སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

དེ་ནས་ཡང་དཔྱད་བུས་གསོལ་བ། །འཚོ་བྱེད་རྒྱལ་པོ་བདག་ལ་དགོངས་དུ་གསོལ། །རྩ་བཞི་བད་ཀན་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་ཏེ། །སྟོན་པས་བཀའ་སྩལ་[བསྩལ་]པ། །རྩ་བ་བཞིའི་བད་ཀན་བཅོས་ཐབས་ལ། །རྒྱུ་དང་རྐྱེན་དང་དབྱེ་བ་བརྟག་ཐབས་དང། །བཅོས་པའི་ཐབས་དང་ལྔ་ཡིས་བསྟན་པར་བྱ། དང་པོ་རྒྱུ་ནི་མ་རིག་གཏི་མུག་ལས་བྱུང་བའི། །བད་ཀན་རང་བཞིན་མཚན་ཉིད་བདུན་ལྡན་ཏེ། །གཉིས་པ་སློང་བའི་རྐྱེན་ནི་ཁ་མངར་ལྗི་[ལྕི་]བ་དང་། །བསིལ་སྣུམ་སྟེན་རག་[བསྟེན་དྲགས་]འབྲང་[འགྲངས་]རྗེས་དལ་བར་བསྡད། །ཉིན་གཉིད་ལོག་དང་རླན་སྟེང་ཉལ་བྲང་[གྲངས་]མང། །ཆུར་ཞུགས་གོས་སྲབ་ལུས་པོ་འཁྱག་ཡུན་རིང་། །གྲོ་སྲན་འབྲུ་གསར་བསེར་[སེར་]ཅན་སུང་[སུངས་]པ་དང་། །ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང་། །ལོ་བཤུར་[ཤུར་]ལ་ཕུད་[ཕུག་]རས་དང་རྩི་མར་རྡུལ་[རུལ]། །རི་ལྒོག་[སྒོག་]ལ་སོགས་རྗེན་ཟས་མཐའ་དག་དང༌། །ཚིག་པོ་ཁེངས་པོའི་ཟས་དང་མ་ཞུ་བ། །བ་རའི་འོ་མ་ཞོ་དང་[དར་]ཆུ་གྲང་ཇ། །བཟའ་བཏུང་ཆེས་པས་ཚད་ལས་འདས་པའམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པའི། །དེ་རྣམས་རྐྱེན་གྱིས་བད་ཀན་གྲང་ནད་སློང༌། །གསུམ་པ་དབྱེ་བ་འདི་ལ་གཉིས་ཡིན་ཏེ། །རང་རྒྱུད་ཅན་དང་ཕྱི་[གཞན་]རྒྱུད་ཅན་གཉིས་ལས། །རང་རྒྱུད་ཅན་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་རིགས་ཀྱི་སྒོ་ནས་དབྱེ་བ་བད་ཀན་ལྷན[ལྷེན]། །བད་ཀན་ལྕག་[ལྕགས་]དྲེག་མེ་དྲོད་ཉམས་པ་དང༌། །བད་ཀན་གྲུམ་བུ་དཀར་པོ་འགུལ་[མགུལ་]འགག་དང་། །བད་ཀན་འཇུ་སྐོམ་[སྐེམ་]ནད་དང་རྣམ་པ་དྲུག །གཉིས་པ་གནས་ཀྱིས་དབྱེ་ན་བདུན་ཡིན་ཏེ། །ཤ་རྒྱས་ལྤགས་[པགས་]གྲམས་རྩ་ལ་རྒྱུགས་པ་དང་། །རུས་ཞན་[ཞེན་]དོན་བབས་སྣོད་དུ་ལྷུང༌བ་དང་། །མེ་ཏོག་དབང་པོ་ལྔ་ལ་ཤར་བའོ། །དོན་ནི་གློ་སྙིང་མཆིན་མཚེར་མཁལ་མ་འོ། །སྣོད་ནི་ཕོ་ལོང་རྒྱུ་མ་མཁྲིས་པ་དང༌། །ལྒང་པ་མངར་[མངལ་]དུ་ཞུགས་དང་དྲུག་ཡིན་ནི[ནོ]། །དབང་པོ་མགོ་མིག་རྣ་བ་སྣ་ལྕེའོ། །གཉིས་པ་བྱེ་བྲག་ནང་ཚིག་[ཚེགས་]བརྟེན་[རྟེན་]བྱེད་མྱག་བྱེད་དང༌། །མྱོང་བྱེད་ཚིག་[ཚིམ་]བྱེད་འབྱོར་བར་བྱེད་དང་ལྔ། །རླུང་མཁྲིས་གཉིས་འདྲེས་རྣམ་པ་བཅུ་རུ་འགྱུར། །སུམ་ཅུ་རྩ་བདུན་རང་རྒྱུད་དབྱེ་བར་འདོད། །གཉིས་པ་གཞན་རྒྱུད་ཅན་གྱི་དབྱེ་བ་ནི། །བད་ཀན་སེར་པོ་སྨུག་པོ་གཉིས་ཡིན་ཏེ། །འདིའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སློང་བྱེད་རྒྱུ་ལ་བརྟག་པ་ནི། །མཚན་ཉིད་ཀྱི་སྒོ་ནས་བརྟག་པ་གཉིས་དང༌། །ཕན་གནོད་གོམས་པའི་སྒོ་ནས་བརྟག་དང་གསུམ། །དང་པོ་སློང་བྱེད་རྒྱུ་ལས་བརྟག་པ་ནི། །གོང་ལྟར་བད་ཀན་སྐྱེད་པའི་ཟས་སྤྱོད་རྣམས། །བརྟེན་[བསྟེན་]ཤུལ་ན་ནད་[ན་]བད་ཀན་ཡིན་པར་ཤེས། །གཉིས་པ་ནད་རྟགས་རྩ་ནི་བྱིང་རྒུད་ཞར། །ཆུ་མདོག་དཀར་ལ་དྲི་མ་རླུང་[རླངས་]པ་ཆུང༌། །ཁ་མངར་[མངལ་]ལྕེ་རྙིལ་[རྙིིལ་]སྐྱེ་[སྐྱ་]ལ་མིག་དཀར་སྐྲངས། །མགོ་འཐོབ་[འཐོམ་]ལུས་སེམས་ལྗི་[ལྕི་]ལ་སྣབ་[སྣབས་]ལུད་མངས་[མང་]་། །དྲོད་ཆུང་དངས་[དང་]ཁ་མི་བདེ་ལུས་སྟབས་ཆུང། །མཁལ་རྐད་[སྐེད་]ན་དང་ལུས་པོ་སྦ་[སྦོ་]བ་སྐྱེ། །ཙམ་[རྩམ་]པ་བད་ཀན་སྐྱུག་ཅིང་འཁྲུ་བ་དང༌། །གཏར་བའི་ཁྲག་མདོག་དམར་སྐྱ་འབྱར་བག་ཅན། །གཉིད་ཆེ་དྲན་པ་མི་གསལ་སྒྱིད་པར་[པ་]སྐྱུར་[སྐྱུར]། །གཡའ་མཁྲང་ཚིགས་[དམ་]ཤ་རྒྱས་ལས་མཐའ་རིང༌། །ཞོར་[ཞོད་]ཆེ་སྲོད་དང་སྔ་གྲོ་[དྲོ་]འགྲོང་[གྲངས་]དུས་ལྡང་། །ཟས་སྤྱོད་རྩུབ་ལ་དྲོ་ཞིང་ཡང་བ་འཕྲོད། །ལྗི་[ལྕི་]བསིལ་བརྟེན་[བསྟེན་]པས་དུས་ལ་ཁྱེད་[ཁྱད་]པར་ན། །གཉིས་པ་བྱེ་བྲག་རིགས་ཀྱི་སྒོ་ནས་བརྟག་པ་ནི། །དང་པོ་བད་ཀན་ལྡན་[ལྷེན་]ཞེས་བྱ་བ་ནི། །བརྟེན་[རྟེན་]དང་མགོ་ཡམས་[མ་གོམས་]མི་འཕྲོད་ངོ་བོ་བཞེས་[བཞིས]། །རྐྱེན་ནི་མ་ཞུ་བ་དེས་བད་ཀན་བེ་སྣབ་[སྣབས་]འཕེལ། །དེའི་འཚོགས་པ་ལྷེལ་[ལྷེན་]སྣའི་འོག་ཡིན་ནོ། །ཉམས་ལ་འདྲིལ་ཉམས་[སྙམ་]བྱེད་དེ་ལྷེན་ཞེས་བྱ། །འབུར་རེ་ན་ཞིང་མནན་ན་འདྲིལ་བ་མེད། །ཁ་ཟས་འཇུ་དཀའ་དང་ཁ་མི་བདེའོ། ལྟོགས་ན་བདེ་ཞིན་ཟས་ཟོས་ན་བ་ཡིན། །ལྕགས་དྲེགས་[དྲེག་]བྱ་བ་གོང་ལྟར་མ་ཞུ་བས། །བེ་སྣབ་[སྣབས་]འཕེལ་ཏེ་ཕོ་བའི་ནང་སུལ་ལ། །ལྕགས་དྲེག་ཆེགས་[ཆགས་]པས་ཕོ་བའི་མེ་དྲོད་ཉམས། །ཕོ་བ་སྲེམ་མར་[ཧྲེམ་མར་]ན་ཞིང་སྒྲོག་[སྒྲེག་]པ་འཚིང། །དང་ཁ་མི་བདེ་ཤ་སྐམས་སྟོད་[སྡོད་]སྙིང་བྲོད[འདོད]། །ཁ་ཁ་ཞོས་པ་སྐྱུག་པས་བེ་སྣབས་ཡིན། །བད་ཀན་མེ་ཉམས་གྲང་རླུང་ཤས་ཆེ་ལ། །ཁ་ཟས་འཇུ་དཀའ་བསིལ་ཕྱོགས་ཚད་ལས་འདས། །གོས་སྲན་[སྲབ་]ལུས་གྲང་ཆུ་ལས་གྲངས་མ་[མང་]བྱས། །ཚ་བའི་གཞུགས་[གཞུག་]ལ་བསིལ་སྦྱོང་ཐང་གཏར་མང་། །མཁྲིས་པ་འཇུ་བྱེད་མེ་[མཉམ་]རླུང་མཐུ་ཉམས་པས། །ལུས་ཀྱི་དྲོད་ཆུང་ཟས་ཟོས་འཇུར་མི་བཏུབ། །སྦོ་འཁྲོག་འཚིགས་སྒྲིགས་[འཚིང་སྒྲེག་]ཁ་ཟས་མ་སྨིན་འཁྲུ། །སྟོབས་ཆུང་ཤ་སྐེམ་[སྐམ་]མཇུག་ཏུ་དམུ་སྐྲན་འགྱུར། །བད་ཀན་འགུལ་[མགུལ་]འགག་ཅེས་པ་ཕོ་བ་དང༌། །བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས། །བད་ཀན་རླངས་པ་གློ་ཡུལ་[ཡུ་]མེད་[མིད་]པར་ཆགས། །དཔེར་ན་ཟོ་བའི་ལོག་ན་[ལོགས་ལ་]ཤེ་ཆག་འདྲ། །དེའི་རྐྱེན་གྱིས་མིད་འཆུས་ཟས་མིད་དཀའ། །དབུག་[དབུགས་]རྔུབ་མི་བདེ་ཤ་སྐམས་ལུས་སྟོབས་འཆོར། །ཟས་སྐམ་[སྐོམ་]མེད་པས་ཕོ་བ་འཁྲུམས་[འཁུམས་]་ནས་རུབ། །རྟིང་པར་མིད་པ་འགག་ནས་འཆི་བ་ཡིན། །བད་ཀན་གྲུམ་བུ་དཀར་པོ་ཞེས་བྱ་བ། (།མ་ཞུ་རང་གནས་བད་ཀན་འཕེལ་བ་ཡིས། །ཕོ་བ་མཆིན་པ་གང་ཡིན་ཆ་མེད་ན། །ཁ་ཟས་ཅི་ཟོས་མི་ཞིམ་འཁྲུ་སྐྱུག་བྱེད། །ཉྭ་གཞི་མིག་རུས་ན་ཞིང་ཆུ་ཚན་འབྱུང༌། །མཇུག་ཏུ་ཡན་ལག་ལ་བྱེར་གྲུམ་བུར་འགྱུར། །བད་ཀན་འཇུ་སྐེམས་ཞེས་བྱ་འགྲངས་པ་མེད། །སྟོབས་ཆུང་ཤ་སྐམ་གསུས་པ་ཤིན་ཏུ་ཆེ། །བྱིན་པ་འདར་ལ་སྒྱིད་པ་སྐྱུར་བ་ཡིན། །གནས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། །བད་ཀན་པགས་གྲམ་དྲོད་བྲལ་བས་ལྡགས་གཡའ། །ཤ་རྒྱས་དྲོད་མེད་སྦོ་གསོབ་དྲེག་པ་ཆགས། །གཉིད་ཆེ་ལུས་ལྕི་སྒྱིད་སྐྱུར་རྨེན་བུ་འོང༌། །རྩར་ཞུགས་རྩ་རྒྱུད་གྲང་བསིལ་གྱོང་ལ་ལྕི། །རུས་ལ་ཞེན་ན་རུས་པ་གྲང་ཞིང་ན། །ཚིགས་ཁ་གཡོ་ཞིང་བརྐྱང་བསྐུམ་འགྲོ་འདུག་གྱོང༌། །སྙིང་ལ་བབས་ན་དྲན་པ་རྨོངས་པར་བྱེད། །དང་ག་མི་བདེ་སྟོད་རྒྱངས་ལུས་སེམས་ལྕི། །གློར་བབས་སྟོད་རྒྱངས་མགོ་འཁོར་ཟས་མི་འདོད། །བེ་སྣབས་སྔོ་ལྗོབ་མང་དུ་ལུ་བར་བྱེད། །མཆིན་པར་བབས་ན་ཟོས་རྗེས་མཆིན་པ་ན། །སྲིན་བུ་ལྡོག་ཅིང་ཁ་ནས་ཆུ་སྔོན་འཛག །མཆེར་བབས་གཉིད་ཆེ་དབུགས་རྒོད་ཁོང་པ་སྦོ། །རྨྱ་ཞིང་སྒྱིད་པ་སྐྱུར་ལ་ཟས་མདོག་འཁྲུ། །མཁལ་བབས་མཁལ་རྐེད་ན་ཞིང་དྲི་ཆུ་སྲི། །རྣ་བ་འཐིབ་ཅིང་རླན་གྲང་ཁྱད་པར་གནོད། །ཕོ་བར་ལྷུང་ན་ཕོ་བ་མི་བདེ་ལྕི། །བྲང་ཚ་ཆུ་ཚན་འབྱུང་ཞིང་ཟས་མི་འཇུ། །ལོང་ལྷུང་སྦོ་འཁྲོག་བྱེད་ཅིང་ཟོས་ཚེ་ན། །རྒྱུ་མར་ལྷུང་ན་བེ་སྣབས་འཁྲུ་ཞིང་ལྕི། །མཁྲིས་པར་ལྷུང་ན་མིག་སེར་འཇུ་བ་དཀའ། །ལུས་ལྕི་སྒྱིད་པ་སྐྱུར་ལ་གཉིད་དུ་འབྱིང་། །ལྒང་པར་ལྷུང་བས་བད་ཀན་ཟ་ཁུར་འགྱུར། །མངལ་ལྷུང་སྨད་གྲང་ཟླ་མཚན་གཅིན་བག་འཛག །བད་ཀན་མགོ་ལ་ཞུགས་ན་མགོ་བོ་ལྕི། །གཉིད་ཆེ་དང་ག་མི་བདེ་ཡི་ག་འགག །མིག་ལ་ཞུགས་ན་སྐྲངས་ཤིང་མཆི་མ་འཛག །རྣ་བར་ཞུགས་ན་གྲང་ཞིང་ལྕི་ལ་འཐིབ། །སྣ་ལ་ཞུགས་ན་སྣ་འགག་མཚུལ་པ་ལྕི། །ལྕེ་ལ་ཞུགས་ན་ལྕེ་གྱོང་རོ་མི་ཚོར། །བྱེ་བྲག་ནང་ཚེགས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། །བྱེ་བྲག་བད་ཀན་རྟེན་བྱེད་ནད་གྱུར་ན། །དང་ག་མི་བདེ་སྟོད་རྒྱངས་མདུན་རྒྱབ་གཟེར། །བྲང་ཚ་ཆུ་སྐྱུར་འབྱུང་ཞིང་དང་ག་འགག །བད་ཀན་མྱག་བྱེད་འཇུ་དཀའ་བཅུད་མི་ལེན། །ཁ་ཟས་མི་འཇུ་སྒྲེག་ཅིང་ཕོ་བ་གྱོང༌། །མྱོང་བྱེད་ཁ་ཟས་བྲོ་མེད་སྐོམ་དད་ཆུང༌། །ལྕེ་གྲང་མཆུ་ན་སྐད་འཛེར་ཟས་མི་ལེན། །ཚིམ་བྱེད་མགོ་འཁྱོམ་མིག་ཟི་རྣ་བ་འགག །སྦྲིད་པ་སྣབས་མང་ཆམ་འདེབས་མཚོག་མ་ལྕི། །འབྱོར་བྱེད་བརྐྱང་བསྐུམ་དཀའ་)ཞིང་ཚིག་[ཚིགས་]མགོ་སྦོམ། །རྐང་ལག་ལྷུ་ཚིགས་ན་ཞིང་ཚིགས་ཁ་གཡོ། །རླུང་དང་མཁྲིས་པར་གང་འདྲེས་དེའི་རྟགས་སྟོན་ནོ། །བད་ཀན་སེར་པོ་མཁྲིས་པའི་ཁ་ལྷུད་[ལུད་]ཡིན། །དྲི་ཆུ་མདོག་སེར་རྩ་རྒྱུད་དཔལ་[དལ་]ལ་ལྡིང་[སྟོང་]། །ཟས་ལ་དང་ཁ་ཞན་ཅིང་ཕོ་བ་ལྟེམ། །ཆང་འཐུང་དྲོས་དུས་འཚེག་[མཚོག་]མ་མིག་རུས་ན། །བྲང་ཚ་ཆུ་སྐྱུར་འབྱུང་དང་མཁྲིས་ཁུ་སྐྱག །ས་རླན་རུལ་བསྐྱུར་[སྐྱུར་]ཟོས་རྗེས་འཁྲུ་ཡང་སྲིད། །གྲོ་སྤོས་[ཡོས་]ར་ཤ་མར་རྙིང་ཆང་སྐྱུར་གནོད། །མཇུག་ཏུ་སྨུག་པོ་མཁྲིས་ནད་ཅན་དུ་ལྡོག །བད་སྨུག་འདི་ནི་ཁྲག་གི་སྙིགས་མ་ཡིན། །ཕོ་མཆིས་[མཆིན་]རོ་སྟོད་ན་ཞིང་རྒྱ་ཤལ་[བཤལ་]སྐྱུག །སྙིང་མི་དགའ་ལ་ལུས་ལྗི་[ལྕི་]སྒྱིད་པ་སྐྱུར། །དྲོ་གྲང་འགྲང་[འགྲངས་]ལྟོགས་གང་གི་དུས་ཀྱང་ན། །དུས་མིན་ན་་ཞིང་དལ་ན་བདེ་སྙམ་བྱེད་དོ། །ལྔ་པ་བཅོས་ཐབས་འདི་ལ་སྤྱི་སྒོས་གཉིས། །དང་པོ་བད་ཀན་ངོ་བོ་གྲང་བའི་ཕྱིར། །ཟས་སྨན་སྤྱོད་ལམ་བཞི་ནི་དྲོད་དང་སྤྲད། །ཟས་ཞབས་མཆིན་པ་འདྲ་སྟེ་ལྕེ་[ལྕི་]བའི་ཕྱིར། །ལན་རེས་མི་སོབ་[སེལ་]ཡུན་དུ་བརྟེན་[བསྟེན་]པ་གཅེས། །དང་པོ་ཟས་ཀྱི་སྒོ་ནས་བཅོས་པ་ནི། །ཆང་རྒན་འབྲུ་རྙིང་ཟན་དྲོད་[དྲོན་]ཚད་ལྡན་ལ། །ཆུ་སྐོལ་སྒ་ཆུ་ལུག་ཤ་ཉ་ཤྭ་དང༌། །དབྱི་སྤྱང་བྱ་རྒོད་གཡག་གི་ཤ་རྣམས་དང་། །རྩུབ་པའི་ཟས་སྐོམས་དྲོ་ཞིང་ཡང་བ་རྣམས། །ཨ་[ཧ་]ཅང་འགྲང་དྲག་[འགྲངས་དྲགས་]མ་ཡིན་ཉུང་ཟད་བརྟེན་[བསྟེན]། །སྤྱོད་ལམ་མེ་ཉིས་བསྲོ་ལ་གོས་དྲོན་གོན། །སྐམ་པར་[སར་]ལུས་ངག་རྩེལ་[རྩོལ་]བཅག་ཉིན་གཉིད་སྤངས། །སློང་བའི་ཟས་སྤྱོད་རྐྱེན་རྣམས་རྒྱུན་དུ་སྤང། །སྨན་དུ་རྒྱམ་ཚྭ་གསུམ་དང་བཞི་ཐང་དང༌། །རྒྱམ་ཚྭ་དྲེ་[བྲེ་]ག་པི་པི་ལིང་གི་ཐང༌། །ཚ་བ་གསུམ་དང་རྒྱམ་ཚྭའི་ཐང་ལ་སོགས། །བསྡུས་པའི་ཁུ་བ་ཚན་མོ་བཏང་བར་བྱ། །ཕྱེ་མ་སེལ་[སེ་]འབྲུ་བཞི་དང་བརྒྱད་པ་དང༌། །ད་ལི་[ལིས་]བདུན་དང་རྒོད་མ་ཁ་སྦྱར་ལ། །ཚ་བ་ལྔ་དང་ཁ་རུ་ཚའི་ཕྱེ། །མ་ཞུ་ལྷེན་དང་ལྕགས་དྲེག་དང་ཁ་འགྲིབ། །མེ་དྲོད་མཉམ་[ཉམས་]དང་གྲང་ནད་སྟོང་[སྟོད་]ལ་ཕན། །སེལ་[སེ་]འབྲུ་བཞི་སྟེ་[སྟེང་]ཟི་ར་ཁ་རུ་ཚྭ། །བཅའ་སྒའི་ཕྱེ་མས་དྲོད་བསྐྱེད་ཡི་ག་འབྱེད། །ཟས་འཇུ་སྒྲོག་[སྒྲེག་]དང་ཕོ་བའི་ཟུག་གཟེར་འཇོམས། །ཚ་བ་ལྔ་དང་སེལ་[སེ་]འབྲུ་བཞི་པ་དང༌། །བྱི་ཏང་ག་དང་རྒྱམ་ཚྭ་ཁ་རུ་ཚྭ། །ཕྱེ་མས་བད་རྐན་[ཀན་]གྲང་བ་མ་ལུས་འཇོམས། །ཀུན་ལ་བུར་དཀར་རྟ་སྦྱར་ཆུ་སྐོལ་དབུལ། །སྨན་གྱིས་མགོ་ནོན་རྩ་བ་མ་ཐོན་ན། །སྟོད་སྨད་གང་ཉེ་དེ་ལ་སྦྱོངས་ཀྱི་སྦྱངས། །དེ་རྗེས་ནད་ལྷག་གང་འཕྲོད་ཕྱེ་མས་འདོན། །གསུམ་པ་དཔྱད་ནི་ཚ་[ཚྭ་]དང་བོང་བ་སྤུ་དུག་[དུགས་]བསྟེན། །གྲང་བ་སྟོབས་རྒྱས་མེའི་ཐུར་མ་བྱ། །གཉིས་པ་བྱེ་བྲག་སོ་སོར་བཅོས་ཐབས་ནི། །རིགས་དང་གནས་དང་ནང་ཚེགས་དང་། །གཞན་དབང་གཉིས་[ཅན་]དང་གསུམ་[བཞི་]ཡིན་ཏེ། །དང་པོ་རིགས་ཀྱི་བད་ཀན་བཅོས་པ་ནི། །བྱེ་བྲག་མ་ནོར་བཅོས་ཐབས་བཅུ་གཉིས་བརྟེན་[བསྟན]། །བད་ཀན་ལྷེན་ལ་ཚ་བ་གསུམ་པ་དང་། །རྒྱམ་ཚྭ་ཁ་རུས་[རུ་]ཚྭའི་བསྐོལ་ཐང་བཏང་། །ཚྭ་དང་བོང་བ་བསྲེས་[བསྲེགས་]པའི་དུགས་ཀྱིས་བདུག །དེས་མ་སེལ་ན་ཚྭ་བསྲེག་སྦྱོར་བ་བྱ། །སྨན་རྗེས་སྟོད་འདྲེན་ལྷེན་གསང་ཁ་གསུམ་བསྲེགས། །གལ་ཏེ་ལྷན་[ལྷེན་]དེ་རྒྱ་ཆགས་འདྲིལ་སྲིད་ན། །མནན་ན་ན་དང་འཕར་ན་ན་ཟུག་ཆུང། །ཁ་ཟས་མི་ལེན་ཟོས་ཚད་སྐྱུག་པ་ནི། །འདི་ན་[ནི་]བད་ཀན་ལྷན་[ལྷེན་]སྐྲན་བྱ་བ་ཡིན། །ཅེང་[ཅོང་]ཞི་སོལ་[སོལ་]བའི་མེ་ལ་ཚོས་པར་བསྲེག །དར་བ་དད་[བར་ངད་]བསད་ཐལ་བ་གོ་བྲུན་དང། །ཨ་རུ་ར་དང་པི་པི་ལིང་དུ་སྦྱར། །ཀ་རས་ཏ་[རྟ་]བསྐྱོན་ཆུ་བསྐོལ་ཕུལ་བས་བཏང་། །མ་ཞུ་ལྷན་[ལྷེན་]སྐྲན་རྡུལ་ཕུང་བཞིན་དུ་བཤིག །ཡང་ན་ཐུན་གསུམ་ཚའི་[ཚ་བའི་]རིལ་ལུས་[བུས་]བཤིག །ཤིག་རྗེས་ནད་རོ་སྐྱུག་གམ་བཤལ་གྱིས་འདྲེན། །གཉིས་པ་ལྕགས་དྲིག་[དྲེག་]ཆགས་ན་ཅོ་ཟིའི་[ཅོང་ཞིའི་]ཐལ་བར་སྦྱར། །ཡང་ན་ཐལ་སྨན་རྣོན་པོ་བསྟེན་ལ་བརྐོག་[བརྐོ]། །ནད་རྗེས་སྦྱོར་སྐྱུག་སྦྱོང་རྗེས་སེ་འབྲུ་བཏང་། །ཞི་དཀའ་ཕོ་གསང་ཕྱི་ནང་མེ་ཡིས་སྟམས་[བསྡམ]། །མེ་ཉམས་རྒོད་མ་ཁའི་ཕྱེ་མ་སྦྱར། །སི་[སེ་]འབྲུ་ཚ་བ་ལྔ་དང་བཟང་པོ་གསུམ། །བྱི་ཏང་ག་དང་སྲུབ་ཁ་ཀ་རན་ཛ་[རཉྫ]། །རྒྱམ་ཚྭ་ཁ་རུ་ཚྭ་དང་བུ་རམ་སྦྱར། །ཆུ་སྐོལ་ཕུལ་བས་ཕོ་བའི་མེ་དྲོད་བསྐྱེད། །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོ། །པི་པི་ལིང་དང་ལྒ་རྣམས་རིམ་བཞི་[བཞིན་]བསྐྱེད། །ཀུན་དང་མཉམ་པའི་ཨ་རུའི་ཐལ་བར་སྦྱར། །མངོན་གསུམ་[སུམ་]མེ་དང་འདྲའོ་དྲོད་བསྐྱེད་མཆོག །ཤིང་ཀུན་ཁ་རུ་ཚྭ་དང་ཚ་བ་གསུམ། །སྒོག་སྐྱ་མར་རྙིང་རང་བཞིན་མེ་དྲོད་བསྐྱེད། །བཅུ་གཉིས་མེ་མཉམ་གསང་ཡིན་ཐུར་མ་བྱ། །གསུམ་[བཞི་]པ་བད་ཀན་འགུལ་[མགུལ་]འགག་ནད་ལ་ཚ་བ་ལྔ། །བཟང་པོ་བཞི་དང་ཤིང་ཀུན་བྱི་ཏང་ཁ[ག] །རྒྱམ་ཚྭ་ལ་སོགས་ཚ་[ཚྭ་]སྣ་འཚོགས་ཚད་བཏང༌། །སྲུབ་ཀ་ལྕེ་ཚ་ཕྱེ་མ་སྦྲང་རྒད་[རྒོད་]སྦྱར། །ཅོང་ཞི་རྒོད་སྲེག་ཐལ་སྨན་རྣོན་པོ་སྦྱར། །ནང་ནུབ་ལྷག་[ལྟག་]པ་སྤྲད་ལ་ཆུ་བསྐོལ་བཏུང། །ཉ་ཤ་ཨོར་གསོ་[ཨོལ་གོང་]ཚ་བ་ཁང་[ཁོང་]དུ་བསྟེན། །སྨན་རྗེས་བཤལ་སྐྱུགས་སྦྲག་[སྦྲགས་]་ལ་སྦྱང་བར་བྱ། །ལྷེན་གསང་སྐེ་སྟེ་[སྟོང་]ཚིགས་པ་བཞི་པ་སྲེག[བསྲེག]། །བཞི་[ལྔ྄པ་བད་ཀན་གྲུམ་བུ་དཀར་པོ་བཅོས་པ་ནི། །རྡོ་འམ་བྱ་རིལ་བསྲེས་[བསྲོས་]པའི་དུགས་ཀྱིས་བདུག །ཤིང་ཀུན་རྒྱ་ཚྭ་དབྱི་མང་[མོང་]བསྐོལ་ཐང་བཏང༌། །སུག་མེ་[སྨེལ་]རུ་རྟ་རྒྱ་ཚྭ་པི་པི་ལིང༌། །གླ་རྩི་བྱི་ཏང་ཀའི་ཕྱེ་མ་བསྟེན། །སིལ་[སེ་]འབྲུ་ཚ་བ་གསུམ་དང་ཨ་རུ་ར། །རྒྱམ་ཚྭ་མ་ནུ་འུ་སུ་ད་ཏྲིག་དང༌། །མེ་[མ་]རུ་ཙེ་དང་བུ་རམ་སྦྲང་སྦྱར་བཏང༌། །ཁྱད་པར་རླན་མེད་དྲོ་སར་བཅག་ན་བཟང། །ལྔ་[དྲུག་]པ་བད་ཀན་འཇུ་སྐེམས་བཅོས་པ་ནི། །བཅའ་ལྒ་ཨ་རུ་ར་དང་ཁ་རུ་ཚ། །སྐྱུར་[སྐྱུj]རུ་ར་དང་བུར་དཀར་སྦྱར་བ་བཏང༌། །སྤྱང་ཚེར་སྐྱུག་དྲངས་ལྷེལ་[ལྷེན་]སྣ་མེ་ཡིས་བསྲེག །ཀུན་ལ་ཟས་སྐོམ་ཡང་དྲོ་ཆུང་བས་བཅོས། །དྲུག་[བདུན་]པ་ལྤགས་[པགས་]གྲམ་ཚ་བ་གསུམ་དང་ཟོ་མལ་[མར་]སྦྱར། །མེ་ཉིས་བསྲོས་ཤིང་མཉེ་དུགས་འཐབ་པར་བྱ། །བདུན་[བརྒྱད་]པ་ཤ་རྒྱས་ཨོལ་འོག་[གོང་]བསྡུས་བསྐོལ་བཏང། །སེལ་[སེ་]འབྲུ་བརྒྱད་བཏང་ལྟོ་བཏབས་[དགུག་]ལས་རྩོལ་བྱེད། །བརྒྱད་[དགུ་]པ་རྩར་ཞུགས་ཚ་[ཚྭ་]སྣའི་ཐང་བཏང་མེ་དུགས་བྱ། །དགུ་[བཅུ་]བ་རུས་ཞུགས་བུར་ཆང་ཚ་བ་གསུམ་སྦྱར་བཏང༌། །བྱ་བྲ་བསྲོས་དུགས་བྱ་ལ་བོང་ཤ་ཟ། །མར་རྙིང་བྱུག་པ་དང་ནི་ཚིག་གིས་[ཚིགས་ཀྱི་]དམིགས་གྲང་པར་[སར་]བསྲེགས། །བཅུ་(གཅིག་)པ་གློ་སྙིང་གང་ལ་བབས་པ་སྐྱུག་པས་[སྐྱུགས་ཀྱིས་]དྲངས། །དེ་རྗེས་སེལ་[སེ་]འབྲུ་བཞི་པའི་གཙོ་བོ་ལ། །སྙིང་ལ་འཛའ་[ཛཱ་]ཏི་ཤིང་ཀུན་ཁ་རུ་ཚྭ། །གློ་ལ་ལི་ཤི་སྟར་བུ་ཅུ་གང་བཏང་། །སྦྲང་དང་བུར་དཀར་རྟ་བྱས་ཆུ་སྐོལ་དབུལ། །ཡང་ན་སྙིང་ལ་ཛཱ་ཏི་ཚ་བ་གསུམ། །སུག་སྨེ་[སྨེལ་]ཟི་ར་ནག་པོ་ཀ་ཀོ་ལ། །བུར་དཀར་སྦྱར་བཏང་གློ་ལ་སེལ་[སེ་]འབྲུ་དང༌། །ཚ་བ་གསུམ་དང་ཟི་ར་དཀར་ནག་དང་། །ཤིང་ཚ་སུ་སྨེ་[སུག་སྨེལ་]བུ་རམ་སྦྱར་ལ་བཏང༌། །རྗེས་ལ་ཚིག་[ཚིགས་]པ་བཞི་ལྔ་དྲུག་བདུན་བསྲེགས། །མཆིན་བབ་ཚ་བ་གསུམ་དང་སེལ་[སེ་]འབྲུ་དང༌། །ཤིང་ཚ་ཁ་རུ་ཚྭ་དང་གུར་ཀུམ་དང༌། །ཀ་ར་སྦྱར་བཏང་དགུ་པ་མེ་ཡིས་བསྲེགས། །མཚེར་བབས་སེ་འབྲུ་རྒྱམ་ཚྭ་ཚ་བ་གསུམ། །ཐལ་ཚྭ་ཁ་རུ་ཚྭ་དང་སྐྱེ་སྤྱང་[ལྕེ་མྱང་]ཚྭ། །བུར་དཀར་སྦྱར་བཏང་བཅུ་གཅིག་མེ་ཡིས་བསྲེགས། །མཁལ་བབས་ཚ་[ཚྭ་]དང་བྱེ་མ་སྤུར་[སྤ྄ུདུགས་བརྟེན་[བསྟེན]། །ཚ་བ་གསུམ་དང་སུག་སྨེ་[སྨེལ་]རྒྱམ་ཚྭ་དང༌། །ལྕམ་པ་སྡིག་སྲིན་གསེར་གྱི་བྱེ་མ་དང་། །འབྲས་བུ་གསུམ་དང་བུ་རམ་ཆང་གིས་དབུལ། །རི་བོང་ཤ་དང་གསའ་སྤྱང་སྲམ་ཤ་བརྟེན་[བསྟེན]། །རྗེས་གཅོད་ཚིགས་པ་བཅུ་གཅིག་མེ་བཙས་མནན། །བཅུ་ཅིང་[གཉིས་]པ་སྣོད་ལ་བབས་པའི་བཅས་[བཅོས་]ཐབས་ནི། །ཕོ་བར་བབས་ན་སེར་[སེ་]འབྲུ་ཚ་བ་ལྔ། །ཁ་རུ་ཚྭ་དང་ད་ཏྲིག་ཤིང་ཀུན་སྦྱར། །རྗེས་ལ་བདུན་[མདུན་]རྒྱབ་གང་བབས་གསང་དམིག་བསྲེག །མཁྲིས་པ་བབས་ན་སེལ་[སེ་]འབྲུ་བཞི་པ་དང། །རྒྱམ་ཚ་གསེར་གྱི་མེ་ཏོག་ལྒ་སྐྱ་སྦྱར། རྗེས་སུ་སྦྱོར་[སྦྱོང་]བཏང་ཚིགས་པ་བཅུ་པ་བསྲེག །རྒྱུ་ལོང་བབས་ན་ཤིང་ཚ་ཚ་བ་ལྔ། །བྱི་ཏང་ག་དང་ཤིང་ཀུན་ཁ་རུ་ཚྭ། །བུ་རམ་སྦྱར་བཏང་མདུན་རྒྱབ་དེ་བསྲང་[གསང་]བསྲེགས། །ལྒང་པར་ལྷུང་ན་རྒྱ་ཚྭ་ཚ་བ་གསུམ། །སུག་སྨེ་[སྨེལ་]ལྕམས་[ལྕམ་]པ་ཆང་དང་སྦྱར་ལ་བཏང༌། །མངལ་ཞུགས་ཐུན་གསུམ་ཚ་བའི་རིལ་བུ་སྦྱར། །དྲོད་དུགས་མེ་བཙའ་རི་བོང་ཤ་ཆང་བརྟེན་[བསྟེན]། །བཅུ་གཉིས་པ་དབང་པོ་ལྔ་ལ་བབས་པའི་བཅོས་ཐབས་ནི། །དང་པོ་མགོར་ཞུགས་སེལ་[སེ་]འབྲུ་བརྒྱད་སྦྱར་སྟོད་འདྲེན་བྱ། །རྣ་བར་ཞུགས་ན་ཤིང་ཀུན་རྒྱམ་ཚྭ་བླུག །མིག་ལ་ར་གན་དུད་པ་ཉ་ཤ་བདུག །སྣ་ལ་སྣ་སྦྱོར་[སྦྱོང་]དུད་པས་རྣོ་བས་འདུག[བདུག] །ལྕེ་ལ་ཞུགས་ན་ཚ་བའི་ཁུར་བསྐང་[མཁུར་བཀང་]བཏང༌། །གཉིས་པ་[གསུམ་]ཁྱེད་[ཁྱད་]པར་ནང་ཚེགས་བཅོས་ཐབས་ལྔ། །དང་པོ་བད་ཀན་རྟེན་བྱེད་བཅོས་པ་ལ། །སྤྱང་ཚེར་དུགས་བྱ་སེལ་[སེ་]འབྲུ་ལྔ་པའམ། །ཅོང་ཟི་[ཞི་]དྲུག་སྦྱར་ཚིགས་ལ་[པ་]བརྒྱད་པ་བསྲེག །གཉིས་པ་མྱག་བྱེད་སིལ་[སེ་]འབྲུ་བརྒྱད་དང་རྒྱམ་ཚྭ་བུ་རམ་དཀར་སྦྱར། །བཅུ་གསུམ་དགུ་པ་ཕོ་གསང་གང་རགས་[རིགས་]བསྲེག །གསུམ་པ་མྱོང་བྱེད་ནང་[ནད་]ལ་འབྲས་བུ་གསུམ་ཐང་བཏང་། །གཏར་[སྟར་]བུ་སྒེར་[སྒེ་]གཤེར་ཤིང་མངར་འབྲས་བུ་གསུམ། །སྦྲང་དང་སྦྱར་བཏང་སྐེ་སྟོང་དང་པོ་བསྲེགས། །བཞི་པ་རྟེན་[ཚིམ་]བྱེད་སྐྱུགས་དྲང་ཤིང་མངར་ཏིལ་མར་ལ། །ལ་ཕུག་སྦྱར་བའི་སྣ་སྨན་ཞི་བ་[བཞི་བ་]བཏང་། །མཚོག་མའི་གསང་དབྱེའ་[དབྱེ་]འདུས་པོ་[སོ་]གསུམ་དུ་བསྲེག །ལྔ་པ་འབྱོར་བྱེད་ཨ་རུ་རའི་ཕྱེ་དང་རི་བོང་ཤ་ཆང་བརྟེན་[བསྟེན]། །ཐལ་ཀ་རྡོ་རྗེ་ཟ་[ཟོ་]མར་ཀུན་མཉེམས་བྱེ[བསྐུ་མཉེ་བྱ]། །ཆུ་སེར་མེར་སར་རྔབས་[རྔབས་]རུ་མེ་ཐུར་བྱ། །རླུང་འཁྲིས་[མཁྲིས་]གང་སྡོད་དེའི་ཁ་ཚ་[ཚར་]བཏང་། །དསུམ་[བཞི་]པ་གཞན་དབང་ཅན་གྱི་བད་ཀན་སེར་པོ་ལ། །ཆ་མཉམ་བཞི་ཐང་སིལ་[སེ་]འབྲུ་བརྒྱད་པ་སྦྱར། །ཨ་རུ་གསེར་ཕུད་སྐྱུག་[སྐྱུགས་]དང་མ་བུའི་[ནུའི་]དྲོད་བཤལ་བཏང། །སླེ་ཁྲེས་[ཏྲེས་]ཀན་དྷ་ཀ་རིའ་[ཀཎྜ་ཀ་རི་]དོང་ཁ་ལྕིམ་[ལྕུམ་]རྩ་བཏང། གསེར་མདོག་ཏང་[མདུང་གཏར་]ཞིང་ཅོང་ཞི་དྲུག་པ་སྦྱར། །བསིལ་ཡང་ཤ་མར་གསེར་[གསར་]པ་མཛོ་ཞོ་བཏང། །གཉིས་པ་བད་སྨུག་པོ་སིལ་[སེ་]འབྲུ་བསེ་ཡབ་དང༌། །སྟར་བུ་སྐྱུ་རུ་ར་དང་སྒ་སྐྱ་དང༌། །མ་ནུ་འུ་སུ་ཨུད་དཔལ་[ཨུཏྤལ་]པི་པི་ལིང༌། །ཀ་ར་སྦྱར་བའི་ཆུ་བསྐོལ་ཕུལ་ལ་བཏང༌། །སྤྱིར་ན་བད་ཀན་ལྕི་རྟུལ་བསིལ་བའི་ཕྱིར། །ཁོང་ནང་[ཁོང་ནད་]ཀུན་གྱི་རྩ་བ་འདི་ཡིས་བསྐྱེད། །ཤ་ལྤགས་[པགས་]རྩ་ཚིགས་ཕྱི་རུ་བྱེར་བ་ཉུང༌། །འདི་ཡི་གནས་ལ་གཞན་ནད་འཇུག་པ་དཀའ། །ཕལ་ཆེར་མ་ཞུ་ཕོ་བ་རྒྱས་པ་ངེས་[དེས]། །དེ་ཕྱིར་ཕ་[ཕོ་]བའི་ཁ་འཛིན་འདི་ལ་གཅེས། །ཞེས་གསུངས་སོ།།

བདུད་རྩི་སྨན་གྱི་མོ་[མདོ་]དགུ་ལས་གསོ་བྱའི་ནད་འབུམ་ནག་པོ་ལས། རྩ་བ་བད་ཀན་བཅོས་པའི་ལེའུ་སྟེ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།