སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཞི་པ། བད་ཀན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།



ལེའུ་བཞི་པ། བད་ཀན་གྱི་ནད་གསོ་བ། 

ཡང་མཁྲིས་ནད་གསོ་བའི་ལེའུ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་བྱ་བ་གཞན་གྱིས་བར་མ་ཆོད་པར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། བད་ཀན་གྱི་ནད་དེ་ལ་རྒྱུ་དང༌། དེའི་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་རྣམ་པ་ལྔའི་སྒོ་ནས་བསྟན་པར་བྱའོ།།

རྒྱུ་ནི་མ་རིག་པ་ལས་བླང་དོར་ལ་རྨོངས་པའི་གཏི་མུག་དེ་ལས་བྱུང་བའི་བད་ཀན་ཐ་མལ་དུ་གནས་པ་རང་རྟགས་དང་ཆོས་མཐུན་གྱི་མཚན་ཉིད་སྣུམ་བསིལ་ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་དང་བདུན་ལྡན་རྣམ་པ་གནས་ཡུལ་ཀླད་པར་གནས་པ་དེ་ཡིན་ལ།

སློང་རྐྱེན་ཁུར་མང་སོགས་རོ་ཁ་བ་འོ་མ་སོགས་མངར་བ་དང༌། ནུས་པ་ལྕི་བསིལ་སྣུམ་རྟུལ་འཇམ་པ་བསྟེན་དྲགས་པ། ཟས་ཟོས་ནས་འགྲངས་པའི་རྗེས་སུ་དལ་བར་བསྡད་པ་དང༌། ཉིན་མོ་གཉིད་ལོག་ཅིང་རླན་སྟེང་ཉལ་བ་དང༌། དགུན་དཔྱིད་ཆུར་ཞུགས་པ། གོས་སྲབ་པས་འཁྱགས་པ། གྲོ་སྲན་སོགས་འབྲུ་ཤིང་ཏོག་གསར་ཐོག་གམ་སེར་ཅན་ཞེས་མ་སྨིན་པ་དང༌། ཡུན་ལོན་ནས་སུངས་པ་དང༌། ར་སྐོམ་གྱི་ཤ་རིད་པ་སྟེ་རྗུད་པ་དང༌། ཚིལ་བུ་དང༌། འབྲུ་མར་དང༌། རྩི་མར་སོགས་ཟས་རུལ་པ་དང༌། ལོ་ཤུར་ཏེ་སྲན་མའི་ལོ་མ་རྙིང་པ་དང་ལ་ཕུག་རས་པ་རི་སྒོག་ལ་སོགས་རྗེན་པའི་ཟས་མཐའ་དག་པ་དང༌། དེ་དག་བཙོས་ཀྱང་མ་ཚོས་པའམ་ཡང་ན་ཚོས་ནས་ཚིག་དྲགས་པ། བཙོས་པ་ཡུན་རིང་ནས་ཁེངས་པོར་གྱུར་པའི་ཟས་ཀྱི་རིགས་མཐའ་དག་ཟ་བ་དང༌། བ་རའི་འོ་མ་སྤྱི་དང་ཁྱད་པར་གྲང་མོ་དེ་བཞིན་དུ་ཞོ་མ་ལངས་པ་དར་བ་རས་པ་དང་ཆུ་གྲང་ཇ་ལ་སོགས་པ་མང་དུ་འཐུངས་པ། གཞན་ཡང་ཟ་ཆེས་པ་དང་བཏུང་ཆེས་ཏེ་ཆ་གཉིས་ཟས་ཆ་གཅིག་སྐོམ་སོགས་ཀྱི་ཚད་ལས་འདས་པའམ། ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང་ངོ༌།།

བད་ཀན་ནད་ལ་དབྱེ་བ་རང་རྒྱུད་ཅན་རྐྱང་པ་དང༌། གཞན་རྒྱུད་ཅན་ལྡན་པའི་དབྱེ་བ་བཤད་པའོ།།

བད་ཀན་རང་རྒྱུད་ཅན་རྐྱང་པ་དེ་ལའང་སྤྱིར་དབྱེ་བ་དང་བྱེ་བྲག་གཉིས་སོ། །སྤྱིའི་དབྱེ་བ་ལའང་རིགས་ཀྱི་དབྱེ་བ་དང་གནས་ཀྱི་དབྱེ་བ་གཉིས་སོ། །བད་ཀན་སྐྱ་བོ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། བད་ཀན་ལྷེན་དང་བད་ཀན་ལྕགས་དྲེག་དང༌། དེ་བཞིན་དུ་མེ་དྲོད་ཉམས་པ་དང༌། བད་ཀན་མགུལ་འགགས་དང༌། གྲུམ་བུ་དཀར་པོ་དང༌། བད་ཀན་འཇུ་སྐེམ་གྱི་ནད་དང་རྣམ་པ་དྲུག་ཏུ་བཤད་པ་ཡིན་ནོ། །གནས་ཀྱི་སྒོ་ནས་དབྱེ་བ་བཤད་ན། ལྤགས་ལ་གྲམས་པ་དང༌། ཤ་ལ་རྒྱས་པ་དང་རྩར་རྒྱུ་བ་དང༌། རུས་ལ་ཞེན་པ་དང༌། དོན་ལ་བབས་པ་དང༌། སྣོད་དུ་ལྷུང་བ་དང༌། དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དེ་ཡང་དོན་ནི་གློ་བ་དང༌། སྙིང་དང༌། མཆིན་པ་དང༌། མཆེར་པ་དང༌། མཁལ་མ་དང་ལྔའོ། །དེ་བཞིན་དུ་སྣོད་ནི་ཕོ་བ་དང༌། ལོང་དང༌། རྒྱུ་མ་དང༌། མཁྲིས་པ་དང༌། ལྒང་པ་དང༌། མངལ་དུ་ཞུགས་པ་དང་རྣམ་པ་དྲུག་གོ། །དེ་བཞིན་དུ་དབང་པོ་ནི་མགོ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང་ལྔའོ། །བད་ཀན་རང་རྒྱུད་ཅན་རྐྱང་པ་དེ་ལ་བྱེ་བྲག་གམ་ནང་ཚེགས་ཀྱི་དབྱེ་ན། རྟེན་བྱེད་དང༌། མྱག་བྱེད་དང༌། མྱོང་བྱེད་དང༌། ཚིམ་བྱེད་དང༌། འབྱོར་བྱེད་དང་རྣམ་པ་ལྔའོ། །བད་ཀན་རྟེན་བྱེད་སོགས་རླུང་དང་འདྲེས་པ་ལྔ། དེ་བཞིན་དུ། བད་ཀན་རྟེན་བྱེད་སོགས་མཁྲིས་པ་དང་འདྲེས་པས་ལྔ་སྟེ་བཅུ་རུ་འགྱུར་བར་བཤད་པ་ཡིན་ནོ། །དེ་ལྟར་རིགས་དྲུག གནས་ཉི་ཤུ། ནང་ཚེགས་བཅོ་ལྔ་དྲིལ་བས་བཞི་བཅུ་རྩ་གཅིག་པོ་དེ་ནི་བཤད་མ་ཐག་པའི་རང་རྒྱུད་ཅན་གྱི་ནད་ཀྱི་དབྱེ་བར་འདོད་དོ།།

གཞན་རྒྱུད་ཅན་དེ་ལ་དབྱེ་ན་སེར་པོ་དང་སྨུག་པོ་གཉིས་སུ་ཡོད་པར་བཤད་པའོ། །

བད་ཀན་དེའི་རྟགས་ལའང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས། བད་ཀན་སྤྱིའི་རྟགས་དེ་ལའང་སློང་བ་རྒྱུའི་སྒོ་ལ་བརྟག་པ་དང༌། ནད་ཀྱི་མཚན་ཉིད་དང་ན་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། ཟས་སྤྱོད་ཕན་གནོད་དང་གོམས་པའི་སྒོ་ནས་བརྟག་པ་དང་རྣམ་པ་གསུམ་མོ། །དང་པོ་སློང་བར་བྱེད་པའི་རྒྱུ་དེ་ལས་བརྟག་པར་བྱ་ན། གོང་གི་སློང་རྐྱེན་སྐབས་ཀྱི་བད་ཀན་བསྐྱེད་པའི་ཟས་དང་སྤྱོད་ལམ་རྣམས་བརྟེན་པའི་རྗེས་ལ་ན་ན་བད་ཀན་ལས་གཞན་ཡིན་པར་མ་བཤད་དོ། །མཚན་ཉིད་ནད་ཀྱི་སྒོ་ནས་བརྟག་པ་ནི། ནད་སྤྱིའི་རྟགས་ཀྱི་རྩ་བྱིང་བ་ནི་གཏིང་དུ་བྱིང་བ་གུད་པ་ནི་སྟོབས་ཆུང་བ། ཞར་བ་ནི་གཡས་དང་གཡོན་ནམ་ཡང་ན་རྩ་སྟོད་སྨད་གང་རུང་མི་གསལ་བ་དང༌། སྙན་རྒྱུད་བེ་བུམ་ནག་པོར་རྩ་ཞར་བ་ནི་མནན་ན་རབ་རིབ་ཙམ་ལས་མི་གསལ་བ་ལའོ། །ཆུའི་མདོག་དཀར་ལ་དྲི་མ་དང་རླངས་པ་ཆུང་བ། ཁ་མངལ་བ་སྟེ་རོ་མི་གསལ་ཞིང་ལྕེ་དང་རྙིལ་གྱི་མདོག་སྐྱ་ལ་མིག་སྤྲིན་དཀར་ལ་སྐྲངས་པ་དང༌། སྣབས་དང་ལུད་པ་མང་ཞིང་མགོ་བོ་འཐོམས་པ་ལུས་སེམས་ལྷན་ཅིག་ཏུ་ལྕི་ལ་དང་ག་མི་བདེ་ཞིང་ལུས་ཀྱི་ཕྱི་ནང་གཉིས་ཀར་དྲོད་མེད་ཅིང་གྲང་བར་སྣང་བ་ཟས་སྐོམ་འཇུ་བའི་སྟོབས་ཆུང་ལ། མཁལ་མ་དང་སྐེད་པ་མི་བདེ་བ་དང་ལུས་སྦོ་ཞིང་བྱེ་བྲག་ཏུ་ལྦ་བ་སྐྱེ་ལ་རྩམ་པ་དང་བད་ཀན་སྐྱུག་ཅིང་ཡང་ན་འཁྲུ་བ་དང༌། སྟོད་སྨད་གང་ཡང་གཏར་ན་ཁྲག་མདོག་དམར་སྐྱ་འབྱར་བག་ཅན་འབྱུང་བ་དང༌། དྲན་པ་མི་གསལ་ཞིང་གཉིད་ཆེ་ལ་སྒྱིད་པ་སྐྱུར་བ་གཡའ་བ་ནི་ལུས་ཟ་བའི་རྣམ་པ་ཅན་མཁྲང་བ་དེ་ལུས་ཤིང་བཞིན་རེངས་པ་ལྟར་ཚིགས་རྣམས་དམ་པ་ལུས་ཀྱི་ཤ་རྒྱས་ཤིང་ལས་མཐའ་རིང་བ་ཞེས་བྱ་བ་ལས་གང་བྱེད་ཀྱང་ལེ་ལོ་ཆེ་བ། ནམ་མཁའ་ཞོད་ཆེ་བའི་དུས་དང༌། སྲོད་དང་སྔ་དྲོ་དང་ཟས་ཟོས་པའི་ཐོག་ཉིད་དུ་ལྡང་བའོ། །དེ་ཡང་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། ཕན་པའི་ཟས་དང་སྤྱོད་ལམ་ནི་ཟས་རྩུབ་ལ་ཡང་བ་སོགས་བསྟེན་ན་འཕྲོད་པ་དང༌། དེ་བཞིན་དུ་སྤྱོད་ལམ་ཀྱང་རྩོལ་བས་འཆག་པ་དང་དྲོ་བ་འཕྲོད་པའོ། །གནོད་པ་ནི་ཟས་ལྕི་ལ་བསིལ་བ་སོགས་དང༌། དེ་བཞིན་དུ་སྤྱོད་ལམ་ཡང་རླན་གྱི་སྟེང་དུ་ཉལ་བ་གོས་སྲབ་མོས་ལུས་འཁྱགས་ཤིང་འདར་བར་འདོད་པ་སོགས་བསྟེན་པས་ཁྱད་པར་དུ་ན་ན་བད་ཀན་གྱི་ནད་ལས་གཞན་དུ་མ་འདས་པར་གསལ་ལོ།།

བད་ཀན་བྱེ་བྲག་ཏུ་རིགས་ཀྱི་སྒོ་ནས་བརྟག་པ་ལ་དང་པོ་བད་ཀན་ལྷེན་ཞེས་བྱ་བ་ནི། རྟེན་གྲང་རླུང་ཅན་དང་མ་གོམས་པའི་ཟས་སམ་ནམ་ཕྱེད་ཟས་ཟ་མ་མྱོང་བ་ཟོས་པ་དང༌། མི་འཕྲོད་པའི་ཟས་བཤད་རྒྱུད་ནས་བཤད་པ་ལྟར་དང༌། ངོ་བོ་འབྲུ་སེར་ཅན་དེ་མ་སྨིན་པ་རྣམ་པ་བཞིའི་སྒོ་ནས་བརྟག་དགོས་པའི་དབང་གིས་ཐོག་མར་སྨོས་ནས་དེ་ལ་བད་ཀན་ལྷེན་ཞེས་བྱ་བ་ནི་རྐྱེན་ཁ་ཟས་སོགས་ཕོ་བའི་མེ་དྲོད་ཀྱིས་མ་ཞུ་བར་བད་ཀན་དང་བེ་སྣབས་འཕེལ་ཏེ། བེ་སྣབས་དེ་ཉིད་ལྷེན་སྣའི་འོག་ཏུ་ཚོགས་པ་ལ། མིང་ལྷེན་ཞེས་བྱ་བ་སྟེ་ན་ལུགས་སམ། ཉམས་སྣང་ལ་འདྲིལ་སྙམ་བྱེད་ཅིང༌། དེ་ཉིད་སྟོང་ངེ་བར་ན་ལ་དམིགས་མནན་ན་འདྲིལ་བའང་མེད་པ་བཞིན། དང་ག་ཤིན་ཏུ་མི་བདེ་ལ་ཁ་ཟས་གང་ཡང་འཇུ་བར་དཀའ་བ། ཟས་ཟོས་པའི་དུས་ངེས་པར་ན་ཞིང་ལྟོགས་ན་ཉམས་བདེ་བར་འདུག་པར་མངོན་པའོ། །བད་ཀན་ལྕགས་དྲེག་ཅེས་བྱ་བ་དེ་ཉིད་གོང་ལྟར་རྐྱེན་ཁ་ཟས་སོགས་ཕོ་བའི་མེ་དྲོད་ཀྱིས་མ་ཞུ་བས་བེ་སྣབས་རྣམས་ཤིན་ཏུ་མང་བར་འཕེལ་བ་སྟེ། དེ་རྣམས་ཕོ་བའི་ནང་གི་སུལ་ལ་ལྕགས་ཀྱི་དྲེག་པ་ལྟར་ཆགས་པས་ཟས་འཇུ་བྱེད་ཀྱི་ཕོ་བའི་མེ་དྲོད་ཉམས་པས་ཡང་ཡང་དུ་སྒྲེག་པ་འབྱུང་བ་དང་འཚིང་བ་སྟེ་བརྒྱངས་པ་ལྟར་ཕོ་བ་ཐམས་ཅད་ཧྲེམ་མེ་ན་ཞིང་དང་ག་མི་བདེ་ལ་ལུས་ཀྱི་ཤ་རྣམས་སྐེམ་ཞིང་སྡོད་སྙིང་འདོད་པ་བེ་སྣབས་དང་བད་ཀན་ཁ་ཟས་སོགས་ཟོས་ཚད་སྐྱུག་པའོ། །བད་ཀན་མེ་ཉམས་ཞེས་པ་གྲང་རླུང་ཤས་ཤིན་ཏུ་ཆེ་ལ། ཁ་ཟས་རྣམས་འཇུ་བར་དཀའ་ཞིང་བསིལ་བའི་ཕྱོགས་ཀྱི་ཟས་ཚད་བཤད་ལས་མང་བ་ཐལ་ཞིང་གོས་སྲབ་པས་ལུས་གྲང་བ་དང༌། ཆུ་བརྒལ་བ་དང༌། ཆུའི་ལས་གང་ཡང་མང་དུ་བྱས་ཤིང་ཚད་པའི་གཞུག་ལ་བསིལ་རྣམས་མང་པོ་བསྟེན་པ་ཐལ་ཞིང་སྦྱོང་དང་གཏར་ག་སོགས་བསྟུད་དྲགས་པ་ཡིས་ནི་མཁྲིས་པ་འཇུ་བྱེད་དང་མེ་མཉམ་རླུང་རྣམས་ཀྱི་མཐུ་ཉམས་ཤིང་ལུས་ཀྱི་དྲོད་ཆུང་ལ་ཁ་ཟས་ཀུན་འཇུར་མི་འདོད་ཅིང༌། སྦོ་ཞིང་འཁྲོག་པ་འཚིང་བ་སྟེ་བརྒྱངས་པ་སྒྲེག་པ་ཡང་ཡང་འོང་བ། ཁ་ཟས་གང་ཟོས་མ་སྨིན་པར་འཁྲུ་བ། ལུས་སྟོབས་ཆུང་ལ་ཤ་སྐམས་ཤིང་མཇུག་ཏུ་དམུ་ཆུ་དང་སྐྲན་དུ་འགྱུར་རོ། །བད་ཀན་མགུལ་འགགས་སམ་མིད་པ་འཆུས་ཞེས་པ་ཕོ་བ་དང་བྲང་དང་གློ་བར་བད་ཀན་དེ་ཉིད་རྒྱས་པ་ཡིས་བད་ཀན་གྱི་རླངས་པ་དེ་དག་གློ་བའི་ཡུ་བ་དང་མིད་པར་ཆགས་པ་དེ་དཔེར་བརྗོད་ན་དོང་བའམ་ཟོ་བའི་ལོགས་ལ་ཟོ་ཤ་ཆགས་པ་འདྲ་ཞིང་དེའི་རྐྱེན་གྱིས་མིད་པ་འཆུས་ནས་ཁ་ཟས་གང་ཡང་མིད་པར་དཀའ་ལ་དབུགས་རྔུབ་ཅིང་འདོན་པ་མི་བདེ་ཞིང་ཤ་རྣམས་སྐམས་ལ་ལུས་ཀྱི་སྟོབས་འཆོར་བ། ཟས་དང་སྐོམ་རྣམས་མེད་པས་ཕོ་བ་ཚ་ནས་རུབ་ཅིང་མཇུག་ཏུ་མེ་དྲོད་ཀྱིས་འཇུ་སྟོབས་ཆུང་དུ་སོང་བའམ་མིད་པ་འགགས་པར་གྱུར་ནས་འཆི་བ་ཡིན་ནོ། །བད་ཀན་གྱི་ནད་གྲུམ་བུ་དཀར་པོ་ཞེས་བྱ་བ་དེ་མ་ཞུ་རང་གི་གནས་སུ་རྐྱེན་གོང་བཞིན་གྱིས་བསླང་བའི་བད་ཀན་དེ་ཉིད་འཕེལ་བ་དེ་ཡིས་ཕོ་བ་དང༌། མཆིན་པ་གཉིས་གང་ཡིན་ཆ་མེད་དུ་ན་བ་དང༌། ཁ་ཟས་ཅི་དང་ཅི་ཟོས་ཀྱང་མི་ཞིམ་ཞིང་ཡིད་ལ་མེད་ཅིང་འཁྲུ་བའམ་ཡང་ན་སྐྱུག་པར་བྱེད་པ་དང༌། ཡན་ལག་གི་ཉྭ་གཞི་དང་མིག་རུས་རྣམས་ན་ཞིང་ཆུ་ཚན་དང་ཆུ་སྐྱུར་མང་དུ་སྐྱུགས་པ་འབྱུང་བ་དང་མཇུག་ཏུ་ཡན་ལག་གི་ཚིགས་རྣམས་ལ་བྱེར་ནས་གྲུམ་བུར་འགྱུར་བའོ། །བད་ཀན་འཇུ་སྐེམ་ཞེས་བྱ་བ་ཅི་ཟོས་ཀྱང་འགྲངས་པ་མེད་ཅིང་བད་སྲིན་འཕེལ་ཏེ་ཟས་ཟོས་ཀྱང་ལུས་སྟོབས་མི་འཕེལ་ཞིང་སྐམས་པར་བྱེད་པ་ལུས་ཀྱི་སྟོབས་ཆུང་ལ་ཤ་རྣམས་སྐམས་ཤིང་གསུས་པ་ཤིན་ཏུ་ཆེ་བ་བྱིན་པ་འདར་ལ་སྒྱིད་པ་གཞན་ལས་སྐྱུར་བ་ཡིན་ནོ།།

དང་པོ་བད་ཀན་དེ་ཉིད་པགས་ལ་གྲམས་པར་གྱུར་ན་ལུས་དྲོད་དང་བྲལ་ཞིང་པགས་པའི་མདོག་བས་བལྡགས་པ་ལྟ་བུར་སྐྱ་བ་དང༌། གཡའ་བ་སྟེ་ལུས་ཀུན་ཟ་འཕྲུག་བྱེད་པ་དང༌། ཤ་རྒྱས་ཤིང་དྲོད་མེད་པ་སྦོ་ལ་གསོབ་པ་དྲེག་པ་ཆགས་ཤིང་གཉིད་ཆེ་བ་ལུས་ལྕི་ཞིང་སྒྱིད་པ་སྐྱུར་བ་དང་རྨེན་བུ་འོང་བ་ཡིན་ནོ། །རྩ་རུ་ཞུགས་པ་ནི་རྩའི་རྒྱུད་རྣམས་གྲང་བསིལ་བྱེད་ཅིང་གྱོང་བ་སྟེ་ཧྲེམ་ཧྲེམ་ལ་ལུས་པའི་རྣམ་པ་དང་ལྕི་བར་བྱེད་དོ། །རུས་པ་ལ་ཞེན་ན་རུས་པ་རྣམས་གྲང་ཞིང་ལྷང་ལྷང་ན་བ་ཚིགས་ཀྱི་ཁ་གཡོ་བ་ཞེས་པ་སྦོས་ཤིང་བརྐྱང་བ་དང་བསྐུམ་པ་འགྲོ་འདུག་བྱེད་པ་ལ་གྱོང་བ་ཡིན་ནོ། །སྙིང་ལ་བབས་པར་གྱུར་ན་དྲན་པ་མི་གསལ་ཞིང་རྨོངས་པར་བྱེད་ལ་དང་ག་མི་བདེ་ཞིང་སྟོད་བརྒྱངས་པ་ལུས་སེམས་ལྷན་དུ་ལྕི་བ། གློ་བར་བབས་ན་སྟོད་བརྒྱངས་ཤིང་མགོ་བོ་འཁོར་ལ་ཟས་བཟའ་མི་འདོད་པར་བེ་སྣབས་རྣམས་སྔོ་ལྗོབ་མང་དུ་ལུ་བར་བྱེད་པ་ཡིན་ལ། མཆིན་པར་བབས་ན་ཟས་ཟོས་པའི་རྗེས་ལ་མཆིན་པ་ན་ལ་ཁོང་པའི་སྲིན་བུ་རྣམས་ལྡོག་ཅིང་ཁ་ནས་ཆུ་མདོག་སྔོན་པོ་འཛག་གོ། །མཆེར་པར་བབས་ན་གཉིད་ཆེ་ཞིང་དབུགས་རྒོད་ལ་ཁོང་པ་སྦོ་བ་ཉམ་ཆུང་རྨྱ་ཞིང་སྒྱིད་པ་སྐྱུར་ལ་གང་བཟས་ཀྱི་མདོག་ཏུ་འཁྲུ་བ་ཡིན་ནོ། །མཁལ་མར་བབས་ན་མཁལ་མ་དང་རྐེད་པ་ན་ཞིང་དྲི་ཆུ་སྲི་ལ། རྣ་བ་གཉིས་འཐིབ་ཅིང་རླན་ཅན་དང་གྲང་བ་ཁྱད་པར་དུ་གནོད་པར་འགྱུར་རོ། །ཕོ་བར་ལྷུང་ན་ཕོ་བའི་གནས་མི་བདེ་ཞིང་ལྕི་ལ་བྲང་ཚ་དང་ཆུ་ཚན་སྐྱུགས་པ་འབྱུང་ཞིང་ཁ་ཟས་མི་འཇུ་བའོ། །ལོང་དུ་ལྷུང་ན་སྦོ་ཞིང་འཁྲོག་པར་བྱེད་ཅིང་ཟས་ཟོས་པའི་ཚེ་ཤིན་ཏུ་ན་བའོ། །རྒྱུ་མར་ལྷུང་ན་བེ་སྣབས་མང་དུ་འཁྲུ་ཞིང་ལྕི་བ་ཡིན་ནོ། །མཁྲིས་པར་ལྷུང་ན་མིག་མདོག་སེར་ལ་འཇུ་བ་དཀའ་ཞིང་ལུས་ལྕི་བ་སྒྱིད་པ་སྐྱུར་ལ་ཉིན་མཚན་དུ་གཉིད་ཤིན་ཏུ་ཆེ་བ་ཤེས་པ་བྱིང་བ་ཡིན་ནོ། །ལྒང་པར་ལྷུང་བས་བད་ཀན་གྱི་ནད་དེ་ཉིད་ཟ་ཁུར་འགྱུར་རོ། །མངལ་དུ་ལྷུང་བས་སྨད་གྲང་ཞིང་བུད་མེད་ཡིན་ན་ཟླ་མཚན་དང་སྐྱེས་པ་ཡིན་ན་གཅིན་བག་ཅེས་པ་གཅིན་དང་མཉམ་དུ་ཁམས་བག་ཙམ་འཛག་པའོ། །བད་ཀན་མགོ་ལ་ཞུགས་པ་ན་མགོ་བོ་ལྕི་ལ་གཉིད་ཆེ་ཞིང་དང་ག་མི་བདེ་ཡི་ག་འགགས་ནས་ཟས་མི་འགྲོ་བའོ། །མིག་ལ་ཞུགས་ན་ཕྱིར་སྐྲངས་ཤིང་མཆི་མ་མང་དུ་འཛག་པ་ཡིན། རྣ་བར་ཞུགས་པ་ན་གྲང་ཞིང་ལྕི་ལ་འཐིབས་ནས་སྒྲ་མི་སངས་པའོ། །སྣ་ལ་ཞུགས་ན་སྣ་བུག་འགགས་ཤིང་མཚུལ་པ་ལྕི་བའོ། །ལྕེ་ལ་ཞུགས་ན་ལྕེ་གྱོང་པོར་སོང་ནས་རོ་མི་ཚོར་བ་ཡིན་ནོ།།

བྱེ་བྲག་བད་ཀན་རྟེན་བྱེད་དེ་ཉིད་ནད་དུ་གྱུར་ན་དང་ག་མི་བདེ་ཞིང་སྟོད་བརྒྱངས་ནས་མདུན་རྒྱབ་གཉིས་སུ་གཟེར་བ་དང་བྲང་ཚ་ལ་ཆུ་སྐྱུར་ཡང་ཡང་འབྱུང་ཞིང་དང་ག་འགགས། བད་ཀན་མྱག་བྱེད་འཇུ་བ་དཀའ་ལ་བཅུད་གང་ཡང་མི་ལེན་ཞིང་ཁ་ཟས་ཅི་ཟོས་མི་འཇུ་བ་དང་སྒྲེག་པ་འབྱུང་ཞིང་ཕོ་བ་སྲ་ལ་གྱོང་བའོ། །མྱོང་བྱེད་ནི་ཁ་ཟས་ཀུན་ལ་བྲོ་བ་མེད་པ་སྐོམ་དད་ཆུང་ཞིང་ལྕེ་གྲང་མོར་འགྲོ་བ་དང་མཆུ་གཉིས་ན་ལ་སྐད་འཛེར་ཞིང་ཟས་མི་ལེན་པའོ། །ཚིམ་བྱེད་མགོ་བོ་འཁྱོམ་ལ་མིག་ཟ་ཟི་བྱེད་ཅིང་རྣ་བ་འགགས་པ། སྦྲིད་པ་དང་སྣབས་མང་བ་ཆམ་འདེབས་ལྟ་བུ་མཚོག་མ་ནས་ལྕི་བ། འབྱོར་བྱེད་རྐང་ལག་བརྐྱང་བ་དང་བསྐུམ་པ་དཀའ་ཞིང་ཚིགས་ཀྱི་མགོ་རྣམས་སྦོམ་པ་དང་རྐང་ལག་བཞིའི་ལྷུ་ཚིགས་ན་ཞིང་ཚིགས་ཁ་གཡོ་བ་ཞེས་སྐྲངས་ལ་གསོབ་པ་རྣམས་སོ། །དེ་ལྟར་བཤད་མ་ཐག་པའི་རྐྱང་པ་ལྔ་པོ་དེ་དག་རླུང་དང་མཁྲིས་པ་གང་དང་གང་འདྲེས་ནའང་དེ་དང་དེའི་རྟགས་རྣམས་སོ་སོར་སྟོན་པ་ལས་ཤེས་པར་བྱ་དགོས་ཤིང༌།

བད་ཀན་སེར་པོ་ཞེས་མཁྲིས་རྐྱེན་གྱིས་བསྐྱེད་པའི་ཁ་ལུད་པ་ཡིན་ལ། རྩ་ནི་ཤིན་ཏུ་དལ་ལ་མནན་ན་སྟོང་ཞིང་ཆུའི་མདོག་སེར་ལ་ཕོ་བར་མི་བདེ་བར་ལྟེམ་ཞིང་ཟས་ཟ་བ་ལ་དང་ག་ཞན་པ་ཆང་འཐུངས་ནས་དྲོས་ཚེ་མཚོག་མ་དང་མིག་རུས་ན་བ་བྲང་ཚ་ལ་ཆུ་སྐྱུར་ཡང་ཡང་འབྱུང་ཞིང་ངེས་པར་མཁྲིས་པ་སྐྱུགས་ལ་ས་རླན་ལ་བསྡད་པ་དང༌། རུལ་བ་སྐྱུར་པོ་ཟོས་པའི་རྗེས་ལ་འཁྲུ་བ་ཡང་སྲིད་ཅིང༌། གྲོ་ཡོས་དང༌། ར་ཤ་དང༌། མར་རྙིང་པ་ཆང་སྐྱུར་རྣམས་གནོད་ཅིང་མཇུག་ཏུ་སྨུག་པོའམ་ཡང་ན་མཁྲིས་པའི་ནད་དུ་འགྱུར་རོ། །དེ་ལ་བད་ཀན་སྨུག་པོ་ནི་ཁྲག་གི་སྙིགས་མ་ཡིན་ཞིང༌། ཕོ་བ་མཆིན་པ་རོ་སྟོད་ལྷག་པར་ན་ཞིང་རྒྱ་ཚོས་བཤལ་བའི་ཁུ་བ་ལྟ་བུ་སྐྱུག་ཅིང༌། ལུས་པོ་ལྕི་ཞིང་སྒྱིད་པ་སྐྱུར་ལ་སྙིང་མི་དགའ་ལ། འགྲངས་པ་དང༌། ལྟོགས་པ་དང༌། གྲང་བ་དང༌། དྲོ་བ་གང་ཡང་གནོད་ཅིང་དོན་མེད་པར་ན་ཞིང་བཅོས་སོགས་མ་བྱས་ཀྱང་གཞི་མེད་དུ་བདེ་བར་མངོན་པའོ།།

སྤྱིར་བཅོས་པའི་ཐབས་ཞེས་པ་འདོད་དོན་སྒྲུབ་བྱེད་ཀྱི་བྱ་བ་ཐམས་ཅད་ལ་བྱ་ཞིང༌། འདིར་ནད་ལ་གསོ་བྱེད་ཀྱི་གཉེན་པོ་བསྡེབས་པ་ལ་གསོ་ཐབས་ཞེས་བཤད་པ་དེ་ལའང་སྤྱིའི་གསོ་ཚུལ་དང་བྱེ་བྲག་གི་གསོ་ཚུལ་བཤད་པར་བྱ་བ་དང་གཉིས་སོ། །དང་པོ་བད་ཀན་གྱི་ངོ་བོ་བསིལ་བའི་ཕྱིར་སྨན་དང༌། དཔྱད་དང༌། ཟས་དང༌། སྤྱོད་ལམ་རྣམ་པ་བཞི་ག་དྲོད་དུ་སྤྲུག་ཅིང༌། ས་དང་འདྲ་སྟེ་གཉེན་པོའི་དེ་ཉིད་ཀྱི་ཁ་ན་ལྕི་བའི་ཕྱིར་ལན་རེ་རེས་མི་སེལ་བས་ཡུན་དུ་བསྲིངས་ནས་བསྟེན་པ་གཅེས་ཞེས་གདམས་ཏེ། དང་པོ་བད་ཀན་གྱི་ནད་གཞི་ཅན་ལ་ཁ་ཟས་ཀྱི་སྒོ་ནས་གང་ལ་གང་འཚམ་པར་བཅོས་པ་ནི་སྐམ་སའི་ནས་འབྲུ་རྙིང་པ་བརྔོས་རྩམ་ལ་གཡོས་སུ་བྱས་པའི་ཟན་དྲོན་མོ་དང་ཆང་ནར་ཞེས་པ་སྤོད་བཏབ་པར་བཞེད་པའང་ཡོད་རུང་དོན་ཆང་ཡུན་སོང་བ་སྨིན་དུ་བཅུག་པ་དང༌། ཆུ་བསྐོལ་བ་དང༌། བཅའ་སྒ་ཆུ་ལ་སྦངས་ནས་ཁུ་བ་འཐུང་བ་དང༌། ལུག་གི་ཤ་དང༌། ཉའི་ཤ་དང༌། གཡག་རྒོད་དེ་འབྲོང་གི་ཤ་དང༌། བྱ་རྒོད་དང༌། གཡི་དང་སྤྱང་ཀི་རྣམས་ཀྱི་ཤ་རུལ་སུངས་མིན་པའི་སོལ་བ་དྲོ་ཞིང་ལྷག་པར་ཡང་ལ་རྩུབ་པའི་ཟས་སྐོམ་རྣམས་ནི་འགྲངས་ཆེས་པའམ་མང་དྲགས་པ་མ་ཡིན་པར་འཇུ་སླ་བྱེད་དུ་ཉུང་ཟད་རེ་བསྟེན་པར་བྱའོ།།

བད་ཀན་ནད་ཅན་གྱི་སྤྱོད་ལམ་བསྟེན་པར་བྱ་བ་ནི་མེ་དང་ཉི་མའི་དྲོད་ལ་རན་པར་བསྲོ་ཞིང་པགས་པ་ལ་སོགས་པའི་གོས་དྲོ་བར་བགོ་བ་དང་རླན་ཅན་མ་ཡིན་པའི་སྐམ་སའི་སར་ལུས་དང་ངག་གི་སྒོ་ནས་སྨྲ་བརྗོད་དང་རྩོལ་བ་དང་ལྡན་པས་བཅག་པ་དང༌། ཉིན་གཉིད་མི་ལོག་ཅིང་ཁྱད་པར་ནད་སློང་བར་བྱེད་པའི་རྐྱེན་གོང་དུ་བཤད་པ་བཞིན་ཟས་དང་སྤྱོད་ལམ་ལ་སོགས་པའི་གནོད་པ་དུས་ཀུན་དུ་སྤང་བར་བྱ་དགོས་ཤིང༌། སྨན་དུ་ཐོག་མར་རྩེ་གཞིལ་བར་བྱེད་པ་སྟེ་ནད་ཀྱི་དབལ་ཅུང་ཟད་བཅོམ་པ་ལ་རྒྱམ་ཚྭ་བཅའ་སྒ་ཨ་རུ་ར་སྟེ་གསུམ་ཐང་ངམ། ཡང་ན་དེ་སྟེང་པི་པི་ལིང་བསྣན་པའི་རྒྱམ་ཚྭ་བཞི་ཐང་གང་རུང་བཏང་བའི་སྒོ་ནས་བཅོས་དགོས་ལ། ཡང་ན་རྒྱམ་ཚྭ་དང་བྲེ་ག་དང་པི་པི་ལིང་བཅས་ཀྱི་གསུམ་ཐང་ངམ་ཡང་ན་པི་པི་ལིང་དང་ཕོ་བ་རིས་དང་བཅའ་སྒ་སྟེ་ཚ་བ་གསུམ་དང་རྒྱམ་ཚྭ་བཅས་པའི་ཐང་ལ་སོགས་པ་བསྡུས་པའི་ཁུ་བ་ཆེན་མོ་གཏང་བར་བྱ་དགོས་ཤིང༌། སྨན་ཕྱེ་མ་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་སྟེ་བཞི་པ་དང་དེ་སྟེང་རྒྱམ་ཚྭ་ཁ་རུ་ཚ་དང་ཕོ་བ་རིས་བཅའ་སྒ་བཅས་བརྒྱད་པ་དང༌། ད་ལིས་ཏེ་བ་ལུའི་མེ་ཏོག་ཤིང་ཚ་སུག་སྨེལ་ཀ་ཀོ་ལ་ཟི་ར་པི་པི་ལིང་ན་ལེ་ཤམ་སྟེ་བདུན་པ་དང་རྒོད་མ་ཁ་རྣམས་ཕྱི་རྒྱུད་ལྟར་སྦྱར་བའམ་ཡང་ན་ཚ་བ་ལྔ་ཞེས་པ་ནི། ཟླ་ཟེར་དུ་ཚ་བ་ལྔ་ནི། པི་པི་ལིང་པི་ལིང་མཱུ་ལ། དབྱི་མོང་ཙི་ཏྲ་ཀ་སྒའོ་ཞེས་པར་བཞེད་པ་དང༌། ལག་ལེན་རིན་ཆེན་གཏེར་སྤུངས་སུ། ཕོ་བ་རིས་དང་པི་པི་ལིང་སྒ་བཅས་ལ་ཚ་བ་གསུམ་ཞེས་བརྗོད་དེ་སྟེང་ཙི་ཏྲ་ཀ་དང་དབྱི་མོང་བསྣན་པ་དེ་ལ་ཚ་བ་ལྔ་ཞེས་བཤད་པས་བོད་དུ་པི་ལིང་མཱུ་ལ་སྟེ་པི་པི་ལིང་གི་རྩ་བ་འདྲ་ཡང་ཕོ་བ་རིར་ངོས་བཟུང་བ་འགལ་བ་མི་འདུག་པ་དང༌། ཁ་རུ་ཚྭའི་ཕྱེ་མས་བད་ཀན་མ་ཞུ་བ་དང༌། ལྷེན་དང༌། ལྕགས་དྲེག་དང༌། དང་ག་མི་བདེ་བ་རིམ་གྱིས་འགྲིབ་པ། མེ་དྲོད་ཉམས་པ་དང་གྲང་ནད་སྟོད་ལ་བྱུང་བར་ཕན་ཞིང་ཡང་ན་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པའི་སྟེང་དུ་ཟི་ར་ནག་པོ་ཁ་རུ་ཚྭ་དང་བཅའ་སྒ་རྣམས་ཀྱི་ཕྱེ་མས་མེ་དྲོད་སྐྱེད་ཅིང་ཡི་ག་འབྱེད་པ་དང༌། ཟས་རྣམས་འཇུ་སླ་ལ་སྒྲེག་པ་དང་ཕོ་བའི་ཟུག་གཟེར་ཀུན་འཇོམས་པར་བྱེད་དོ། །ཚ་བ་འདི་སྐབས་པི་ལིང་རྩ་བ་སྒ་ཕོ་བ་རིས་ཙི་ཏྲ་ཀ་དབྱི་མོང་སྟེ་ལྔ་དང་རྒྱུད་ཕྱི་མའི་སེ་འབྲུ་བཞི་པ་དང་བྱི་ཏང་ག་དང་རྒྱམ་ཚྭ་ཁ་རུ་ཚྭ་རྣམས་ཀྱི་ཕྱེ་མས་བད་ཀན་གྲང་བའི་ནད་མ་ལུས་པར་འཇོམས་ཤིང༌། དེ་དག་ཕྱེ་མའི་སྦྱོར་སྡེ་དེ་ཀུན་ལ་བུ་རམ་དཀར་པོའི་རྟ་དང་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ན་ཤིས་པ་ཡིན་ཞིང༌། བད་ནད་དེ་སྨན་གྱིས་མགོ་ནོན་རུང་རྩ་བའི་ནད་ལྷག་མ་ཐོན་ན་སྟོད་ནད་གྱེན་དུ་སྐྱུགས་དང་སྨད་ནད་ཐུར་དུ་འཁྲུས་གཉིས་གང་ཉེའི་ལམ་ནས་རྒྱུད་ཕྱི་མར་བཤད་པ་བཞིན་སྦྱང་བར་བྱ་ཞིང༌། དེའི་རྗེས་ལ་ནད་ཀྱི་ལྷག་མ་ལ་གང་འཕྲོད་ཀྱི་ཕྱེ་མས་ནད་གཞུག་གདོན་ནོ། །བད་ནད་ཤིན་ཏུ་ཚབས་ཆེ་བ་ལ་དཔྱད་དུ་ལན་ཚྭ་དང་བོང་བུ་དང་གཡི་སྤྱང་གི་པགས་པའི་སྤུ་དུགས་རྣམས་མེ་ལ་བསྲོས་པའི་དུགས་བསྟེན་པར་བྱ་ཞིང༌། གོང་གི་སྨན་དཔྱད་གང་གིས་ཀྱང་མ་ཕན་པར་གྲང་བ་དེ་ཉིད་ཤིན་ཏུ་རྒྱས་ན་ཚིགས་པ་གསུམ་པ་དང་དྲུག་པ་དང་བཅུ་གཉིས་པ་དང་མདུན་གྱི་ལྷེན་དང་མེ་ཉམས་རྣམས་སུ་མེ་དང་ཐུར་མ་བྱའོ།།

བྱེ་བྲག་གི་བཅོས་ཐབས་དེ་ལའང་རིགས་དང་གནས་དང་ནང་ཚེགས་དང་གཞན་དབང་ཅན་བཞི་བཤད་པ་ལས་རིགས་དྲུག་རིམ་གྱིས་བཅོས་པ་ནི། དང་པོ་བད་ཀན་ལྷེན་གྱི་ནད་ལ་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། རྒྱམ་ཚྭ་དང་ཁ་རུ་ཚྭ་བཅས་ལྔ་བསྐོལ་བའི་ཐང་བཏང་ཞིང༌། ལན་ཚྭ་འམ་ཡང་ན་བོང་བ་བསྲེགས་པའི་དུགས་ཀྱིས་ཡང་ཡང་བདུག་ཅིང༌། དེས་ཀྱང་མ་སེལ་ན་ཕྱི་རྒྱུད་ཚྭ་བསྲེགས་ཀྱི་སྦྱོར་བ་གཏང་བར་བྱ་ཞིང༌། སྨན་དེ་ཉིད་ཀྱི་རྗེས་ལ་གོང་བཞིན་སྐྱུགས་ཀྱིས་དྲངས་ཤིང་ལྷེན་སྣའི་རྩེ་ནས་ཐུར་དུ་ཚོན་གང་བཅལ་བའི་གསང་ཁ་གསུམ་ལ་མེས་བསྲེག གལ་ཏེ་ལྷེན་དེ་ཉིད་རྒྱ་ཆགས་ནས་སྐྲན་ལྟ་བུར་འདྲིལ་བར་གྱུར་པའི་ཚེ་ན། མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་སྲན་ཆུང་བ་དང༌། ཁ་ཟས་གང་ཡང་ལེན་དུ་མི་སྟེར་ཞིང་ཟོས་ཚད་སྐྱུགས་པ་འདི་ཉིད་ལ་བད་ཀན་ལྷེན་སྐྲན་ཞེས་བྱ་བ་སྟེ། ཅོང་ཞི་སོལ་བའི་མེ་ལ་ཚོས་པར་བསྲེགས་པ་ཉིད་དེ་དར་བར་བཅུག་ལ་ངད་བསད་པའི་ཐལ་བ་དང་བྱ་རྒོད་བྲུན་དང་ཨ་རུ་ར་དང་པི་པི་ལིང་སོགས་ལྷན་ཅིག་ཏུ་སྦྱར་བ་ཀ་རས་སྨན་རྟ་བྱས་ལ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བས། མ་ཞུ་བ་དང་ལྷེན་གྱི་སྐྲན་རྣམས་ཐལ་བར་རློག་པར་བྱེད་ལ། ཡང་ན་རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ་ཁ་རུ་ཚྭ་ཙབས་རུ་ཚྭ་རྭ་ཚ་ཤིང་ཚྭ་མཛེ་ཚྭ་ཐལ་ཚྭ་ཡ་བཀྵ་ར་རྣམས་ཐུན་གཅིག་སྒ་དང་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་ཐུན་གཅིག ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་ཐུན་གཅིག་སྟེ་ཐུན་གསུམ་པོ་ཆ་མཉམ་པའི་ཚ་བའི་རིལ་བུས་ལྷེན་བཤིག་ལ་ཞིག་ཚར་ནས་ནད་རོ་དེ་གོང་བཞིན་གྱིས་བཤལ་ལམ་ཡང་ན་སྐྱུགས་གང་རིགས་ཀྱིས་སྦྱང་ངོ༌། །བད་ཀན་ལྕགས་དྲེག་གི་ནད་ཆགས་ན་ཅོང་ཞིའི་ཐལ་སྨན་གོང་བཞིན་སྦྱར་ཞིང༌། ཡང་ན་ཐལ་སྨན་འཇམ་པོའི་སྟེང་དུ་རྒོད་གཡག་གི་རྭ་དང་དབྱི་མོང་ལྕེ་ཚ་སྲུབ་ཀ་སྟེ་སྔོའི་ཚ་བ་གསུམ་ཤུ་དག་ཤིང་ཀུན་རྣམས་བསྣན་པ་གཅན་གཟན་གྱི་ཤ་ཁུ་དང་ཆང་གིས་སྦྲུས་ལ་ཕྱི་རྒྱུད་ལྟར་ནུས་ལྡན་དུ་བསྲེགས་པའི་ཐལ་སྨན་རྣོན་པོ་དེ་བསྟེན་ལ་བརྐོའོ། །དེ་འོག་གོང་བཞིན་བཤལ་དང་སྐྱུགས་གང་རིགས་ཀྱིས་སྦྱངས་པའི་རྗེས་ལ་ཕྱི་རྒྱུད་སེ་འབྲུ་བཞི་སྦྱར་བ་བཏང་ལ། དེ་ལྟར་བྱས་ཀྱང་ནད་ཞི་བ་དཀའ་ན་ཕོ་བའི་གསང་མདུན་དབུས་མ་སྐྲན་གསང་གསུམ་དང༌། རྒྱབ་ཚིགས་པ་བཅུ་གཉིས་པ་མེས་བསྲེག་གོ། །མེ་ཉམས་ནད་ལ་ཕྱི་རྒྱུད་རྒོད་མ་ཁའི་ཕྱེ་མ་སྦྱར་ཞིང༌། སེ་འབྲུ་དང་གོང་དུ་བཤད་མ་ཐག་པ་ལྟར་གྱི་ཚ་བ་ལྔ་དང་བཟང་པོ་གསུམ་ནི་བརྡ་སྤྲོད་དུ་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དང་གསུམ་ལ་བཞེད་པ་ལྟར་དང༌། བྱི་ཏང་ག་དང་སྲུབ་ཀ་དང༌། ཀ་རཉྫ་ཞེས་ངོ་བོ་བྱུང་ན་དང་དེ་མིན་ཚ་བ་སྒ་རྒོད་དང་རྒྱམ་ཚྭ་དང༌། ཁ་རུ་ཚ་དང༌། བུ་རམ་རྣམས་སྦྱར་ལ་ཆུ་བསྐོལ་གྱིས་འཕུལ་བས་ཕོ་བའི་མེ་དྲོད་སྐྱེད། ཡང་ན་རྒྱམ་ཚྭ་ཐུན་གཅིག་དང༌། ལ་ལ་ཕུད་ཐུན་གཉིས་དང༌། ཨ་ས་མོ་ཞེས་དབྱི་མོང་ཐུན་གསུམ་དང༌། པི་པི་ལིང་ཐུན་བཞི་དང༌། བཅའ་སྒ་ཐུན་ལྔ་རྣམས་ནི་རིམ་པས་ཚ་བ་སྐྱེད་པ་དེ་རྣམས་ཀུན་དང་མཉམ་པའི་ཨ་རུ་ར་ནུས་ལྡན་བསྲེགས་པའི་ཐལ་སྨན་སྦྱར་བའི་ནུས་པ་མེ་ནི་མངོན་སུམ་ཉིད་དང་མཚུངས་ཏེ་ཕོ་བའི་མེ་དྲོད་སྐྱེད་པའི་མཆོག་ཡིན་ནོ། ཤིང་ཀུན་དང་ཁ་རུ་ཚྭ་དང༌། གོང་བཤད་ལྟར་གྱི་ཚ་བ་གསུམ་དང༌། སྒོག་སྐྱ་རྣམས་མར་རྙིང་པ་ལ་སྦྱར་ནས་རེངས་བུ་བྱས་ཏེ་རྩ་ལམ་ལ་ཡར་བཏང་བས་མེ་དྲོད་ལྷག་པར་སྐྱེད་ཅིང་ཚིགས་པ་བཅུ་གཉིས་པ་དང་ལྷེན་སྣ་ནས་ཐུར་དུ་ཚོན་གསུམ་བཅལ་བ་མེ་ཉམས་གསང་ལ་མེ་དང་ཐུར་མ་བྱའོ། །བད་ཀན་མིད་འཆུས་སམ་མགུལ་འགགས་ཀྱི་ནད་ལ་སྒ་པི་པི་ལིང་ཕོ་བ་རིས་དབྱི་མོང་ཙི་ཏྲ་ཀ་སྟེ་ཚ་བ་ལྔ་དང༌། ཛཱ་ཏི་ལི་ཤི་སུག་སྨེལ་ཀ་ཀོ་ལ་རྣམས་བཟང་པོ་བཞི་རུ་བཞེད་པ་དང༌། ཤིང་ཀུན་དང་བྱི་ཏང་ག་དང༌། རྒྱམ་ཚྭས་སྣ་དྲངས་ཏེ་ཚྭ་རིགས་རྣམས་སྣ་ཚོགས་ཚད་དང་སྲུབ་ཀ་དང༌། ལྕེ་ཚའི་ཕྱེ་མ་རྣམས་སྦྲང་རྒོད་ཅེས་པ་དུག་གཡའ་ཡོད་པ་ཟོས་ན་བཟི་ཡོད་པ་དེ་ལ་སྦྱར་བ་དང་ཅོང་ཞི་སོལ་མེ་ལ་བསྲེགས་པ་དར་བར་ངད་བསད་ནས་རྒོད་བཏུལ་བྱས་པ་ཐལ་སྨན་རྣོན་པོ་དང་སྦྱར་བ་གཉིས་ནང་ནུབ་གཉིས་སུ་ལྟག་པ་སྤྲད་ལ་ཆུ་བསྐོལ་གྱིས་དབུལ། ཉའི་ཤ་དང་ཨོལ་གོང་པའི་ཚ་བ་སྟེ་ལུག་གི་ལྟོ་སྟོང་ལ་བྱས་པའི་ཤ་ཚོད་ཁོང་དུ་རྒྱུན་ལ་བསྟེན་ཞིང༌། སྨན་དེ་རྣམས་ཀྱི་རྗེས་ལ་རྒྱུད་ཕྱི་མ་ནས་གསུངས་པ་ལྟར་གྱི་ཐར་ནུ་ལྕུམ་རྩ་ཁྲོན་བུ་སྔོན་བུ་སོགས་བཤལ་དང༌། རི་ཤོ་སྤྱང་ཚེར་སོ་ཆ་སོགས་སྐྱུགས་གཉིས་སྦྲགས་ལ་ཡང་ཡང་དུ་སྦྱང་བར་བྱ་ཞིང༌། ལྷེན་སྣའི་རྩེ་ནས་ཚོན་གང་ན་ལྷེན་གསང་དང༌། སྐེ་སྟོང་དང་ཚིགས་པ་བཞི་པ་རྣམས་མེ་ཡིས་བསྲེག་གོ། །བད་ཀན་གྲུམ་བུ་དཀར་པོ་བཅོས་པ་ནི། རྡོའམ་ཡང་ན་བྱ་བྲ་ཞེས་གཡུ་ཐོག་པ་དང་བྱང་པ་བཀྲ་ཤིས་རྣམ་རྒྱལ་ཕུག་རོན་གྱི་བྲུན་ལ་བཞེད་པ་ལྟར་བསྲོས་པའི་དུགས་ཀྱིས་བདུག་ཅིང༌། ཤིང་ཀུན་དང༌། རྒྱ་ཚྭ་དང༌། དབྱི་མོང་གསུམ་བསྐོལ་བའི་ཐང་བཏང་བ་དང༌། སུག་སྨེལ་དང༌། རུ་རྟ་དང༌། རྒྱམ་ཚྭ་དང་པི་པི་ལིང་དང༌། གླ་རྩི་དང༌། བྱི་ཏང་ག་བཅས་པའི་ཕྱེ་མ་བསྟེན་ཅིང༌། སེ་འབྲུ་དང་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། ཨ་རུ་ར་དང༌། རྒྱམ་ཚྭ་དང༌། མ་ནུ་པུཥྐར་དང༌། འུ་སུ་དང༌། ད་ཏྲིག་དང༌། མ་རུ་ཙེ་རྣམས་དང༌། སྨན་རྟ་བུ་རམ་མམ་ཡང་ན་སྦྲང་དང་སྦྱར་ལ་བཏང་ཞིང༌། ཁྱད་པར་རླན་མེད་པའི་དྲོ་བའི་སར་བཅག་པ་བསྔགས་པ་ཡིན་ནོ། །བད་ཀན་འཇུ་སྐེམས་ལ་སྨན་བཅའ་སྒ་ཁ་རུ་ཚྭ་དང༌། ཨ་རུ་དང༌། སྐྱུ་རུ་རྣམས་བུར་དཀར་དང་སྦྱར་ལ་བཏང་ཞིང་སྤྱང་ཚེར་གྱིས་སྐྱུགས་བྱ་བ་དང༌། ལྷེན་སྣའི་རྩེ་ནས་ཚོན་གང་ལྷེན་གསང་མེ་ཡིས་བསྲེག བཤད་མ་ཐག་པའི་བད་ཀན་རིགས་དྲུག་སྟེ་ཀུན་ལ་ཟས་དང་སྐོམ་ལ་སོགས་པ་ཡང་ལ་དྲོ་བ་ཆུང་བའི་སྒོ་ནས་བཅོས་པར་བྱའོ།།

བད་ཀན་དེ་ཉིད་པགས་ལ་གྲམས་པར་གྱུར་ན་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། ཟོ་ལག་གི་ལོགས་སུ་ཆགས་པའི་ཟོ་མར་ལ་སྦྱར་བ་བྱུགས་ལ་ཉི་མས་བསྲེག་ཅིང་ལག་པས་མཉེ་བ་སྟེ་ཕུར་ཞིང་བྱུགས་པ་ཀོ་ལེ་མ་ལུས་པར་འཐེན་པར་བྱའོ། །ཤར་རྒྱས་ན་ལུག་དང་གཡག་རྒོད་སོགས་ཀྱི་ཨོལ་གོང་བ་བཏབ་པའི་ཚ་བ་སྟེ་ཐུག་པ་བཏང་བ་དང༌། སྨན་དུ་ཕྱི་རྒྱུད་ནས་གསུངས་པའི་སེ་འབྲུ་བཞིའི་སྟེང་དུ་སྒ་དང་ཛཱ་ཏི་དང་གུར་ཀུམ་དང་ཀ་ཀོ་ལ་བཞི་བསྣན་པའི་ཕྱེ་མ་བརྒྱད་པ་སྦྱར་བ་བཏང་ལ་ལྟོ་འགུག་ཅིང་རྩོལ་བ་སྤྱད་པ་དང༌། རྩར་རྒྱུ་ན་ཚྭ་སྣའི་རིགས་ཚོགས་ཚད་ཀྱི་ཐང་བཏང་ཞིང་མེའི་དྲོད་དུགས་བསྟེན་ནོ། །རུས་ལ་ཞེན་ན་བུ་རམ་ལས་བྱས་པའི་ཆང་ལ་སྒ་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་སྦྱར་ལ་བཏང་ཞིང༌། བྱ་བྲ་སྟེ་ཕུག་རོན་གྱི་བྲུན་བསྲོས་པའི་དུགས་བྱ་ཞིང་བོང་བུ་ཤ་བཟའ་བ་དང༌། ཟོ་མར་བཤད་མ་ཐག་པ་ལྟར་བྱུགས་ལ་མཉེ་ཞིང་ཚིགས་དམིགས་གང་གྲང་བའི་སར་བསྲེག་གོ། །གློ་བ་དང་སྙིང་སོགས་དོན་གང་ལ་བབས་ཀྱང་རྒྱུད་ཕྱི་མ་ལྟར་སྐྱུགས་ཀྱིས་དྲངས་ལ་དེའི་རྗེས་ལ་སེ་འབྲུ་བཞི་པ་ཕྱི་རྒྱུད་ལྟར་གཙོ་བོར་བྱས་ལ་ཁ་ཚར་དུ་སྙིང་ལ་ཛཱ་ཏི་དང་ཤིང་ཀུན་དང་ཁ་རུ་ཚྭ་དང༌། གློ་བ་ལ་སྟར་བུ་དང་རུ་རྟ་དང་ཅུ་གང་སྟེ། སྦྲང་དང་བུར་དཀར་གྱིས་རྟ་བྱས་པ་ཆུ་བསྐོལ་གྱིས་དབུལ་ལ་བཏང་བའམ། ཡང་ན་སྙིང་ལ་ཛཱ་ཏི་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སུག་སྨེལ་དང་ཟི་ར་ནག་པོ་དང་ཀ་ཀོ་ལ་དང་བཅས་པ་རྣམས་རྟ་བུར་དཀར་དང་སྦྱར་བ་བཏང༌། གློ་ལ་སེ་འབྲུ་དང་སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་དང་ཟི་ར་དཀར་ནག་གཉིས་དང་ཤིང་ཚ་དང་སུག་སྨེལ་དང་བཅས་པ་བུ་རམ་དང་སྦྱར་ལ་གཏང་བར་བྱ་ཞིང༌། དེའི་རྗེས་དཔྱད་ཚིགས་པ་བཞི་པ་དང༌། ལྔ་པ་དང༌། དྲུག་པ་དང༌། བདུན་པ་རྣམས་བསྲེག་མཆིན་པར་བབས་ན་པི་པི་ལིང་དང༌། བཅའ་སྒ་དང༌། ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། སེ་འབྲུ་དང༌། ཤིང་ཚ་དང༌། ཁ་རུ་ཚྭ་དང༌། གུར་ཀུམ་དང་བཅས་པ་ཞིབ་པར་བཏགས་པའི་ཕྱེ་མ་ཀ་ར་དང་སྦྱར་བ་བཏང་ཞིང༌། ཚིགས་པ་དགུ་པ་མེ་ཡིས་བསྲེག མཆེར་པར་བབས་ན་སེ་འབྲུ་རྒྱམ་ཚྭ་དང༌། པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། ཐལ་ཚྭ་དང༌། ཁ་རུ་ཚྭ་དང༌། ལྕེ་མྱང་ཚྭ་དང་བཅས་པ་བུར་དཀར་གྱི་རྟ་དང་སྦྱར་ལ་བཏང་ཞིང་ཚིགས་པ་བཅུ་གཅིག་པ་མེ་ཡིས་བསྲེག་གོ། །མཁལ་མར་བབས་ན་ལན་ཚྭ་དང་བྱེ་མ་བསྲེས་པ་དང་གཡི་སྤྱང་གི་སྤུ་དུགས་བསྟེན་པར་བྱ་ཞིང༌། སྨན་དུ་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། སུག་སྨེལ་དང༌། རྒྱ་ཚྭ་དང༌། ལྕམ་པ་སྟེ་ཉི་དགའ་དང༌། སྡིག་སྲིན་དང༌། གསེར་གྱི་བྱེ་མ་དང༌། ཨ་འབྲས་དང༌། སྲ་འབྲས་དང་འཇམ་འབྲས་ཏེ་འབྲས་སྣ་གསུམ་དང་བཅས་པ་ཞིབ་པར་བཏགས་པའི་ཕྱེ་མ་བུ་རམ་ལས་བྱས་པའི་ཆང་གིས་དབུལ་ལ་བཏང་བ་དང༌། ཁ་ཟས་སུ་གསའ་དང་སྤྱང་ཀི་དང་སྲམ་དང་བོང་བུའི་ཤ་རྣམས་བསྟེན་པར་བྱ་ཞིང༌། དེ་རྗེས་ལ་ཚིགས་པ་བཅུ་བཞི་པ་སྤྲ་བའི་མེས་མནན་ནོ། །ཕོ་བར་ལྷུངས་ན་ཕྱི་རྒྱུད་ཀྱི་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པའམ། ཡང་ན་ཁ་རུ་ཚྭ་དང་ད་ཏྲིག་དང་ཤིང་ཀུན་རྣམས་ཕྱེ་མ་སྦྱར་བར་བྱ་ཞིང༌། དེ་རྗེས་ལ་མདུན་ཕོ་གསང་དབུས་མ་དང་རྒྱབ་ཚིགས་པ་བཅུ་གཉིས་པ་གཉིས་གང་ལ་བབས་པའི་གསང་དུ་མེས་བསྲེག་གོ། །རྒྱུ་ལོང་དུ་ལྷུངས་ན་ཤིང་ཚ་དང་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་དང་ཙི་ཏྲ་ཀ་དང་དབྱི་མོང་སྟེ་ཚ་བ་ལྔ་བྱི་ཏང་ག་དང་ཤིང་ཀུན་དང་ཁ་རུ་ཚྭ་དང་བཅས་པ་རྟ་བུ་རམ་དང་སྦྱར་ལ་བཏང་ཞིང་མདུན་གྱི་རྒྱུ་སྨད་གསང་དང་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པའི་གསང་ལ་མེས་བསྲེག་གོ། །མཁྲིས་པར་ལྷུངས་ན་ཕྱི་རྒྱུད་སེ་འབྲུ་བཞི་པ་དང༌། རྒྱམ་ཚྭ་དང༌། གསེར་གྱི་མེ་ཏོག་དང་སྒ་སྐྱ་རྣམས་སྦྱར་བའི་ཕྱེ་མ་གཉིས་ལྟག་པ་སྤྲད་ལ་བཏང་ངོ༌། །དེ་རྗེས་ཕྱི་རྒྱུད་ནས་གསུངས་པའི་མཁྲིས་སྦྱོང་བྱ་ཞིང་དཔྱད་དུ་ཚིགས་པ་དགུ་པ་དང་བཅུ་པ་མེས་བསྲེག ལྒང་པར་ལྷུངས་ན་རྒྱ་ཚྭ་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སུག་སྨེལ་དང་ལྕམ་པ་བཅས་པ་ཆང་གི་རྟ་དང་སྦྱར་ལ་བཏང་ངོ༌། །མངལ་དུ་ལྷུངས་ན་ཕྱི་རྒྱུད་རིལ་བུའི་ལེའུར་གསུངས་པའི་ཐུན་གསུམ་ཚ་བའི་རིལ་བུ་སྦྱར་ལ་བཏང་ཞིང༌། ལན་ཚྭ་བོང་བ་སོགས་མེ་ལ་བསྲོས་པའི་དྲོད་དུགས་དང༌། མངལ་གསང་སྟེ་བསམ་སེའི་གསང་ལ་མེ་བཙའ་གདབ་ཅིང་བ་སྤྲུ་གཙོ་བོར་བྱས་པའི་རྩ་བ་ལྔའི་ཆང་ཕྱི་རྒྱུད་སྨན་ཆང་ལེའུར་གསུངས་པ་དང༌། ཁ་ཟས་བོང་བུའི་ཤ་ལ་སོགས་པ་བསྟེན་པར་བྱ་དགོས་སོ། །མགོ་བོར་ཞུགས་ན་ཕྱི་རྒྱུད་སྐྱུགས་ཀྱི་ལེའུར་གསུངས་པའི་སྐྱུགས་བྱ་ཞིང༌། སེ་འབྲུ་བརྒྱད་པ་སྦྱར་ཞེས་པ་སེ་འབྲུ་བཞི་སྟེང་དུ། སྒ་ཛཱ་ཏི་གུར་ཀུམ་ཀ་ཀོ་ལ་བསྣན་ལ་གཏང་བར་བྱའོ། །མིག་ལ་ཞུགས་ན་ར་གན་མེ་ལ་བསྲེགས་པའི་དུད་པ་བྱུགས་ཤིང་ཁ་ཟས་སུ་ཉ་ཤ་བཏང་ངོ༌། །རྣ་བར་ཞུགས་ན་ཤིང་ཀུན་དང་རྒྱ་ཚྭ་ཆུ་ལ་སྦྱར་བ་བླུགས་སོ། །སྣ་ལ་ཞུགས་ན་རྒྱུད་ཕྱི་མ་ལྟར་གྱི་སྣ་སྦྱོང་དྲུག་པ་གཏོང་ཞིང༌། ཡན་ལག་བརྒྱད་པར། ཡུང་བ་ལྡོང་རོས་བ་བླ་དང༌། །རྒྱ་སྐྱེགས་ཙནྡན་དཀར་པོ་དང༌། །འབྲས་བུ་གསུམ་གྱི་དུད་པ་བདུག །ཅེས་གསུངས་པའི་དུད་པ་རྣོན་པོས་བདུག་གོ། །ལྕེ་ལ་ཞུགས་པ་ལ་ཀོང་སྟོན་ལྟར་ན་དྲོད་སྨན་སོགས་ཚ་བའི་རོའི་སྨན་ཁུས་ཁ་བཀང་ཞེས་དང༌། བྱ་བ་ལྟར་ན་སེ་འབྲུ་རྒྱམ་ཚྭ་དང་གོང་བཤད་ཀྱི་ཚ་བ་གསུམ་བསྐོལ་ཞིང་བསྡུས་པའི་མཁུར་བཀང་བཅང་ཞེས་པ་ལྟར་རོ།།

བྱེ་བྲག་ནང་ཚེགས་ཀྱི་བད་ཀན་རྟེན་བྱེད་ལ་སྤྱང་ཚེར་སོགས་ཀྱི་སྐྱུགས་བྱ་བ་དང༌། ཕྱི་རྒྱུད་སེ་འབྲུ་ལྔ་པའམ། ཡང་ན་ཅོང་ཞི་དྲུག་པ་སྦྱར་བའི་ཕྱེ་མ་བསྟེན་ཞིང༌། ཚིགས་པ་བརྒྱད་པ་མེས་བསྲེག་གོ། །མྱག་བྱེད་ལ་བཤད་མ་ཐག་པའི་སེ་འབྲུ་བརྒྱད་དམ་ཡང་ན་ཕྱི་རྒྱུད་ཀྱི་རྒྱམ་ཚྭ་བཞི་པའི་ཏྲེས་སམ་སྟེ་ཕྱེ་མ་སྦྱར་ལ་བཏང་བ་དང༌། དཔྱད་དུ་ཚིགས་པ་གསུམ་པ་དང་དགུ་པ་དང་ཕོ་བའི་གསང་དགུ་གང་རིགས་མེས་བསྲེག མྱོང་བྱེད་ཀྱི་ནད་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་བཏང་ཞིང༌། སྟར་བུ་དང་སྒེའུ་གཤེར་ཏེ་སྒ་རློན་པ་ལ་བཞེད་པ་དང༌། ཡང་ན་སྒ་རྒོད་དམར་པོར་བཞེད་པ་བཅས་ཇི་སྙེད་མཆིས་ཀྱང་མོ་ནད་སོགས་ཁྲག་འཇུ་བས་བཤད་པས་སྒ་སྐྱ་འཐད་པ་དང༌། ཤིང་མངར་དང་བཤད་མ་ཐག་པའི་འབྲས་བུ་གསུམ་རྣམས་སྦྲང་དང་སྦྱར་ལ་བཏང་སྟེ་སྐེ་སྟོང་དང་ཚིགས་པ་དང་པོ་མེས་བསྲེག ཚིམ་བྱེད་ལ་སྐྱུགས་གོང་བཤད་ལྟར་བྱ་ཞིང་སྣ་སྨན་ཤིང་མངར་དང༌། མར་དང་ཏིལ་དང་ལ་ཕུག་བཅས་བཞི་པ་བཏང་ཞིང༌། མཚོག་མའི་གསང་གཏར་གས་དབྱེ་ལ་མགོ་བོའི་འདུས་སོ་སྤྱི་བོ་མཚོག་མ་སྡུད་སྒོ་གསུམ་དུ་མེས་བསྲེག་གོ། །འབྱོར་བྱེད་ལ་ཨ་རུ་གླ་རྩི་སྒ་བོང་ཁྲག་ཀ་ར་བཅས་པའི་ཕྱེ་མ་གཏང་བར་བྱ་ཞིང༌། ཐལ་ཀ་རྡོ་རྗེ་ཟོ་མར་དང་སྦྱར་ལ་བསྐུ་ཞིང་མཉེ་བ་དང༌། ཆུ་སེར་གང་མེར་བའི་སར་རྔབས་རུ་དང་མེ་དང་ཐུར་མ་བྱ་བ་ཡིན་ནོ། །བད་ཀན་དེ་ཉིད་རླུང་མཁྲིས་གཉིས་གང་དང་འབྲེལ་ཡང་དེ་དང་དེའི་གཉེན་པོ་བསྟེན་པར་བྱའོ།།

གཞན་དབང་ཅན་གྱི་བད་ཀན་སེར་པོ་བཅོས་པ་ལ། བཅའ་སྒ་རྒྱམ་ཚྭ་ཨ་རུ་པི་པི་ལིང་ཆ་མཉམ་དུ་སྦྱར་བའི་བཞི་ཐང་དང༌། སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་རྒྱམ་ཚྭ་གསེར་གྱི་མེ་ཏོག་ཨ་རུ་ར་དོམ་མཁྲིས་ཏེ་བརྒྱད་པ་སྦྱར་ལ་བཏང་བས་མ་ཞུ་བ་དང༌། མིག་སེར་སེལ་བར་བྱེད་དོ། །གསེར་ཕུད་རི་ཤོ་རྒྱམ་ཚྭ་པི་པི་ལིང་དུར་བྱིད་ལྔའི་སྐྱུགས་དང་མ་ནུ་པུཥྐར་དང༌། ཨ་རུ་སླེ་ཏྲེས། ཀཎྜ་ཀ་རི་དོང་ག་ལྕུམ་རྩ་རྣམས་ཀྱི་དྲོད་བཤལ་བཏང་ལ། གསེར་མདུང་དངུལ་མདུང་གཏར་ཞིང་རྒྱུད་ཕྱི་མ་ལས་བཤད་པའི་ཅོང་ཞི་དྲུག་པ་སྦྱར་ལ་ཤ་གསར་དང་མར་གསར་དང་བ་དང་མཛོའི་བཞོས་ཐོག་འོ་མ་བསྟེན་ནོ། །བད་ཀན་སྨུག་པོ་ལ་ཞིབ་པ་འདུས་ནད་དུ་བསྟན་ཀྱང་འདིར་ས་བཅད་ཙམ་དུ་སེ་འབྲུ་དང་བསེ་ཡབ་དང་སྟར་བུ་དང་སྐྱུ་རུ་ར་དང་སྒ་སྐྱ་དང་མ་ནུ་པུཥྐར་དང༌། འུ་སུ་དང༌། ཨུཏྤལ་དང་པི་པི་ལིང་རྣམས་ཀ་ར་དང་སྦྱར་ལ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་ངོ༌།།

སྤྱིར་ན་བད་ཀན་འདི་ཉིད་ལྕི་ལ་བརྟུལ་ཞིང་བསིལ་བའི་ཕྱིར། ཁོང་ནད་ཀུན་གྱི་རྩ་བ་ཐམས་ཅད་བད་ཀན་གྱིས་བྱེད་པ་ལས། ཤ་དང་པགས་པ་དང་རྩ་དང་ཚིགས་སོགས་ཕྱི་རུ་བྱེར་བ་ཉུང་ཞིང༌། བད་ཀན་རང་གི་གནས་དེ་ལས་རླུང་མཁྲིས་སོགས་ཀྱི་གནས་གཞན་དུ་ཞུགས་པ་དཀོན་ཀྱང་བད་ཀན་ཕལ་ཆེར་མ་ཞུ་བ་ཕོ་བར་རྒྱས་པར་བྱེད་པས་ས་དང་འདྲ་ལ་དེ་ཕྱིར་ཕོ་བའི་ཁ་འཛིན་ལ་ཤིན་ཏུ་གཅེས་པར་བཅོས་དགོས་པ་ཡིན་ནོ་ཞེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་ཉེས་གསུམ་གྱི་ནང་ཚན་བད་ཀན་གྱི་ནད་གསོ་བའམ་བཅོས་པའི་ལེའུ་བཤད་པ་སྟེ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།