལ་ཤུབས་དཀར་ནག་གཉེ་མ་དང་བཅས་པའི་དོན་སྣོད་གནད་ངོ་བོ་ནི་བཅུ་གསུམ་མོ། །གཞན་མཁལ་མ་གཅིག་དང་བུ་སྣོད་འདྲེན་པའི་བཅོ་ལྔར་བཞེད་པའང་ཡོད་པ་ཡིན་ནོ། །རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་ཡོད་དེ། །རྩེ་ནག་གཉིད་ལོག་ལས་གྱེས་པའི། །དར་སྟེང་ཁྱབ་པའི་རེ་ཐག་བཞི། །ལྟག་རུས་མཁུར་ཚོས་ཀླད་པ་སྲུབས། །འདུས་སོ་ཕྱི་ནང་རྒྱུག་པ་གཉིས། །དེ་དྲུག་འཚོ་བྱེད་དར་རྩ་ཡིན། །ལྟག་པའི་ཆུ་ལེབ་གཡས་གཡོན་ལ། །སྦུ་གུ་ཅན་གཉིས་དེ་ནས་ཕྱིར། །ཚོན་རེ་སྤུ་མཁྱིལ་འཇའ་བྱེདགཉིས། །རྣ་ཤལ་འོག་གི་རཏྣ་གཉིས། །ཟ་འགྲམ་སྟེང་གི་སོ་རྩ་གཉིས། །རྐན་གྱི་དབུས་ན་སུམ་མདོ་རིས། །དེ་དགུ་གཞན་འབྲེལ་ཆུ་རྩ་སྟེ། །བཅོ་ལྔ་ཀླད་པའི་རྩ་ཡིན་ནོ། །སྡུད་སྒོ་གཉིས་དང་དེ་དབུས་གསུམ། །གཙུག་དང་མཚོག་མ་སྨིན་དབུས་བཞི། །མཁུར་ཚོས་གཉིས་ཀྱི་གཟེར་རྩ་དགུ། །རྣ་ལྷན་སྟེང་གི་འཕྲེད་ཉལ་གཉིས། །གཞའ་ཁུག་ཇི་ཐེར་འཁྱམས་པོ་སྟེ། །ངེས་མེད་ལྷ་བའི་རྩ་གསུམ་མོ། །དེ་ལྟར་བཅུ་བཞི་རུས་པའི་རྩ། །ལྟག་ཟུར་ལྟག་རྩ་ནག་པོ་གཉིས། །རྣ་བའི་ཕྱི་ནང་ལྗོན་ཤིང་བཞི། །མུར་གོང་སྐྲ་མཚམས་ལྟག་རལ་གཉིས། །དཔྲལ་བར་གསེར་མདུང་དངུལ་མདུང་གཉིས། །མཚུལ་པའི་འགྲམ་གྱི་འཕར་རྩ་གཉིས། །སྨིན་མའི་མཇུག་གི་མིག་རྩ་གཉིས། །དེ་ལྟར་བཅུ་བཞི་ཤ་ཡི་རྩ། །བསྒྲིལ་བས་ངོ་བོ་བཞི་བཅུ་གསུམ། །ཤ་རུས་ཀླད་རྩ་གསུམ་ག་ཡང༌། །འདུས་པའི་ཚངས་སྐུད་སྤྱི་བོར་ཡོད། །ཀུན་ཀྱང་མགོ་བོའི་རྩ་གནད་ཡིན། །དར་གྱི་དཔྱངས་ཐག་བཅུ་གསུམ་དང༌། །ཨོལ་གོང་མིད་པའི་བར་ན་ཡང༌། །སྙིང་རྩ་གསེར་གྱི་སྐུད་པ་གཅིག །དེ་ཡི་གཡས་གཡོན་ཚོན་རེ་ན། །གཉིད་ལོག་རྩེ་འདྲ་གཉིས་གཉིས་བཞི། །དེ་ནས་ཕུན་རེར་རྩེ་ནག་གཉིས། །དེ་ནས་ཕུན་རེར་རྩེ་ཆུང་གཉིས། །དེ་ལྟར་ཉི་ཤུ་རྩ་གཉིས་སོ། །སྐེ་ཡི་རྩ་གནད་ཡིན་ཞེས་བྱ། །ནང་དུ་སྦས་པའི་རྩ་ཆེན་བརྒྱད། །ནུ་མའི་མདུན་གྱི་ཁབ་འདྲ་གཉིས། །སྒྲོག་རུས་འོག་གི་གཟེར་འདྲ་གཉིས། །ནུ་མའི་གོང་འོག་བུ་རྩ་གཉིས། །དེ་དྲུག་སྙིང་གི་རྩ་ཡིན་ནོ། །ཚིགས་པ་བཞི་པའི་ཚིགས་འགྲམ་གཉིས། །དྲུག་པའི་གཡས་གཡོན་ནང་རྒྱུག་གཉིས། །བརྒྱད་པའི་གཡས་གཡོན་གྲོག་རྐེད་གཉིས། །བཅུ་པའི་གཡས་གཡོན་སྒེ་དོར་གཉིས། །སྒྲོག་རུས་འོག་གི་འབྲེང་བུ་གཉིས། །ནུ་མའི་མདུན་གྱི་ཕྱི་རྒྱུག་གཉིས། །སྒྲོག་ཆར་གཡས་གཡོན་བསྣོལ་མ་གཉིས། །མཆན་འོག་ཕྱི་ནང་གཟེར་མགོ་གཉིས། །དེ་ཡི་དབུས་ན་ཟངས་མ་གཉིས། །མེ་ལོང་འོག་གི་སྔོན་བུ་གཉིས། །ཨུ་ཟུར་བཀལ་བའི་ཁུག་པ་གཉིས། །དེ་ལྟར་བྱང་ཁོག་གློ་བའི་རྩ། །ནུ་མདུན་མཆིན་རྩ་ཤ་མོན་གཉིས། །སྟ་ཤའི་ཁྲོད་ཀྱི་མཆེར་རྩ་གཉིས། །ལྷེན་སྣའི་གཡས་གཡོན་སྦྲུལ་མིག་གཉིས། །ཕོ་དབུས་གཡས་གཡོན་ཀ་བ་གཉིས། །ལྟེ་བའི་གོང་གི་བོང་རྨེད་དེ། །དེ་ལྟར་ཕོ་བའི་རྩ་ལྔ་དང༌། །ལྟེ་ཟུར་གཡས་གཡོན་ལོང་རྩ་གཉིས། །དེ་འོག་རྒྱུ་རྩ་རྣམ་པ་གཉིས། །སྣེ་སར་བསམ་སེའི་རྩ་གཅིག་དང༌། །མཚན་མར་ལྒང་པའི་ཆུ་རྩ་གསུམ། །ངོ་བོ་ལྔ་བཅུ་རྩ་གསུམ་དང༌། །བྱང་ཁོག་ཕྱི་ནང་རྩ་གནད་ཡིན། །ལུག་གཞུག་གནས་དོན་ཆུ་རྩ་གཉིས། །གྲུ་མོའི་རླུང་རྩ་རཏྣ་གཉིས། །སྙན་གོང་རུས་རྩ་སྒྱེད་བུ་གཉིས། །ཕྱི་ལོང་བར་ན་རྒྱུ་རྩ་གཉིས། །རྐང་མཐེབ་རྒྱུས་རྩ་པིར་མགོ་གཉིས། །སྐྱོགས་རའི་ཚིགས་མཚམས་ཀ་བ་གཉིས། །གནག་ཆེན་གཉེར་མ་སྐྱ་རེངས་གཉིས། །ལུག་གཞུག་འོག་གི་དཔུང་རྩ་གཉིས། །གྲུ་མོའི་སྒང་ན་སྒང་རྩ་གཉིས། །དེ་ཡི་ནང་ཁུད་དྲུག་འགོ་གཉིས། །ཨ་སོའི་མཚམས་ན་སྣོད་ཀ་གཉིས། །གྲུ་མོའི་འོག་གི་རུ་ཐུང་གཉིས། །དཔུང་པའི་ནང་ངོས་དུང་འབུད་གཉིས། །དཔུང་སོག་བར་གྱི་ཀ་བ་གཉིས། །གློ་སྙིང་མཆིན་མཁྲིས་འདོམས་རྩ་དང༌། །གློ་མཆིན་འདོམས་པའི་རྩ་དྲུག་དང༌། །བརླ་ཡི་ནང་ངོས་རྩ་ཆེན་གཉིས། །སྨད་གསུམ་ཞེས་བྱའི་བྱིན་གཞུག་གཉིས། །བརླ་ཡི་ཕྱི་ཟུར་རྩ་ནག་གཉིས། །དཔྱི་ཡི་ཁ་གཟར་ན་གུ་གཉིས། །བརླ་སྒང་དབུས་ཀྱི་རུས་ཞེན་གཉིས། །བརླ་ཡི་ཕྱི་སུལ་རྐང་འདེགས་གཉིས། །རྒྱ་ཚིགས་སྟེང་ན་ཡོབ་གོང་གཉིས། །རྐང་མཐིལ་བཞག་འདྲ་མཐིལ་འཕྲོག་གཉིས། །བོལ་གོང་འགུལ་རྩ་ནག་པོ་གཉིས། །ནང་ལོང་ལྕགས་ཀྱི་སྲན་མ་གཉིས། །ངར་གདོང་སྲུབས་ཀྱི་ཀ་གདུང་གཉིས། །སྒབ་ཁུང་སྒབ་རྩ་ནག་པོ་གཉིས། །སྣེ་སའི་ཁུད་ཀྱི་མིག་དམར་གཉིས། །ལག་པའི་མཐིལ་གྱི་མྱུར་བ་གཉིས། །མཛོད་སྤུ་ཆུང་གི་འགུལ་རྩ་གཉིས། །མཁྲིག་མའི་ཡར་ཟུར་བལྟ་རྩ་གཉིས། །དེ་ཡི་མར་ཟུར་བླ་རྩ་གཉིས། །གྲུ་མོའི་ནང་ཁུག་ལི་ཁ་གཉིས། །མཆན་ཁུང་ནང་གི་རྔུལ་འདུ་གཉིས། །དེ་ལྟར་བདུན་ཅུ་རྩ་གཉིས་པོ། །ཡན་ལག་གི་ནི་རྩ་གནད་ཡིན། །ཡོངས་སུ་བརྒྱ་དང་དགུ་བཅུ་ཐམ། །ལག་པར་མཁྲིས་རྩ་གཉིས་གཉིས་དང༌། །བསམ་སེའི་རྩ་གཅིག་བཅས་པ་ཡི། །རྩ་གནད་བརྒྱ་དང་གོ་གསུམ་བཞེད། །ཤ་ལ་སོགས་པའི་རིགས་དྲུག་པོ་དེ་མགོ་ལ་སོགས་པའི་གནས་བཞི་པོ་ལ་དགོས་པས། །མགོ་ལ་དྲུག་ཅུ་རེ་གཉིས་ཏེ། །དེ་ཡང་མགོ་ལ་ཤ་གནད་ལྔ། །རུས་གནད་བཅུ་བཞི་རྩ་ཡི་གནད། །ཞེ་གསུམ་བསྡོམས་པས་དྲུག་ཅུ་གཉིས། །སྐེ་ལ་སུམ་ཅུ་སོ་གསུམ་དང༌། །ཞེས་པ་ནི། ཞེས་པ་སྐེ་ལ་ཤ་གནད་བཞི། །རུས་གནད་ལྔ་དང་རྒྱུས་གནད་གཉིས། །རྩ་གནད་ཉི་ཤུ་རྩ་གཉིས་ཏེ། །བསྡོམས་པས་དེ་ལྟར་སུམ་ཅུ་གསུམ། །དགུ་བཅུ་གོ་ལྔ་བྱང་ཁོག་སྟོད་སྨད་ལ་གནས་པ་ནི། བྱང་ཁོག་ལ་ནི་ཤ་ཡི་གནད། །བཅོ་བརྒྱད་དང་ནི་ཚིལ་གནད་གཉིས། །རུས་གནད་བདུན་དང་རྒྱུས་གནད་གཉིས། །རྩ་གནད་ང་གསུམ་དོན་སྣོད་གནད། །བཅུ་གསུམ་བསྡོམས་པས་དགུ་བཅུ་ལྔ། །བརྒྱ་དང་བཅུ་གཉིས་ཡན་ལག་བཞི་པོ་ལ་གནས་པ་ནི། ཡན་ལག་ལ་ཡང་ཤ་ཡི་གནད། །བཅོ་བརྒྱད་དང་ནི་ཚིལ་གནད་དྲུག །རུས་གནད་དྲུག་དང་རྒྱུས་གནད་བཅུ། །རྩ་གནད་བདུན་ཅུ་རྩ་གཉིས་ཏེ། །བསྡོམས་པས་བརྒྱ་དང་བཅུ་གཉིས་སོ། །དེ་གཉིས་པོ་གང་རུང་བ་རེ་རེ་བརྩིས་པས་གནད་ཀྱི་རྣམ་གྲངས་ངོ་བོ་འམ་ངེས་པ་སུམ་བརྒྱ་དང་རྩ་བའི་གཉིས་ཏེ་ཉག་མ་གཉིས་འབྱུང་བར་བཤད་པ་ཡིན་ཞིང༌། གཞན་ཡང་རགས་པའི་དབང་གིས་ཉི་ཤུ་རྩ་གསུམ་དུའང་བཞེད་ལ་དེ་ལས་སྤྲོས་པ་ནི་མཐའ་ཀླས་པའང་འབྱུང་ངོ༌། །དེ་གསུམ་ག་ཕན་ཚུན་མཐུན་བྱུང་ན་འཁྲུལ་མེད་དུ་ངེས་པ་ཡིན་པས། བཤད་མ་ཐག་པའི་གནད་ཀྱི་རྣམ་གྲངས་དེ་རྣམས་ལས་རབ་ཏུ་གཉན་པ་དགུ་བཅུ་རྩ་དྲུག་ཡོད་པ། ཨོལ་གོང་དང་ནི་མིད་པ་གཉིས། །སྦལ་ནག་གཉིས་དང་བྱིན་སྙིང་གཉིས། །རྨེན་བུ་བརྒྱད་དང་སྡུད་སྒོ་བཞི། །སྲུབས་དང་དོན་སྣོད་བཅུ་གསུམ་དང༌། །དར་དཔྱངས་བཅུ་གསུམ་གསེར་གྱི་སྐུད། །གཉིད་ལོག་གཉིས་དང་རྩ་ཆེན་བརྒྱད། །ཁབ་འདྲ་གཟེར་འདྲ་བུ་རྩ་དྲུག །ཕྱི་རྒྱུག་བསྣོལ་མ་གཟེར་མགོ་དྲུག །ཟངས་མ་སྔོན་བུ་གཉིས་གཉིས་བཞི། །མཐིལ་འཕྲོག་འགུལ་རྩ་ནག་པོ་དང༌། །ལྕགས་ཀྱི་སྲན་མ་ཀ་གདུང་དང༌། །སྒབ་རྩ་ནག་པོ་མིག་དམར་དང༌། །མྱུར་བ་འགུལ་རྩ་བལྟ་རྩ་དང༌། །བླ་རྩ་ལི་ཁ་རྔུལ་འདུ་སྟེ། །འདི་རྣམས་གཉིས་གཉིས་ཉི་ཤུ་བཞི། །བསྡོམས་པས་དགུ་བཅུ་རྩ་དྲུག་གོ། །དེ་རྣམས་མཚོན་ལ་སོགས་པའི་རྐྱེན་གྱིས་དུམ་བུར་ཆོད་པའམ་ཟིན་པ་ཙམ་གྱིས་ཀྱང་སྲོག་འདོར་བར་བྱེད་པས་ན་སྨན་པ་མཁས་པ་རྣམས་ཀྱིས་ཀྱང་བཅོས་སུ་མེད་པ་དང༌། དེ་འོག་ནས་འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུར་བཤད་པ། ནུ་ཤ་རྣ་ལྷན་མིག་འབོར་དང༌། །མཁུར་ཚོས་ཟ་འགྲམ་གཉིས་གཉིས་བཅུ། །སྒལ་ཚིགས་གཞུག་བྲང་ལྷ་རུ་རྩེ། །བྱ་འདབ་དཔྱི་གཉིས་རུས་པ་བདུན། །གཉའ་བ་གྲུ་མོའི་ཆུ་བ་བཞི། །སྦུ་གུ་ཅན་དང་འཇའ་བྱེད་དང༌། །རཏྣ་གཉིས་གཉིས་ཆུ་རྩ་དྲུག །རྩེ་འདྲ་རྩེ་ནག་རྩེ་ཆུང་དྲུག །ཚིགས་འགྲམ་ནང་རྒྱུག་གྲོག་རྐེད་དང༌། །སྒེ་དོར་འབྲེང་བུ་གཉིས་གཉིས་བཅུ། །རཏྣ་ཀ་བ་སྐྱ་རེངས་དྲུག །དེ་ལྟར་བཞི་བཅུ་རྩ་དགུའོ། །དེ་རྣམས་མཚོན་གྱིས་གཙེས་པའི་ཚེ་ན་སྨན་པ་མཁས་པ་རྣམས་ཀྱིས་བཅོས་སུ་བཏུབ་པ་ཡིན་ཞིང༌། མི་མཁས་པ་རྣམས་ཀྱིས་བཅོས་ཀྱང་མི་འཚོ་བ་དང༌། དེ་གཉིས་ལས་ལྷག་ངོ་བོ་བརྒྱ་དང་ལྔ་བཅུ་རྩ་བདུན་པོ་ལ་སོགས་པ་རྣམས་འདིར་གཉན་པའི་གནད་ཙམ་དུ་བསྟན་པ་ཡིན་ན་ཡང་གནད་གཉན་པར་རབ་འབྲིང་དུ་མ་བཤད་པའི་ཕྱིར་དང༌། མཚོན་གྱིས་ཆོད་ཟིན་ཅིང་རྨ་བྱུང་ཡང་སྨན་པ་ཀུན་གྱིས་གསོ་བར་ནུས་པ་ཡིན་ནོ།།

རྒྱུ་ལམ་བུ་ག་ནི་ལུས་འདི་ལ་སྲོག་ཆེན་པོའི་རླུང་ལ་སོགས་པ་རྒྱུ་བའི་ལམ་བུ་གའི་རྒྱུ་སྲང་གི་གནས་ལུགས་ནི་ཕྱིའི་བུ་ག་དང་ནང་གི་བུ་ག་རྣམ་པ་གཉིས་ཡོད་དོ། །དེ་ལ་དང་པོ་ནང་གི་བུ་ག་ནི་སྲོག་ཆེན་པོའི་རླུང་རྒྱུ་བའི་བུ་ག་རྩ་དབུ་མ་ཡན་ལག་དང་བཅས་པ་དང༌། ཟུངས་རྒྱུ་བའི་བུ་ག་བདུན་ལས་དང་པོ་ཕོ་བ་ནས་མཆིན་པའི་བར་དུ་ཁ་ཟས་ཀྱི་དྭངས་མ་རྒྱུ་བའི་བུ་ག་དང༌། མཆིན་པ་ནས་ཤའི་བར་དུ་ཁྲག་རྒྱུ་བའི་བུ་ག ཁྲག་ནས་ཚིལ་བུའི་བར་དུ་ཤ་རྒྱུ་བའི་བུ་ག་རྣམས་དང༌། ཤ་ནས་རུས་པའི་བར་དུ་ཚིལ་རྒྱུ་བའི་བུ་ག་རྣམས་དང༌། ཚིལ་ནས་རྐང་མར་གྱི་བར་དུ་རུས་པ་རྒྱུ་བའི་བུ་ག་རྣམས་དང༌། རུས་པ་ནས་ཁུ་བ་དཀར་དམར་གྱི་བར་དུ་རྐང་མར་རྒྱུ་བའི་བུ་ག་རྣམས་དང༌། རྐང་མར་ནས་བསམ་སེའི་བར་དུ་ཁུ་བ་དཀར་དམར་རྒྱུ་བའི་བུ་ག་རྣམས་ཏེ་བདུན་དང༌། རགས་པའི་དབང་དུ་བྱས་ན་བཤང་བ་རྒྱུ་བའི་ལམ་ཕོ་བ་ནས་གཞུང་ནག་པོའི་བར་དང༌། །གཅིན་རྒྱུ་བའི་ལམ་ཕོ་བ་ནས་ཆུ་སོ་ལ་ཐུག་པའི་བར་དང༌། རྔུལ་རྒྱུ་བའི་བུ་ག་བ་སྤུའི་བུ་ག་རྣམས་ཏེ་དྲི་མའི་རྒྱུ་སྲང་གསུམ་དང༌། ནམ་ཚོང་ལ་ཆ་ཤས་གཉིས་སུ་ཕྱེ་བའི་ཆུ་དང༌། ཟས་རྒྱུ་བའི་བུ་ག་སྟེ་རྒྱུ་སྲང་བཅུ་གསུམ་དུ་གནས་པ་ཡིན་ནོ། །གཉིས་པ་ཕྱིའི་བུ་ག་ལ་མགོར་མིག་གཉིས། སྣ་བུག་གཉིས། རྣ་བ་གཉིས། ཁ་དང་བཅས་པས་བདུན་དང༌། གསང་བར་བཤང་གཅིའི་ལམ་གཉིས་ཏེ་སྐྱེས་པ་ལ་དགུ་དང༌། བརྒྱད་པ་རང་འགྲེལ་ལས་བུད་མེད་གསུམ་གྱིས་ཆེ་སྟེ་ཞེས་པ་ལྟར་དེའི་སྟེང་དུ་བུད་མེད་ལ་མངལ་ཏེ་བུ་སྣོད་ཀྱི་སྒོ་དང༌། ནུ་མ་ནས་འོ་མ་འབྱུང་བའི་སྒོ་གཉིས་ཀྱིས་ལྷག་པ་ཡིན་ཏེ་བཅུ་གཉིས་སོ།།

དེ་ལྟར་བཤད་མ་ཐག་པའི་ཕྱི་ནང་གི་བུ་ག་དེ་རྣམས་ཀྱི་དབྱིབས་ནི་ཤས་ཆེར་ཟླུམ་ཞིང་སྦོམ་པ་དང༌། ཕྲ་ལ་རིང་བ་དང༌། ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་ཚུལ་གྱིས་གྱེས་པ་ཡིན་ནོ། །དཔེར་ན་ཤིང་ངམ་མེ་ཏོག་གི་ལོ་མའི་རྒྱབ་ཀྱི་རྩའི་རི་མོ་ལྟར་སྦོམ་ཕྲ་དང་རིང་ཐུང་ཅི་རིགས་པར་གྱེས་ཤིང་འབྲེལ་བ་དག་ཏུ་གནས་པ་ཡིན་ནོ། །དེ་བས་ན་དྭངས་མ་ལ་སོགས་པའི་ལུས་ཟུངས་མདངས་ཀྱི་མཐར་ཐུག་པ་རྣམས་མི་ཆད་པར་ཉེ་བར་འཕེལ་བར་བྱེད་པའི་སྒོ་ནི་ནང་གི་བུ་ག་རྣམས་ཡིན་ཏེ། གལ་ཏེ་ཟས་དང་སྤྱོད་ལམ་ནད་གཞི་དང་མི་མཐུན་པ་རླུང་ལྟ་བུ་ལ་ཡང་རྩུབ་བསིལ་བའི་ཟས་སྤྱོད་བསྟེན་པའི་ཚེ་ན་རླུང་ཆེར་ལྡང་ཞིང་བད་མཁྲིས་གཉིས་ཀྱང་འཁྲུག་པར་བྱེད་ལ། རྒྱུ་དེས་བུ་གའི་རྒྱུ་ལམ་རྣམས་ལ་གནོད་པས་ནད་སྣ་ཚོགས་པ་བསྐྱེད་པ་ཡིན་ལ། ཅིའི་ཕྱིར་ཞེ་ན། བུ་གའི་རྒྱུ་ལམ་ལ་གནོད་པ་དེའི་ཚེ་ན་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང༌། དྲི་མ་གསུམ་པོ་མང་དུ་འབྱུང་བའམ་ཡང་ན་འགག་པར་འགྱུར་བ་དང༌། རང་གནས་ལས་ལོག་པའི་ལམ་གཞན་དུ་འགྲོ་ཞིང་ཕན་ཚུན་འཁྲུག་པར་བྱེད་པའི་ཕྱིར། རྒྱུ་མཚན་དེས་ན་ཟས་དང་སྤྱོད་ལམ་གྱི་ནད་གཞི་དང་ལུས་ཟུངས་ལ་སོགས་པ་རྣམས་ལ་གནོད་པ་མེད་པ་ནི་རང་རང་གི་རྒྱུ་ལམ་གྱི་བུ་ག་རྣམ་པར་དག་པ་ཞེས་བྱ་སྟེ། ལུས་འདི་ཉིད་གནས་སྐབས་སུ་བདེ་བར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།