སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བད་ཀན་ནད་ལ་བྱེ་བྲག་ཏུ་བཤད་ཅིང་སྤྱིར་གདམས་པ་གཉིས་ལས་དང་པོ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཅས་རྣམ་པ་ལྔ་ཡིས་བསྟན། །སྤྱི་དོན་དང་པོ་རྒྱུ་ནི་མ་རིག་གཏི་མུག་ལས་བྱུང་བའི། །བད་ཀན་ཐ་མལ་མཚན་ཉིད་སྣུམ་བསིལ་ལྕི་བསིལ་འཇམ་བརྟན་འབྱར་བག་སྟེ་བདུན་ལྡན་དེ། །

སྤྱི་དོན་གཉིས་པ་སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། །འགྲངས་རྗེས་དལ་བར་བསྡད་དང་ཉིན་གཉིད་ལོག །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་ལོ་ཟླ་མ་ལོན་པའི་གསར་ཐོག་འཆར་ཟད་སེར་ཅན་ནམ་རུལ་སུངས་པ་དང༌། །ར་ཤ་སྐོམ་རྟོལ་རྒོག་ཤ་རིད་ཚིལ་བུ་འབྲུ་མར་དང༌། །རྩི་མར་རུལ་པ་ལོ་ཤུར་ལ་ཉུང་མ་ཁ་ལོ་རྙེད་པ་ལ་ཕུག་རས། །མ་བཏབ་པར་རི་ལ་སྐྱེས་པའི་སྒོག་པ་ལ་སོགས་གཞན་ཡང་རྗེན་ཟས་མཐའ་དག་དང༌། །མ་ཚོས་པ་དང་ཚིག་པོ་འབར་བ་ཁེངས་པོའི་གྲང་བ་ཟས། །བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ་གྲང་མོ་། །བཟའ་བཏུང་ཆེས་ཆེར་བས་ཏེ་ཚད་ལས་འདས་པའམ། །ཡང་ན་ཟས་སྔ་མ་མ་ཞུ་བའི་སྟེང་དུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང༌།།

སྤྱི་དོན་གསུམ་པ་དབྱེ་བ་རང་རྒྱུད་ཅན་དང་གཞན་རྒྱུད་ཅན་གཉིས་ལས་། །དང་པོ་རང་རྒྱུད་ཅན་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་། །དང་པོ་སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས་ཡོད་པ་། །དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་བད་ཀན་ལྷེན། །བད་ཀན་ལྕགས་དྲེག་མེ་དྲོད་ཉམས་པ་དང༌། །བད་ཀན་མགུལ་འགགས་གྲུམ་བུ་དཀར་པོ་དང་། །བད་ཀན་འཇུ་སྐེམ་ནད་དང་རྣམ་པ་དྲུག །གཉིས་པ་གནས་ཀྱི་དབྱེ་ན་ལྤགས་གྲམ་ཤ་ལ་རྒྱས། །རྩར་རྒྱུ་རུས་ཞེན་དོན་བབས་སྣོད་དུ་ལྷུང༌། །དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དོན་ནི་གློ་སྙིང་མཆིན་མཆེར་མཁལ་མ་ལྔ། །སྣོད་ནི་ཕོ་ལོང་རྒྱུ་མ་མཁྲིས་པ་དང༌། །ལྒང་པ་མངལ་དུ་ཞུགས་དང་རྣམ་པ་དྲུག །དབང་པོ་མགོ་མིག་རྣ་བ་སྣ་ལྕེའོ། །གཉིས་པ་བྱེ་བྲག་ལས་ནང་ཚེགས་རྟེན་བྱེད་མྱག་བྱེད་དང༌། །མྱོང་བྱེད་ཚིམ་བྱེད་འབྱོར་བྱེད་རྣམ་པ་ལྔ། །རླུང་དང་མཁྲིས་པར་འདྲེས་པས་བཅུ་རུ་འགྱུར། །དེ་ནི་རིགས་དྲུག་གནས་ཉི་ཤུ་ནང་ཚེངས་བཅོ་ལྔ་དྲིལ་བས་བཞི་བཅུ་རྩ་གཅིག་རང་རྒྱུད་དབྱེ་བར་འདོད། །གཉིས་པ་གཞན་རྒྱུད་ཅན་ལ་སེར་པོ་སྨུག་པོ་གཉིས། །

སྤྱི་དོན་བཞི་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་། །དང་པོ་སྤྱི་རྟགས་སློང་བ་རྒྱུ་ལ་བརྟག་པ་དང༌། །མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། །ཕན་གནོད་གོམས་པའི་སྒོ་ནས་བརྟག་པ་གསུམ། །

དང་པོ་སློང་བྱེད་རྒྱུ་ལས་བརྟག་བྱ་ན། །གོང་གི་བད་ཀན་སྐྱེད་པའི་ཟས་སྤྱོད་རྣམས། །བསྟེན་རྗེས་ན་ན་བད་ཀན་ཡིན་པར་བཤད། །ནད་རྟགས་རྩ་ནི་གཏིང་དུ་བྱིང་གུད་སྟོབས་ཆུང་ཞར་བ་མནན་རབ་རིབ་ཙམ་ལས་མི་གསལ་བ་དང༌། །ཆུ་ཡི་མདོག་དཀར་དྲི་དང་རླངས་པ་ཆུང༌། །ཁ་མངལ་རོ་རླག་ཅང་ངེ་བྲོ་བ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲངས། །སྣབས་ལུད་མང་ཞིང་མགོ་འཐོམ་ལུས་སེམས་ལྕི། །དང་ག་མི་བདེ་དྲོད་མེད་འཇུ་སྟོབས་ཆུང༌། །མཁལ་རྐེད་མི་བདེ་ལུས་སྦོ་ལྦ་བ་སྐྱེ། །རྩམ་པ་བད་ཀན་བེ་སྣབས་སྐྱུག་ཅིང་འཁྲུ་བ་དང༌། །གཏར་ན་ཁྲག་མདོག་དམར་སྐྱ་འབྱར་བག་དང༌། །དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུར། །ལུས་ལ་ཟ་འཕྲུག་གཡའ་མཁྲང་ལུས་རེངས་པ་ལྟར་ཚིགས་དམ་བརྐྱང་བསྐུམ་དཀའ་བ་ཤ་རྒྱས་ཤེད་བཅང་བའམ་ལས་ཕྱི་དལ་དུ་ལུས་པ་སྟེ་མཐའ་རིང༌དུ་འཇོག་འདོད་པ་། །ནམ་ཞོད་ཆར་བའི་དུས་སྲོད་དང་སྔ་དྲོ་ཟས་ཟོས་ཐོག་ཏུ་ན་ཟུག་ལྡང༌། །ཕན་གནོད་ཟས་སྤྱོད་རྩུབ་ཡང་དྲོ་བ་འཕྲོད། །ལྕི་བསིལ་བསྟེན་པས་ཁྱད་པར་ན་ལས་གསལ། །གཉིས་པ་བྱེ་བྲག་རིགས་ཀྱི་སྒོ་ནས་བརྟག་པ་ལ། །དང་པོ་བད་ཀན་ལྷེན་ཞེས་བྱ་བ་ནི། །རྟེན་གྲང་རླུང་ཅན་དང་མ་གོམས་པ་ལ་ཁ་ཟས་ས་མ་གྱོང་བའི་རིགས་ཟ་བ་དང་ནམ་ཕྱེད་ལྟ་བུ་མི་འཕྲོད་པ་ཉ་ཤ་དང་འོ་མ་ལྷན་ཅིག་ཏུ་ཟ་བཏུང་ལྟ་བུ་ཟས་ཀྱི་ངོ་བོ་འབྲུ་སེར་ཅན་སོགས་བཞིའི། །རྐྱེན་བཞི་པོ་དེ་དག་གྱིས་མ་ཞུ་བད་ཀན་བེ་སྣབས་འཕེལ། །བེ་སྣབས་ལྷེན་སྣའི་འོག་ཏུ་ཚོགས་པ་ལ། །ལྷེན་ཞེས་བྱ་སྟེ་ནད་པ་དེ་རང་གི་ཉམས་སྣང་ལ་སྐྲན་ལྟ་བུར་འདྲིལ་སྙམ་བྱེད། །ལྟོང་ངེ་ན་ལ་ན་བའི་དམིགས་དེར་མནན་ན་དངོས་སུ་འདྲིལ་བ་མེད་དེ་། །དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། །ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་མངོན། །ལྕགས་དྲེག་ཅེས་བྱ་གོང་ལྟར་མ་ཞུ་བས། །བེ་སྣབས་འཕེལ་ཏེ་ཕོ་བའི་ནང་སུལ་ལ། །ལྕགས་དྲེག་ཆགས་པས་ཕོ་བའི་མེ་དྲོད་ཉམས། །སྒྲེག་འཚིང་ཕོ་བ་ཐམས་ཅད་ཧྲེམ་མེ་ན། །དང་ག་མི་བདེ་ཤ་སྐམ་སྡོད་སྙིང་འདོད། །བེ་སྣབས་བད་ཀན་ཁ་ཟས་ཟོས་ཚད་སྐྱུག །བད་ཀན་མེ་ཉམས་གྲང་རླུང་ཤས་ཆེ་ལ། །ཁ་ཟས་འཇུ་དཀའ་བསིལ་ཕྱོགས་ཚད་ལས་ཐལ། །གོས་སྲབ་ལུས་གྲང་ཆུ་ཡི་ལས་མང་བྱས། །ཚད་གཞུག་ཏུ་ཟས་སྨན་སོགས་བསིལ་ཐལ་སྦྱོངས་དང་གཏར་ཡང་དྲགས་པ་ཡིས། །མཁྲིས་པ་འཇུ་བྱེད་མེ་མཉམ་རླུང་མཐུ་ཉམས། །ལུས་ཀྱི་དྲོད་ཆུང་ཁ་ཟས་འཇུར་མི་འདོད། །ཕོ་ལོང་སྦོ་འཁྲོག་འཚིང་སྒྲེག་ཁ་ཟས་མ་སྨིན་པར་ཟས་སྐོམ་དངོས་སུ་འཁྲུ། །སྟོབས་ཆུང་ཤ་སྐམ་མཇུག་ཏུ་དམུ་སྐྲན་འགྱུར།  །བད་ཀན་མགུལ་འགགས་ཞེས་པ་ཕོ་བ་དང༌། །བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས། །བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས། །དཔེར་ན་འོ་མས་དཀྲོག་སྣོད་ཀྱི་ཟོ་བའམ་དོང་བའི་ལོགས་ལ་ཟོ་ཤ་ཆགས་འདྲ། །དེས་རྐྱེན་མིད་པ་འཆུས་ནས་ཟས་མིད་དཀའ། །དབུགས་རྔུབ་མི་བདེ་ཤ་སྐམས་ལུས་སྟོབས་འཆོར། །ཟས་སྐོམ་མེད་པས་ཕོ་བ་ཆ་ནས་རུབ། །མཇུག་ཏུ་མིད་པ་འགགས་ནས་འཆི་བ་ཡིན། །བད་ཀན་གྲུམ་བུ་དཀར་པོ་ཞེས་བྱ་བ། །མ་ཞུ་རང་གནས་བད་ཀན་འཕེལ་བ་ཡིས། །ཕོ་བ་མཆིན་པ་གང་ཡིན་ཆ་མེད་ན། །ཁ་ཟས་ཅི་ཟོས་མི་ཞིམ་འཁྲུ་སྐྱུག་བྱེད། །རྐང་ལག་ཉྭ་གཞི་མིག་རུས་ན་ཞིང་ཆུ་ཚན་སྐྱུགས་པ་འབྱུང༌། །མཇུག་ཏུ་ཡན་ལག་ལ་བྱེར་གྲུམ་བུར་འགྱུར། །བད་ཀན་འཇུ་སྐེམས་ཞེས་བྱ་འགྲངས་པ་མེད། །སྟོབས་ཆུང་ཤ་སྐམ་གསུས་པ་ཤིན་ཏུ་ཆེ། །འགྲོ་བའི་དུས་བྱིན་པ་འདར་ལ་སྒྱིད་པ་སྐྱུར་བ་རྒྱུ་དལ་བས་ལས་གང་ཡང་བྱེད་སྙིང་མི་འདོད་པ་ཡིན། །བད་ཀན་ལྤགས་ལ་གྲམ་ན་གོས་ཀྱིས་དྲོད་དང་བྲལ་ལྤགས་མདོག་སྐྱ་ཡམ་མེ་ཚ་བ་བས་ལྡགས་ལྟ་བུར་དང་གཡའ་ཟ་འཕྲུག། །ཤ་རྒྱས་ཤིང་དྲོད་མེད་པ་ལ་སྐྲངས་པ་ལྟར་སྦོ་ཞིང་གསོབ་སོག་སམ་བལ་དྲེག་པ་ལུས་ལ་ཆགས། །གཉིད་ཆེ་ལུས་ལྕི་སྒྱིད་སྐྱུར་རྒྱུ་ལ་ཞེན་ཅིང་ལས་མཐའ་རིང་བ་རྨེན་བུ་འོང༌། །རྩར་ཞུགས་རྩ་རྒྱུད་གྲང་བསིལ་གྱོང་ཧྲེམ་ཧྲེམ་པོ་ལ་ལུས་ལྕི་བའི་རྣམ་པ་བྱེད་། །རུས་ལ་ཞེན་ན་རུས་པ་གྲང་ཞིང་ན། །ཚིགས་ཁ་སྐྲངས་ཤིང་གཡོ་ཞིང་བརྐྱང་བསྐུམ་འགྲོ་འདུག་གྱོང༌། །སྙིང་ལ་བབས་ན་དྲན་པ་རྨོངས་པར་བྱེད། །དང་ག་མི་བདེ་སྟོད་རྒྱངས་སྙམ་བྱེད་པ་ལུས་སེམས་ལྕི། །གློར་བབས་སྟོད་རྒྱངས་མགོ་འཁོར་ཟས་མི་འདོད། །བེ་སྣབས་སྔོ་ལྗོབ་མང་དུ་ལུ་བར་བྱེད། །མཆིན་པར་བབས་ན་ཟོས་རྗེས་མཆིན་པ་ན། །སྲིན་བུ་ལྡོག་ཅིང་ཁ་ནས་ཆུ་སྔོན་འཛག །མཆེར་བབས་གཉིད་ཆེ་དབུགས་རྒོད་ཁོང་པ་སྦོ། །ཉམས་ཞན་པ་རྨྱ་ཞིང་རྒྱུ་དལ་ཆེ་བ་སྟེ་ལས་ལ་མི་སྤྲོ་བ་སྒྱིད་པ་སྐྱུར་ལ་ཟས་མདོག་འཁྲུ། །མཁལ་བབས་མཁལ་རྐེད་ན་ཞིང་དྲི་ཆུ་སྲི། །རྣ་བ་འཐིབ་ཅིང་རླན་གྲང་ཁྱད་པར་གནོད། །ཕོ་བར་ལྷུང་ན་ཕོ་བ་མི་བདེ་ཞིང་ལུས་སེམས་ལྕི་དིང་ངེར་ན་། །བྲང་ཚ་བ་ཆུ་ཚན་འབྱུང་ཞིང་ཟས་མི་འཇུ། །ལོང་ལྷུང་སྦོ་འཁྲོག་བྱེད་ཅིང་ཟོས་ཚེ་ན། །རྒྱུ་མར་ལྷུང་ན་བེ་སྣབས་འཁྲུ་ཞིང་ལྕི། །མཁྲིས་པར་ལྷུང་ན་མིག་སེར་འཇུ་བ་དཀའ། །ལུས་ལྕི་སྒྱིད་པ་སྐྱུར་རྒྱུ་དལ་ལ་དུས་རྟག་ཏུ་གཉིད་དུ་འབྱིང་། །ལྒང་པར་ལྷུང་བས་བད་ཀན་ཟ་ཁུར་འགྱུར། །མངལ་ལྷུང་སྨད་གྲང་ཟླ་མཚན་གཅིན་འབྱར་བག་ཅན་འཛག །བད་ཀན་མགོ་ལ་ཞུགས་ན་མགོ་བོ་ལྕི། །གཉིད་ཆེ་དང་ག་མི་བདེ་ཟས་གང་ཡང་མི་འདོད་པ་ཡི་ག་འགག །མིག་ལ་ཞུགས་ན་སྐྲངས་ཤིང་མཆི་མ་འཛག །རྣ་བར་ཞུགས་ན་གྲང་ཞིང་མགོ་ལྕི་ལ་འོན་པ་ལྟར་འཐིབ། །སྣ་ལ་ཞུགས་ན་སྣ་འགག་མཚུལ་པ་ལྕི། །ལྕེ་ལ་ཞུགས་ན་ལྕེ་གྱོང་རེད་རེད་པོར་རོ་མི་ཚོར། །གཉིས་པ་བྱེ་བྲག་བད་ཀན་རྟེན་བྱེད་ནད་གྱུར་ན། །དང་ག་མི་བདེ་སྟོད་རྒྱངས་མདུན་རྒྱབ་སྦྲག་ལ་གཟེར། །བྲང་ཚ་ཆུ་སྐྱུར་འབྱུང་ཞིང་དང་ག་འགག །བད་ཀན་མྱག་བྱེད་འཇུ་དཀའ་བཅུད་མི་ལེན། །ཁ་ཟས་མི་འཇུ་སྒྲེག་ཅིང་ཕོ་བ་གྱོང༌ཧྲེང་ངེ་བ་། །མྱོང་བྱེད་ཁ་ཟས་བྲོ་མེད་སྐོམ་དད་ཆུང༌། །ལྕེ་གྲང་མཆུ་ན་སྐད་འཛེར་ཟས་མི་ལེན། །ཚིམ་བྱེད་མགོ་འཁྱོམ་ཁྱོམ་ཁྱོམ་གཟེར་ཞིང་མིག་ཟི་ཟ་ཟི་ལས་རྣ་བ་འགག །སྦྲིད་པ་སྣབས་མང་ཆམ་འདེབས་མཚོག་མ་མནན་པ་ལྟར་ལྕི། །འབྱོར་བྱེད་རྐང་ལག་བརྐྱང་བསྐུམ་དཀའ་ཞིང་ཚིགས་རྣམས་ཀྱི་མགོ་སྦོས་པ་ལྟར་སྦོམ། །རྐང་ལག་ལྷུ་ཚིགས་ན་ཞིང་ཚིགས་ཁ་སྐྲངས་ལ་སོབ་པ་གཡོ། །རླུང་དང་མཁྲིས་པར་གང་འདྲེས་པ་དེ་གའི་ནད་རྟགས་སྟོན། །བད་ཀན་སེར་པོ་མཁྲིས་པའི་ཁ་ལུད་ཡིན། །རྩ་ནི་དལ་ལ་མནན་ན་སྟོང་ཞིང་ཆུ་མདོག་སེར། །ཕོ་བ་མི་བདེ་བར་འབྱིང་པ་འདྲ་ལྟེམ་ལྟེམ་བྱེད་ཞིང་ཟས་ལ་དང་ག་ཞན་ཟས་མི་འདོད་པ་། །ཆང་འཐུངས་དྲོས་ཚེ་མཚོག་མ་མིག་རུས་ན། །བྲང་ཚ་ཆུ་སྐྱུར་འབྱུང་ཞིང་མཁྲིས་པ་སྐྱུག །ས་རླན་རུལ་སྐྱུར་ཟོས་རྗེས་འཁྲུ་ཡང་སྲིད། །གྲོ་ཡོས་ར་ཤ་མར་རྙིང་ཆང་སྐྱུར་གནོད། །མཇུག་ཏུ་སྨུག་པོའམ་མཁྲིས་པའི་ནད་དུ་འགྱུར། །བད་ཀན་སྨུག་པོ་ཁྲག་གི་སྙིགས་མ་ཡིན། །ཕོ་མཆིན་རོ་སྟོད་ན་ཞིང་རྒྱ་བཤལ་སྐྱུག །ལུས་ལྕི་སྒྱིད་པ་སྐྱུར་ལ་སྙིང་མི་དགའ། །འགྲངས་ལྟོགས་གྲང་དང་དྲོ་བ་གང་ཡང་གནོད། །དོན་མེད་ན་ཞིང་སྨན་དཔྱད་་སོགས་བྱས་མེད་ཀྱང་སྐབས་རེ་བདེ་བར་མངོན།

སྤྱི་དོན་ལྔ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་། །དང་པོ་བད་ཀན་ངོ་བོ་བསིལ་བའི་ཕྱིར། །སྨན་དཔྱད་ཟས་སྤྱོད་རྣམ་བཞི་དྲོད་དུ་སྤྲུག །ས་འདྲ་གཉེན་པོའི་ཁ་ན་ལྕི་བའི་ཕྱིར། །ལན་རེས་མི་སེལ་ཡུན་དུ་བསྟེན་པ་གཅེས། །དང་པོ་ཟས་ཀྱི་སྒོ་ནས་བཅོས་པ་ནི། །སྐམ་པའི་འབྲུ་རྙིང་ཟན་དྲོན་ཡོས་པའི་ཆང་ནར་ཡུན་དུ་སྨིན་པ་དང༌། །ཆུ་སྐོལ་སྒ་སྦང་པའི་ཆུ་ལུག་ཤ་དང་ཉ་ཤ་དང༌། །ཨོ་རྒྱན་པས་སྐམ་པའི་འབྲུ་ཞེས་པ་འདི་རིག་པས་ཉ་ཤ་སྐམ་པོ་ལ་དགོངས་ཟེར་བ་ནི་མི་རིགས་ཏེ་ སྐམ་པའི་འབྲུ་ཞེས་པ་ཆུ་མེད་པ་སྐམ་པའི་ནས་ལ་དགོངས་ཀྱི། དེས་འབྲེལ་ན་ཉ་ཞིག་དགོས་པར་ཐལ་ལ། ཡང་ཉ་ཆུ་ནང་དུ་གནས་ཀྱང་ཤ་སྐམ་པོ་དགོས་པའི་རིགས་པ་སྦྱོར་ན་ནི་ནས་དེ་ཡང་ཞིང་ཆུ་མར་སྐྱེས་ནས་བསྐམས་པས་ལ་ཁྱོད་འདོད་དགོས་པའི་ཕྱིར་རིགས་པ་དེ་གཉིས་ཀ་སྙམ་པར་བླུན་ནོ། །འབྲོང་གཡག་རྒོད་བྱ་རྒོད་གཡི་དང་སྤྱང་ཀིའི་ཤ །དྲོ་ཞིང་ཡང་ལ་རྩུབ་པའི་ཟས་སྐོམ་རྣམས། །འགྲངས་ཆེས་མ་ཡིན་འཇུ་སླ་ཉུང་ཟད་བསྟེན། །གཉིས་པ་སྤྱོད་ལམ་མེ་ཉི་དྲོ་ཞིང་གོས་དྲོར་བགོ །ཡུལ་རླངས་མེད་པ་སྐམ་སར་ཕྱག་དང་བསྐོར་བ་སོགས་ལུས་དང་ངག་ཆོས་སྤྱོད་བཟླས་པ་སོགས་རྩོལ་བཅག་པར་བྱ་ཞིང་ཉིན་པར་གཉིད་མི་ལོག །སློང་བར་བྱེད་རྐྱེན་ཟས་སྤྱོད་དུས་ཀུན་སྤང་། །གསུམ་པ་སྨན་དུ་རྒྱམ་ཚྭ་བཅའ་སྒ་ཨ་རུ་གསུམ་དང་དེ་སྟེང་པི་པི་ལིང་བསྣན་པའི་བཞི་ཐང་བཏང༌། །རྒྱམ་ཚྭ་བྲེ་ག་པི་པི་ལིང་གི་ཐང༌། །ཚ་བ་སྒ་པི་ཕོ་གསུམ་དང་རྒྱམ་ཚྭའི་ཐང་ལ་སོགས། །བསྡུས་པའི་ཁུ་བ་ཚན་མོ་བཏང་བར་བྱ། །ཕྱེ་མ་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་བཞི་དང་རྒྱམ་ཚ་ཁ་རུ་ཚ་ཕོ་རིལ་སྒ་བརྒྱད་པ་དང༌། །ད་ལིས་བདུན་དང་རྒོད་མ་ཁ་རྣམས་སྦྱར། །ཚ་བ་ལྔ་ལག་ལེན་རིན་ཆེན་གཏེར་སྤུངས་ལས་ཕོ་བ་རིས་པི་པི་ལིང་སྒ་ལ་ཚ་བ་གསུམ་ཞེས་དང་དེ་སྟེང་རྩི་ཏྲ་ཀ་དང་དབྱི་མོང་བསྣན་ཏེ་ཚ་བ་ལྔ་ཞེས་བཤད། ཡན་ལག་བརྒྱད་པའི་འགྲེལ་བ་ཟླ་ཟེར་དུ་ཚ་བ་ལྔ་ནི་པི་ལིང་པི་ལིང་མཱུ་ལ་དབྱི་མོང་ཙི་ཏྲ་ཀ་སྒའོ་ཞེས་གསུངས་ཀྱང་བོད་དུ་པི་ལིང་མཱུ་ལ་རྙེད་དཀའ་བས་རིན་ཆེན་གཏེར་སྤུངས་ལྟར་བྱའོ་ །དང་ཁ་རུ་ཚ་ཡི་ཕྱེ། །མ་ཞུ་ལྷེན་དང་ལྕགས་དྲེག་དང་ག་འགྲིབ། །མེ་དྲོད་ཉམས་དང་གྲང་ནད་སྟོང་ལ་ཕན། །སེ་འབྲུ་བཞི་སྟེང་ཟི་ར་ཁ་རུ་ཚྭ། །བཅའ་སྒའི་ཕྱེ་མས་དྲོད་སྐྱེད་ཡི་ག་འབྱེད། །ཟས་འཇུ་སྒྲེག་དང་ཕོ་བའི་ཟུག་གཟེར་འཇོམས། །ཚ་བ་ལྔ་དང་སེ་འབྲུ་བཞི་པ་དང༌། །བྱི་ཏང་ག་དང་རྒྱམ་ཚྭ་ཁ་རུ་ཚྭ། །ཕྱེ་མས་བད་ཀན་གྲང་བ་མ་ལུས་འཇོམས། །ཀུན་ལ་བུར་དཀར་རྟ་སྦྱར་ཆུ་སྐོལ་དབུལ། །སྨན་གྱིས་མགོ་ནོན་རྩ་བ་མ་ཐོན་ན། །སྟོད་གྱེན་སྨད་ཐུར་བཤལ་སྐྱུགས་གང་ཉེའི་ལམ་ནས་སྦྱང་བར་བྱ།  །དེ་རྗེས་ནད་ལྷག་གང་འཕྲོད་ཕྱེ་མས་གདོན། །དཔྱད་དུ་ཚྭ་དང་བོང་བ་གཡི་དང་སྤྱང་ཀི་སོགས་ཀྱི་ལྤགས་པའི་སྤུ་དུགས་བསྟེན། །གྲང་བ་ཤིན་ཏུ་རྒྱས་ན་མེ་ཐུར་བྱ། །བྱེ་བྲག་བཅོས་ཐབས་རིགས་གནས་ནང་ཚེགས་དང༌། །གཞན་དབང་བཞི་ལས་རིགས་ཀྱིས་བཅོས་པ་ནི། །དང་པོ་བད་ཀན་ལྷེན་ལ་ཚ་བ་གསུམ། །རྒྱམ་ཚྭ་ཁ་རུ་ཚྭ་ཡི་བསྐོལ་ཐང་བཏང་། །ཚྭའམ་བོང་བ་བསྲེགས་པའི་དུགས་ཀྱིས་བདུག །དེས་མ་སེལ་ན་ཕྱི་རྒྱུད་ལྟར་ཚྭ་བསྲེག་སྦྱོར་བ་བྱ། །སྨན་རྗེས་སྐྱུགས་དྲང་ལྷེན་གསང་ཁ་གསུམ་བསྲེག །གལ་ཏེ་ལྷེན་དེ་རྒྱ་ཆགས་འདྲིལ་བ་ན། །མནན་ན་སྲ་ཞིང་འཕར་ལ་བཟོད་པ་ཆུང༌། །ཁ་ཟས་ལེན་དུ་མི་སྟེར་ཟོས་ཚད་སྐྱུག །འདི་ཉིད་བད་ཀན་ལྷེན་སྐྲན་ཞེས་བྱ་སྟེ། །ཅོང་ཞི་སོལ་བའི་མེ་ལ་འཚོས་པར་བསྲེག །དར་བར་ངད་བསད་ཐལ་བ་བྱ་རྒོད་བྲུན། །ཨ་རུ་ར་དང་པི་པི་ལིང་དུ་སྦྱར། །ཀ་རས་རྟ་བྱས་ཆུ་སྐོལ་འཕུལ་ལ་བཏང༌། །མ་ཞུ་ལྷེན་སྐྲན་ཐལ་བར་རློག་པར་བྱེད། །ཡང་ན་ཕྱི་མ་རྒྱུད་ཀྱི་ཐུན་གསུམ་ཚ་བའི་རིལ་བུས་བཤིག །ཞིག་ནས་ནད་རོ་བཤལ་ལམ་སྐྱུགས་ཀྱིས་སྦྱང༌། །ལྕགས་དྲེག་ཆགས་ན་ཅོང་ཞིའི་འཕྲུལ་ཐལ་ཕྱི་རྒྱུད་ལྟར་སྨན་སྦྱར། །ཡང་ན་ཐལ་སྨན་རྣོན་པོ་བསྟེན་ལ་བརྐོ་རྒྱུད་ཕྱི་མར་། །གྲོགས་མེད་བད་ཀན་རྐྱང་པ་རྣོན་པོར་སྦྱར་ཞེས་པ་དེའོ། དེ་འོག་བཤལ་སྐྱུགས་སྦྱངས་རྗེས་སེ་འབྲུའི་སྦྱོར་བ་གང་འོས་སྦྱར་། །ཞི་དཀའ་ཕོ་གསང་མདུན་རྒྱབ་མེ་ཡིས་བསྲེག །མེ་ཉམས་ཕྱི་རྒྱུད་ལྟར་རྒོད་མ་ཁ་ཡི་ཕྱེ་མ་སྦྱར། །སེ་འབྲུ་ཚ་བ་ལྔ་དང་བཟང་པོ་གསུམ༌བརྡ་སྤྲོད་ལྔ་པར་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ། །བཟང་པོའམ་དྲོད་གསུམ་ཞེས་སོ། །བྱི་ཏང་ག་དང་སྲུབ་ཀ་ཀ་རཉྫ་འཇམ་འབྲས། །རྒྱམ་ཚྭ་ཁ་རུ་ཚྭ་དང་བུ་རམ་སྦྱར། །ཆུ་སྐོལ་འཕུལ་བས་ཕོ་བའི་མེ་དྲོད་སྐྱེད། །རྒྱམ་ཚྭ་ཐུན་གཅིག་ལ་ལ་ཕུད་ཐུན་གཉིས་དང་ཨ་ཟ་མོ་དབྱི་མོ་ཐུན་གསུམ། །པི་པི་ལིང་ཐུན་བཞི་དང་སྒ་ཐུན་ལྔ་རྣམས་རིམ་པས་བསྐྱེད། །དེ་ལྔ་པོ་ཀུན་དང་མཉམ་པའི་ཨ་རུའི་ནུས་བསྲེགས་ཐལ་སྨན་སྦྱར། །མེ་ནི་མངོན་སུམ་ཉིད་དེ་དྲོད་སྐྱེད་མཆོག །ཤིང་ཀུན་ཁ་རུ་ཚྭ་དང་ཚ་བ་སྒ་པི་ཕོ་གསུམ། །སྒོག་སྐྱ་མར་རྙིང་རེང་བུས་ཡས་བཏང་བས་མེ་དྲོད་སྐྱེད། །བཅུ་གཉིས་མེ་མཉམ་གསང་ལ་མེ་ཐུར་བྱ། །བད་ཀན་མགུལ་འགགས་ནད་ལ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །བཟང་པོ་བཞི་བརྡ་སྤྲོད་ལྔ་པར།  ཛཱ་ཏི་ལི་ཤི་ཀ་ཀོ་ལ། །སུག་སྨེལ་བཞི་པོ་བཟང་པོ་བཞི་ཞེས་སོ།  དང་ཤིང་ཀུན་བྱི་ཏང་ག །རྒྱམ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས་ཚད་དང༌། །སྲུབ་ཀ་ལྕེ་ཚའི་ཕྱེ་མ་སྦྲང་རྒོད་སྦྲང་སྨྱོན་སྦྱར། །ཅོང་ཞི་རྒོད་བཏུལ་ཕྱི་རྒྱུད་ལྟར་ཐལ་སྨན་རྣོན་པོ་དང༌། །ནང་ནུབ་ལྟག་པ་སྤྲད་ལ་ཆུ་སྐོལ་དབུལ། །ཉ་ཤ་ཨོལ་གོང་ལུག་གི་སྟོང་སྟོང་ཚ་བ་ཁོང་དུ་བསྟེན། །སྨན་རྗེས་བཤལ་སྐྱུགས་སྦྲགས་ལ་སྦྱང་བར་བྱ། །ལྷེན་གསང་སྐེ་སྟོང་ཚིགས་པ་བཞི་པ་བསྲེག །བད་ཀན་གྲུམ་བུ་དཀར་པོ་བཅོས་པ་ནི། །རྡོ་འམ་བྱ་བྲ་ཕུག་རོན་བྲུན་ཏེ་བཏབ་པར་སྐྱེས་པའི་བྲ་ཆུང་ཡང་བཤད་བསྲོས་པའི་དུགས་ཀྱིས་བདུག །ཤིང་ཀུན་རྒྱ་ཚྭ་དབྱི་མོང་བསྐོལ་ཐང་བཏང༌། །སུག་སྨེལ་རུ་རྟ་རྒྱམ་ཚྭ་པི་པི་ལིང༌། །གླ་རྩི་བྱི་ཏང་ག་ཡི་ཕྱེ་མ་བསྟེན། །སེ་འབྲུ་ཚ་བ་གསུམ་དང་ཨ་རུ་ར། །རྒྱམ་ཚྭ་མ་ནུ་འུ་སུ་ད་ཏྲིག་དང༌། །མ་རུ་ཙེ་དང་བུ་རམ་སྦྲང་སྦྱར་བཏང༌། །ཁྱད་པར་རླན་མེད་དྲོ་སར་བཅག་པ་བསྔགས། །བད་ཀན་འཇུ་སྐེམས་བཅའ་སྒ་ཁ་རུ་ཚྭ། །ཨ་རུ་སྐྱུ་རུ་བུར་དཀར་སྦྱར་ལ་བཏང༌། །སྤྱང་ཚེར་དཀར་པོ་སྐྱུགས་བྱ་ལྷེན་གསང་མེ་ཡིས་བསྲེག །ཀུན་ལ་ཟས་སྐོམ་ཡང་དྲོ་ཆུང་བས་བཅོས། །ལྤགས་གྲམ་ཚ་བ་གསུམ་དང་ཟོ་མར་སྦྱར། །ཉི་མས་བསྲེག་ཅིང་མཉེ་བྱུག་འཐེམ་པར་བྱ། །ཤར་རྒྱས་ལུག་གི་ཨོལ་གོང་པ་ཡི་ཚ་བ་བཏང༌། །སེ་འབྲུ་སུག་ཤིང་པི་སྒ་ཛཱ་གུར་ཀ་སྟེ་བརྒྱད་སྦྱར་བཏང་ལ་ལྟོ་དགུག་རྩོལ་བ་སྤྱད། །རྩར་རྒྱུ་ཚྭ་སྣའི་ཐང་བཏང་མེ་དུགས་བསྟེན། །རུས་ཞེན་བུར་ཆང་ཚ་བ་གསུམ་སྦྱར་བཏང༌། །བྱ་བྲ་ཕུག་རོན་བྲུན་ནམ་བྲ་ཆུང་བསྲོས་པའི་དུགས་བྱ་བོང་ཤ་བཟའ། །ཟོ་མར་བྱུགས་མཉེ་ཚིགས་དམིགས་གྲང་སར་བསྲེག།གློ་སྙིང་གང་ལ་བབས་ཀྱང་སྐྱུགས་ཀྱིས་དྲངས། །དེ་རྗེས་སེ་འབྲུ་བཞི་པ་གཙོ་བོ་ལ། །སྙིང་ལ་ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ། །གློ་ལ་སྟར་བུ་རུ་རྟ་ཅུ་གང་སྟེ། །སྦྲང་དང་བུར་དཀར་རྟ་བྱས་ཆུ་སྐོལ་དབུལ། །ཡང་ན་སྙིང་ལ་ཛཱ་ཏི་ཚ་བ་གསུམ། །སུག་སྨེལ་ཟི་ར་ནག་པོ་ཀ་ཀོ་ལ། །བུར་དཀར་སྦྱར་བཏང་གློ་ལ་སེ་འབྲུ་དང༌། །ཚ་བ་གསུམ་དང་ཟི་ར་དཀར་ནག་གཉིས། །ཤིང་ཚ་སུག་སྨེལ་བུ་རམ་སྦྱར་ལ་བཏང༌། །དེ་རྗེས་ཚིགས་པ་བཞི་ལྔ་དྲུག་བདུན་བསྲེག །མཆིན་བབས་ཚ་བ་གསུམ་དང་སེ་འབྲུ་དང༌། །ཤིང་ཚ་ཁ་རུ་ཚྭ་དང་གུར་ཀུམ་དང༌། །ཀ་ར་སྦྱར་བཏང་དགུ་པ་མེ་ཡིས་བསྲེག །མཆེར་བབས་སེ་འབྲུ་རྒྱམ་ཚྭ་ཚ་བ་གསུམ། །ཐལ་ཚྭ་ཁ་རུ་ཚྭ་དང་ལྕེ་མྱང་ཚྭ། །བུར་དཀར་སྦྱར་བཏང་བཅུ་གཅིག་མེ་ཡིས་བསྲེག །མཁལ་བབས་ཚྭ་དང་བྱེ་མ་སྤུ་དུགས་བསྟེན། །ཚ་བ་གསུམ་དང་སུག་སྨེལ་རྒྱ་ཚྭ་དང༌། །ལྕམ་པ་སྡིག་སྲིན་གསེར་གྱི་བྱེ་མ་དང་། །ཨ་ས་་འཇམ་འབྲས་སྣ་གསུམ་དང་བུ་རམ་ཆང་གིས་དབུལ། །གསའ་དང་སྤྱང་ཀི་སྲམ་དང་བོང་ཤ་བསྟེན། །རྗེས་ལ་ཚིགས་པ་བཅུ་བཞི་སྤྲ་བས་མནན། །ཕོ་བར་ལྷུང་ན་སེ་འབྲུ་སུག་ཤིང་པི་ཕོ་ལྔ་པའམ། །ཁ་རུ་ཚྭ་དང་ད་ཏྲིག་ཤིང་ཀུན་སྦྱར། །རྗེས་ལ་མདུན་གྱི་ལྷེན་སྐྲན་མེ་ཉམས་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་གང་བབས་གསང་དུ་བསྲེག །རྒྱུ་ལོང་ལྷུང་ན་ཤིང་ཚ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །བྱི་ཏང་ག་དང་ཤིང་ཀུན་ཁ་རུ་ཚྭ། །བུ་རམ་སྦྱར་བཏང་རྒྱུ་ལོང་གི་མདུན་རྒྱབ་གསང་ལ་བསྲེག །མཁྲིས་པར་ལྷུང་ན་སེ་འབྲུ་སུག་སྨེལ་ཤིང་ཚ་པི་ལིང་བཞི་པ་དང༌། །རྒྱམ་ཚྭ་གསེར་གྱི་མེ་ཏོག་སྒ་སྐྱ་སྦྱར་ཉུང་མ་འདྲ་སྤུ་ཡོད་རོ་ཚ། །སྦྱོངས་བྱ་ཚིགས་པ་དགུ་དང་བཅུ་པ་བསྲེག །ལྒང་པར་ལྷུང་ན་རྒྱམ་ཚྭ་ ཚ་བ་སྒ་པི་ཕོ་གསུམ། །སུག་སྨེལ་ལྕམ་པ་ཆང་དང་སྦྱར་ལ་བཏང༌། །མངལ་ལྷུང་ཐུན་གསུམ་ཚ་བའི་རིལ་བུ་ཕྱི་རྒྱད་ལྟར་སྦྱར། །དྲོད་དུགས་ཚིགས་པ་གསུམ་ལ་མེ་བཙའ་ཆང་དང་བོང་ཤ་བསྟེན། །མགོར་ཞུགས་སྐྱུགས་བྱ་སེ་འབྲུ་སུག་ཤིང་པི་སྒ་ཛཱ་གུར་ཀ་བརྒྱད་པ་སྦྱར། །མིག་ལ་ར་གན་མེར་བསྲེགས་པའི་དུད་པ་བྱུགས་ཉ་ཤ་བཏང༌། །རྣ་བར་ཞུགས་ན་ཤིང་ཀུན་རྒྱ་ཚྭ་བླུག །སྣ་ལ་ཕྱི་རྒྱུད་ལྟར་སྣ་སྦྱོང་དུད་པ་རྣོན་པོས་བདུག །ཡན་ལག་བརྒྱད་པར། སྐྱེར་པ་ཡུང་བ་ལྡོང་རོས་བ་བླ་ཙན་དན་དཀར་པོ་ཨ་བར་སྐྱུར་རྣམས་སོ།  །ལྕེ་ལ་ཞུགས་ན་སྨན་རོ་ནུས་ཚ་བའི་རིགས་ཐམས་བཅད་ཀྱི་ཁུ་བའི་མཁུར་བཀང་བཅང༌། །བྱེ་བྲག་ནང་ཚེགས་བད་ཀན་རྟེན་བྱེད་ལ། །སྤྱང་ཚེར་སྐྱུགས་བྱ་སེ་འབྲུ་ལྔ་པའམ། །ཕྱི་རྒྱུད་ལྟར་ཅོང་ཞི་དྲུག་སྦྱར་ཚིགས་པ་བརྒྱད་པ་བསྲེག །མྱག་བྱེད་ཕྱི་རྒྱད་ལྟར་སེ་འབྲུ་བརྒྱད་པ་རྒྱམ་ཚྭའི་ཕུག་པ་ཏྲེས་སམ་ཕྱེ་མ་སྦྱར། །བཅུ་གསུམ་དགུ་པ་ཕོ་གསང་གང་རིགས་བསྲེག །མྱོང་བྱེད་ནད་ལ་འབྲས་བུ་ཨ་བར་སྐྱུར་གསུམ་ཐང་བཏང།། །སྟར་བུ་སྒེ་གཤེར་སྒ་རློན་དང་སྒ་སྨུག་གི་མིང་ཤིང་མངར་འབྲས་བུ་གསུམ། །སྦྲང་དང་སྦྱར་བཏང་སྐེ་སྟོང་དང་པོ་བསྲེག །ཚིམ་བྱེད་སྐྱུགས་བྱ་སྣ་སྨན་ཤིང་མངར་ཏིལ་མར་ལ་ཕུག་བཞི་པ་རྒྱུད་ཕྱི་མའི་སྣ་སྨན་འབྲི་རྟ་ས་འཛིན་སོགས་སྦྱར་བའོ་བཏང༌། །མཚོག་མའི་གསང་དབྱེ་འདུས་སོ་སྤྱི་གཙུག་མཚོགས་མ་ལྟག་རུས་འདུས་སོ་གསུམ་དུ་བསྲེག །འབྱོར་བྱེད་ཨ་རུའི་(གླ་རྩི་སྒ་བོ་ཆེ་བོང་ཁྲག་)ཀ་ར་ཕྱེ་མ་བཏང་བར་བྱ། །ཐལ་ཀ་རྡོ་རྗེ་ཟོ་མར་བསྐུ་མཉེ་དང༌། །ཆུ་སེར་མེར་སར་རྔབས་རུ་མེ་ཐུར་བྱ། །རླུང་མཁྲིས་གང་འབྲེལ་དེ་ཡི་གཉེན་པོ་བསིལ་ཡང་བསྟེན། །གཞན་གྱི་གྲོགས་ཟླའི་དབང་ཅན་གྱི་བད་ཀན་སེར་པོ་ལ། །ཆ་མཉམ་རྒྱམ་སྒ་ཨ་རུ་པི་ལིང་བཞི་ཐང་སེ་འབྲུ་བརྒྱད་པ་ཕྱི་རྒྱུད་ལྟར་སྦྱར། །གསེར་ཕུད་རི་ཤོ་རྒྱམ་ཚ་པི་ལིང་དུར་བྱིད་སྐྱུགས་དང་མ་ནུའི་(ཨ་རུའི་་སླེ་ཏྲེས་ཀཎྜ་ཀ་རི་སྒ་དོང་ག་ལྕུམ་རྩ་)དྲོད་བཤལ་བཏང༌། །གསེར་མདུང་གཏར་ཞིང་ཅོང་ཞི་དྲུག་པ་ཕྱི་རྒྱུད་ལྟར་སྦྱར། །ཤ་གསར་མར་གསར་བ་མཛོའི་འོ་མ་བསིལ་ཡང་བསྟེན། །བད་ཀན་སྨུག་པོ་སྐབས་འདི་ས་བཅད་མ་སྟོང་ཙམ་སྟེ་རྒྱས་པ་འོག་གི་འདུས་ནད་གསོ་བའི་ལེའུ་ལྟར་རོ་སེ་འབྲུ་བསེ་ཡབ་དང༌། །སྟར་བུ་སྐྱུ་རུ་ར་དང་སྒ་སྐྱ་དང༌། །མ་ནུ་འུ་སུ་ཨུཏྤལ་པི་པི་ལིང༌། །ཀ་ར་སྦྱར་ལ་ཆུ་སྐོལ་འཕུལ་ལ་བཏང༌། །གཉིས་པ་སྤྱིར་གདམས་ཏེ་འཇུག་བསྡུ་བ་ནི་སྤྱིར་ན་བད་ཀན་ལྕི་རྟུལ་བསིལ་བའི་ཕྱིར། །ཁོང་ནད་ཀུན་གྱི་རྩ་བ་བད་ཀན་གྱིས་བྱེད་པ་ཡིན་། །ཤ་ལྤགས་རྩ་ཚིགས་ཕྱི་རུ་བྱེར་བ་ཉུང༌། །རང་གི་གནས་ལས་གཞན་དུ་ཞུགས་པ་དཀོན། །ཕལ་ཆེར་མ་ཞུ་ཕོ་བར་རྒྱས་པའི་ས། །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བད་ཀན་གྱི་ནད་བཅོས་པའི་ལེའུ་སྟེ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།