སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

གཉིས་པ་ཕྱེ་མའི་སྡེ་ཚན་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཐང་གི་སྡེ་ཚན་སྦྱར་ཐབས་ཀྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེནོ་པ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིང་ཅེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ། མདོར་བསྟན་པ་དང་རྒྱས་པར་བཤད་པ། ཆོག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ། ཕྱེ་མའི་སོགས་རྐང་པ་གཅིག་སྟེ་ཞི་བྱེད་གཉིས་པ་ཕྱེ་མའམ། ཏྲེས་སམ་ཞེས་གྲགས་པའི་སྦྱོར་བའི་སྡེ་ལ་ཚ་སེལ་དང་གྲང་སེལ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་ཚ་སེལ་བཤད་པ་གྲང་སེལ་བཤད་པ་གཉིས། དང་པོ་ལ་ཡང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ལ་ཚ་སེལ་སོགས་ཚིགས་བཅད་གཅིག་སྟེ། ཚ་སེལ་ལ་ག་པུར་གཙོ་བོར་བྱས་པ་རྒྱལ་པོ་ལྟ་བུ་ལ་སྦྱོར་བ་དང༌། གུར་གུམ་བདུན་པ་སོགས་བློན་པོ་ལྟ་བུའི་སྦྱོར་བ་དང༌། གཙོ་བོ་བརྒྱད་པ་རྗེའུ་ལྟ་བུའི་སྦྱོར་བ་དང༌། ཁ་འཐོར་བ་སྣ་ཚོགས་པ་དམངས་ལྟ་བུའི་སྦྱོར་སྡེ་སྟེ་སྡེ་ཚན་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྒྱལ་པོ་ག་པུར་གྱི་སྦྱོར་བ་བཅུ་གསུམ་བཤད་པ། བློན་པོ་གུར་གུམ་གྱི་སྦྱོར་བ་ཞེ་གཉིས་བཤད་པ། རྗེའུའི་སྦྱོར་བ་བཅུ་བཤད་པ། དམངས་ཀྱི་སྦྱོར་བ་སོ་གཅིག་བཤད་པའོ། །དང་པོ་ལ། རྒྱལ་པོ་ག་པུར་བཤད་པ་དང༌། དེའི་སྦྱར་ཐབས་བཤད་པ་གཉིས། དང་པོ་ནི། ཚ་ལ་ཞེས་པ་ནས་རྐྱང་པ་འཇོམས་ཞེས་པའི་བར་གྱི་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚ་བ་ཤིན་ཏུ་སྟོབས་རྒྱས་པའི་ནད་ལ་ཚ་སེལ་ཐམས་ཅད་ཀྱི་སྨན་གྱི་རྒྱལ་པོ་ལྟ་བུ་ག་པུར་ཁོ་ན་སྦྱར་བར་རིགས་ལ། དེ་ཡང་སྤྱིའི་མིང་ཀཏྤུ་རཾ། ག་པུར། ཙ་སཾ་ཛྙ་ཟླ་བའི་མིང་ཅན། གྷ་ན་ས་ར། སྤྲིན་གྱི་སྙིང༌། སི་ཏཱ་བཧྲ། འོད་དཀར། ཧི་མ་བཱ་ལུ་ཀ། ཁ་བའི་བྱེ་མ། དེ་ལ་རིགས་ཀྱིས་དབྱེ་ན། མང་ག་པུར། སྟག་ཟིལ་ག་བུར། ཤེལ་ག་བུར་དང་གསུམ་གྱི་ཤིང་ཚིང་གང་ཞེས་པ་ལས་བྱུང་བའི་མང་ག་པུར་ནི་ཁ་དོག་སེར་ཞིང་ངོ་བོ་སྣ་རིང་བ་མཉེན་ལ་ཡང་བའམ། ཡང་ན་ཁ་དོག་དཀར་འཇམ་ཁ་བ་བསྒོངས་པ་འདྲ་ཞིང་ནུས་པ་ནི་འཇམ་ལ་བསིལ་བས་རླུང་ལྡན་གྱི་ཚད་པ་སེལ། འདི་ཕལ་ཆེར་རྒྱ་ནག་ནས་འབྱུང་ཞིང༌། ཤིང་ཀཉྩ་ཞེས་པའི་ཐང་ཆུ་སྟག་ཟིལ་ནི་མདངས་སེར་ཞིང་ངོ་བོ་སུལ་མང་ལ་ཕོ་ཅོང་འདྲ་བ་ནུས་པ་ག་པུར་མང་དེ་བས་ཅུང་ཟད་རྩུབ་ཅིང་བསིལ་བས་ཚ་བ་ཀུན་ལ་རྒྱུག་ཅིང༌། །འདི་ཤིན་ཏུ་དཀོན། ཤིང་བྷི་མ་ལས་བྱུང་བའི་ཤེལ་ག་པུར་ནི་ཁ་དོག་དཀར་ངོ་བོ་ཀྲོན་པ་སྟེ་ཁྲོ་ཞིང་སྙི་བ་ཆུ་འཁྱགས་པ་འདྲ་བ་ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས་ཤིང་ཕལ་ཆེར་རྒྱ་གར་ཕྱོགས་ནས་འབྱུང་བ་ཡོད་དེ་ཞེས་པའོ། གཉིས་པ་ལ། སྦྱར་ཐབས་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། ག་བུར་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། དེ་ལྟ་བུའི་ག་པུར་དེ་ལ་སྦྱར་བའི་ཐབས་ཀྱང་རྒྱས་པར་བཅུ་གསུམ་ཡོད་ཀྱང་མདོར་བསྡུ་ན། རྣམ་པ་དྲུག་ཏུ་འདུས་ཏེ་མི་རྒོད་ལྟ་བུར་གཅིག་པུར་རྐྱང་རྒྱུགས་སུ་སྦྱར་བ་དང༌། དཔའ་བོ་ལྟ་བུར་དེ་ལ་མཚོན་ཆ་བསྐུར་ཏེ་སྦྱར་བ་དང༌། བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་ཏེ་སྦྱར་བ་དང༌། སྐྱེལ་མ་ལྟ་བུར་དགྲ་དང་ཟུན་ཏེ་གཉེན་སྦྲགས་ནས་སྦྱར་བ་དང༌། དམག་དཔོན་ལྟ་བུར་དཔུང་ཆེན་པོའི་འཁོར་གྱིས་བསྐོར་ཏེ་སྦྱར་བ་དང༌། རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པའི་ཚུལ་དུ་སྦྱར་བ་གཅིག་ནི། དང་པོ་སོགས་ཚིགས་བཅད་ཕྱེད་དེ། དེ་ལྟར་ག་པུར་ལ་སྦྱོར་བའི་ཐབས་དྲུག་གི་དང་པོ་མི་རྒོད་ལྟ་བུར་རྐྱང་རྒྱུགས་སུ་སྦྱར་བ་ལ། ག་པུར་དེ་ཉིད་ཅུ་གང་གི་ཆུར་སྦྱངས་པས་རྒྱས་ཚད་སྟོབས་ཆེན་ཐོག་བབས་སུ་གསོད་པ་ལ་མཆོག་ཏུ་གྱུར་པ་ཡིན་ཏེ་དཔེར་ན། ཙོ་རི་ཞེས་པ་མི་རྒོད་གཅིག་གིས་སྲོག་ཆགས་རི་དྲགས་ཆེ་ཕྲ་མང་པོ་གྲོགས་ལ་མ་བལྟོས་པར་འཇོམས་ནུས་པ་བཞིན་ནོ་ཞེས་པའོ། །འོ་ན་ཅུ་གང་གི་གྲོགས་དགོས་པ་ཅིའི་ཕྱིར་ཞེ་ན།

        ཞང་བཟི་བརྗིད་འབར་གྱིས། སྨན་གྱི་རྒྱལ་པོ་ག་པུར་ཡང༌། །ཅུ་གང་བློན་གྱིས་མ་བསྒྱུར་ན། །ནུས་པ་རྩུབ་པས་ཚ་བར་ལྡོག །ཅེས་དང༌། མན་ངག་རྒྱུད་ལས། སྦུད་པ་གྲང་ཡང་མེ་ཡི་གྲོགས་སུ་འགྱུར། །ཞེས་གསུངས་པ་དང་མཐུན་པས་ག་པུར་གྱི་རྩུབ་ནུས་ཧ་ཅང་ཆེ་བ་ཅུ་གང་གིས་མནན་ནས་མཉེན་གྱོང་རན་པས་ཚ་བ་ལ་དེ་ལས་ཀྱང་ཕན་པར་འགྱུར་བ་ཡིན་ནོ། གཉིས་པ་དབའ་བོ་ལྟ་བུར་མཚོན་ཆ་བསྐུར་བའི་སྦྱོར་བ་གཉིས་བཤད་པ་ནི། གཉིས་པ་ཞེས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། གཉིས་པ་ག་པུར་དཔའ་བོ་འདྲ་བ་དེ་ལ་མཚོན་ཆ་བསྐུར་བའི་ཚུལ་ནི་འཁྲུགས་ཀྱི་གཉེན་པོར་ཙན་དན་དཀར་པོ་རིམས་ཀྱི་གཉེན་པོར་བོང་ང་དཀར་པོས་སོ་སོར་ཁ་བསྒྱུར་ཞིང་སྨན་རྟ་ཀར་སྦྱར་ལ་གངས་ཆུས་དབུལ་བ་ག་པུར་རྒྱལ་བློན་གསུམ་པ་ཞེས་བྱ་བ་རིགས་གཉིས་ཏེ་འཁྲུགས་རིམས་ཚ་བ་རྒྱས་པ་མཐའ་དག་རོལ་དུ་གསོད་པར་ནུས་སོ་ཞེས་པའོ། །གསུམ་པ་བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་ཏེ་སྦྱར་བ་རིགས་བཞི་ནི། གསུམ་པ་སོགས་ཚིགས་བཅད་གཅིག་སྟེ། གསུམ་པ་གོང་གི་ག་པུར་རྒྱལ་བློན་གསུམ་པ་དེ་ལ་གུར་གུམ་དང་གི་ཝང་བསྣན་པའི་རྒྱལ་བློན་ལྔ་པ་དང༌། དེའི་སྟེང་དུ་གླ་རྩི་དང་དོམ་མཁྲིས་བསྣན་པའི་རྒྱལ་བློན་བདུན་པ་སྟེ། དེ་ཡང་རྒྱལ་བློན་གསུམ་པ་རིགས་གཉིས་ལ་སོ་སོར་སྦྱར་བས་ག་པུར་ལྔ་པ་གཉིས་དང་བདུན་པ་གཉིས་ཏེ་སྦྱོར་བ་བཞི་པོ་འདི་ནི་འཇམ་པས་རླུང་མི་འཁྲུག་ཅིང་ཚ་བ་འཇོམས་པར་བྱེད་ལ། འདི་ནི་དཔེར་ན། རྒྱལ་པོའི་བཙུན་མོ་དེ་ཉིད་རང་འདོད་པའི་སྐྱེད་ཚལ་དུ་འགྲོ་བའི་ཚེ་བུད་མེད་གཞན་བློ་མཐུན་གྱི་གྲོགས་དང་བཅས་ཏེ་འགྲོ་བ་ལྟར་སྦྱོར་བ་བཞི་པོ་འདི་ཡང་དེ་དང་མཚུངས་སོ། །བཞི་པ་སྐྱེལ་མ་ལྟ་བུར་དགྲ་ཟུན་སྦྲགས་ཏེ་སྦྱོར་བ་གཅིག་ནི། བཞི་པ་སོགས་ཚིགས་བཅད་ཕྱེད་དེ་སྦྱོར་བ་བཞི་པ་སྐྱེལ་མ་ལྟ་བུར་ག་པུར་དེ་ཡོས་ཆང་ནར་སོན་པ་རྒྱབ་མེད་དང་སྦྱར་བ་ནི་ཚད་རླུང་འཐབས་པའི་རི་ཐང་མཚམས་སུ་རླུང་ཚད་དུས་གཅིག་ཏུ་འཇོམས་པར་བྱེད་པས་དཔེར་ན། རང་འདོད་པའི་ཡུལ་དུ་འགྲོ་བ་ལ་ཕ་རོལ་དགྲ་དེའི་ཟུན་ཏེ་གཉེན་དུ་གྱུར་བ་ཞིག་གི་སྐྱེལ་མ་འཁྲེད་པས་དགྲ་དང་ཕྲད་ཀྱང་སྐྱོན་མེད་པ་ལྟར། ག་པུར་ཚད་པའི་ཐོག་ཏུ་འགྲོ་བ་ལ་ལམ་དུ་རླུང་དགྲ་ལྟ་བུ་ཡོད་པས་སྐྱེལ་མ་དང་འདྲ་བའི་ཚད་རླུང་སེལ་བར་བྱེད་པའི་གྲོགས་དང་བསྡེབས་ན་ག་པུར་གྱི་ནུས་པ་ཚད་པའི་སྟེང་དུ་ཐོགས་མེད་དུ་འགྲོ་བ་ཡིན་ནོ། །ལྔ་པ་དམག་དཔོན་ལྟ་བུར་འཁོར་གྱིས་བསྐོར་ཏེ་སྦྱར་བ་གསུམ་ནི་ལྔ་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། སྦྱོར་བ་ལྔ་པ་དེ་ལ་ག་བུར་བདུན་པ་དང༌། ག་པུར་དགུ་པ་དང༌། ག་པུར་བཅུ་བཞི་པ་སྟེ་སྦྱར་ཐབས་གསུམ་ལས་ག་པུར་བདུན་པ་ནི། ག་པུར། ཙན་དན་དཀར་པོ། གི་ཝང༌། ཅུ་གང༌། གུར་གུམ། ཧོང་ལེན། ཏིག་ཏ་རིགས་བཞི་པོ་གང་རུང་རྣམས་ཀ་ར་དཀར་པོ་སྨན་གཙོ་བོའི་བཞི་འགྱུར་དང་སྦྱར་ཏེ་བཏང་བ་ཟླ་བསིལ་འཆི་མེད་ཀྱི་སྦྱོར་བ་འདིས་སྟོད་གཟེར་འཁྲུགས་ཚད་རྒྱས་པ་སེལ་བར་བྱེད་པ་དང༌། ག་པུར་དགུ་པ་ནི། ག་པུར། ཙན་དན་དཀར་པོ། ཅུ་གང༌། གུར་གུམ། དོམ་མཁྲིས། ཏིག་ཏ། ལི་ག་དུར། ཧོང་ལེན། རྒྱ་སྐྱེགས་རྣམས་ཀ་ར་དང་བཅས་སྦྱར་བའི་བདུད་རྩི་བསིལ་ཞུན་གྱི་སྦྱོར་བ་འདིས་འགྲམས་འཁྲུགས་ཀྱི་ནད་དང༌། སྟོད་གཟེར། ལུད་པ་དམར་སེར་དང་དུད་ཁུར་ལུ་བ་འཇོམས་པ་དང༌། བཅུ་བཞི་པ་ནི། ག་པུར། བཟང་པོ་དྲུག ཙན་དན། བསེ་རུ་སྟེ་སྤྱིར་དཀར་ནག་ཁྲ་གསུམ་ཡོད་ཀྱང་དཀར་པོ་མཆོག་ཏུ་བསྔགས་ཤིང་མ་རྙེད་ན་གཞན་གཉིས་པོས་ཀྱང་ཚབ་རུང་ལ། མིང༌། བུ་ལི་རམ། ནག་མེད་གཅིག་སྐྱེས་སོགས་སུ་གྲགས་པ་དེ་དང༌། ཨུཏྤལ་ཞེས་པ་ཆེ་ཆུང་གཉིས་སམ་དཀར་སེར་སྔོ་གསུམ་དུ་ཡོད་པའི་འདིར་སྔོན་པོ། ནིའ་ལ་ཨུཏྤལ་དང༌། ཨ་ཀ་རུ་ལ་སྤྱི་མིང་ཨ་གུ་རུ་ཡང་བའམ་ལྕི་བ་མ་ཡིན་པ། ཀ་པི་ལཱ་སེར་སྐྱ། བྷསྨ་གབྷ། ཐལ་བའི་སྙིང་པོ། ཀ་པི་ཏཱ་ན། ཆུ་འཐུང་སྣོད་ལྡན། ཤིཾ་ཤ་པ། འདི་རྒྱ་སྐད་དངོས་ཡིན་ཀྱང༌། ཤིཾ་གྱི་ཀླད་ཀོར་ང་ཡིག་ཏུ་ཀློག་པས། བོད་སྐད་དུ་བཟུང་སྟེ་ཤ་བའི་ཤིང་ཟེར་བ་འཁྲུལ་བ་ཡིན། ས་མཱརྠྰ་ཀཾ་ནུས་ལྡན། བཾ་ཤི་ཀ་རྒྱུད་ལྡན། རཱ་ཛརྷ། རྒྱལ་པོ་ལ་འོས། ཀྲ་མི་ཛ། སྲིན་སྐྱེས། ལོ་ཧ། ཇ་ཀ་ཀཾ། ཀྲྀཤྣ་པྲྀ་ཀྵ། ཤིང་ནག ནྲྀ་པ་ནྲྀ་ཡ། མི་བདག་དགའ་བྱེད། རིགས་ནི་ནག་པོ། དམར་པོ། སྨུག་པོ། ཏཱ་གྷ་ར་ཏེ། གོ་སྙོད་ཨ་ཀར་སོགས་ཡོད་ཀྱང་འདིར་ཀཱ་ལ་ཨ་ཀ་རུ་ཞེས་ནག་པོ་བསྔགས། གླ་རྩི། ལི་ག་དུར། ཏིག་ཏ་ཀ་ར་དང་སྦྱར་བའི་རིན་ཅེན་ཞགས་པའི་སྦྱོར་བ་ཞེས་གྲགས་པ་འདིར་ནི་རིམས་རྒྱས་པས་ལུས་ལྕི་བ་དང༌། དྲན་པ་ཉམས་པས་འབོག་པ་དང༌། ངག་ལྐུགས་པ་རྣམས་སེལ་ལ་སྦྱོར་བ་འདི་གསུམ་ནི་དམག་དཔོན་དཔའ་བདར་མཛངས་གསུམ་དང་ལྡན་པ་ལ་དམག་མི་དཔའ་རྩལ་དང་ལྡན་པ་མང་པོའི་འཁོར་དང་བཅས་ན་དགྲའི་གཡུལ་ལས་རྒྱལ་བ་ལྟར་ག་པུར་བསིལ་ནུས་དང་ལྡན་པའི་སྟེང་བསིལ་སྨན་གཞན་མང་པོ་བསྡེབས་ཏེ་བཏང་བས་ཚད་པའི་ནད་ཀྱི་གསུམ་ལས་རྒྱལ་བ་ཡིན་ནོ།།

        དྲུག་པ་རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པའི་སྦྱོར་བ་གཉིས་ནི་དྲུག་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། སྦྱོར་བ་དྲུག་པ་ག་པུར་ཉི་ཤུ་རྩ་ལྔ་པ་སྦྱར་བ་ནི་ག་པུར་དང༌། ཅུ་གང༌། གུར་གུམ། ལི་ཤི། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་པོ་དྲུག །ཨ་ཀ་རུ་ནག་པོ། ཙན་དན་དཀར་དམར། ཨུཏྤལ་སྔོན་པོ། གེ་སར་གཉིས་ཏེ་ནཱ་ག་གེ་སར་ཞེས་པ་མིང་ཙཱཾ་སེ་ཡ། ཀེ་ས་ར་སྟེ་གེ་སར་ཅན། ནཱ་ག་ཀེ་ས་ར། ཀཱཉྩ་རནཱ་ཧཱ་ལ། གསེར་མིང་ཅན་ཞེས་པ་ལྷོ་མོན་ནས་འབྱུང་བའི་ཟངས་ཀོག་བཅོམས་པ་ལྟ་བུ་དེའི་འབྲས་བུ་དང་པདྨ་གེ་སར་ཞེས་པ། དཔེར་ན་པདྨའི་སོ་ནམ་ལ། །འདམ་དང་ལྗན་ལྗིན་རྟག་ཏུ་དགོས། །ཤུ་དག་སོགས་ཀྱིས་བསྐོར་ན་སྐྱེ། །ཞེས་གསུངས་པའི་པདྨའི་འབྲས་བུ་དེའམ། ཡང་ན་པདྨ་གེ་སར། ནཱ་ག་གེ་སར། ནཱ་ག་པུཥྤ་གསུམ་ཀ་ཀླུ་ཤིང་གི་མེ་ཏོག་ཅེས་སྔ་མ་དེར་ཚང་བར་བཞེད་པས། ཕྱིའི་འདབ་མ་དམར་པོ་དེ་ནཱ་ག་གེ་སར། ཁ་མ་བྱེ་བའི་ཟངས་གོག་བཅོམས་པ་འདྲ་བའི་དབུས་དེ་པུཥྤ་གེ་སར་ཡིན་པས་དེ་གཉིས་ཀྱིས་འཐུས་ཤིང༌། རུ་རྟ་དང༌། ཟི་ར་དཀར་པོ། བ་ལེ་ཀ་ ཤིང་ཚ། ཆུ་སྲིན་སྡེར་མོ་དངོས་ཀོ་ལའི་འདབ་མའམ། ན་གི་དང་མ་རྙེད་ན་སྔོ་ཆུ་སྲིན་སྡེར་མོ། པུ་ཤེལ་རྩེ། སྤང་སྤོས། ཕ་བོང་ལོགས་ཀྱི་རྡོ་དྲེག་དམར་པོ། འབུ་སུ་ཧང་སྟེ་ཕོ་རིགས་ཅོ་ག་ཀླད་སྨན་དང་ལུ་གུ་ཀླད་སྨན། མོ་རིགས་གང་བུ་མེད་པ་གཉིས་ནུས་པ་མཚུངས་ཤིང༌། མིང་བི་ཤུ་ཀ། ནི་ལེ་གང་བུ། གསེར་གྱི་ཅོད་པན་ཟེར་བ་དེ་རྣམས་ཀྱི་སྟེང་དུ་ཚ་གྲང་སྐབས་སྦྱར་གྱིས་ཚ་བ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང་གྲང་བ་ལ་ཚ་བ་སྒ་པི་པི་ལིང་ཕོ་བ་རིས་གསུམ་གྱིས་ཁ་བསྒྱུར་ལ་ཀ་ར་དཀར་པོ་དྲུག་འགྱུར་དུ་སྦྱར་བ་དེས་ནི་དོན་ལྔ་སྣོད་དྲུག་ཤ་པགས་པ་རྩ་རུས་པ་རྣམས་ལ་ཞུགས་པའི་ཚད་པ་དང༌། འགྲམས་འཁྲུགས་རིམས་དུག་གི་ཚད་པ་སོགས་ཚད་པ་གསར་རྙིང་མཐའ་དག་དང༌། དྲེག་གྲུམ་མེ་དབལ་བྱང་ཁོག་གི་ཐིགས་ཟགས་ཀྱི་རྣག་དང་མདོར་ན་ལུས་ལ་གནས་པའི་ཚད་པ་མ་ལུས་པ་འཇོམས་ཤིང་ཁྱད་པར་ཚད་པ་རྙིང་པ་བྱེར་བ་གཏིང་ནས་འདོན་པར་བྱེད་པ་ལ་མཆོག་ཏུ་གྱུར་པ་ཡིན་ཏེ། དཔེར་ན། སྟོབས་འབྱོར་དང་ལྡན་པའི་རྒྱལ་པོ་དེའི་ཆབ་འོག་ན་བློན་འཁོར་དྲག་ཞན་བར་མ་དཔའ་བརྟུལ་ཡོན་ཏན་ཆེ་ཕྲ་བསམ་གྱིས་མི་ཁྱབ་པ་ཡོད་པས། རྒྱལ་ཕྲན་གཞན་དང་དགྲ་ཕྱོགས་སོགས་གང་གིས་ཀྱང་འགྲན་པར་མི་ནུས་པ་ལྟར། ག་པུར་དེ་ཉིད་བསིལ་བའི་མཐུ་སྟོབས་དང་ལྡན་པ་ལ་སྨན་གཞན་བསིལ་དྲོད་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ཐུན་མོང་དུ་སྦྱར་བས་ཚ་བའི་ནད་རིགས་གང་ཡང་རྩ་བ་ནས་དབྱུང་བར་བྱེད་པ་གཏིང་འདོན་རྒྱལ་པོའི་སྦྱོར་བ་འདི་ལ་ཚ་བ་ཆེ་ཆུང་དང་བསྟུན་པའི་འབྲས་བུ་གསུམ་གྱིས་ཁ་བསྒྱུར་བ་དང༌། ཚ་བ་གསུམ་གྱིས་བསྒྱུར་བའི་སྦྱོར་བ་གཉིས་སོ།།

        གཉིས་པ་བློན་པོ་གུར་གུམ་གྱི་སྦྱོར་བ་ལ་ཚ་བ་ཐ་མ་སེལ་བར་གུར་གུམ་གྱི་སྦྱོར་བ། འབྲིང་པོ་སེལ་བར་ཙན་དན་གྱི་སྦྱོར་བ། ཚ་བ་རབ་སེལ་བར་ག་པུར་གྱི་སྦྱོར་བ་གསུམ་ལས་དང་པོ་ལ་གནས་ཀྱི་ཚ་སེལ་བདུན་དང༌། རིགས་ཀྱི་ཚ་སེལ་བདུན་གྱི་དང་པོ་ནི་བློན་པོ་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། བློན་པོ་ལྟ་བུ་གུར་གུམ་བདུན་པའི་སྦྱོར་བ་རིགས་བཅུ་བཞི་ལས་གནས་ཀྱི་ཚ་སེལ་གྱི་སྦྱོར་བ་བདུན་ལ། དང་པོ་གུར་གུམ། ཅུ་གང༌། གི་ཝང་སྟེ་གསུམ་པོ་ནི་གཙོ་བོ་སྟེ་མི་འགྱུར་བ་ཡིན་ལ། དེའི་སྟེ་དུ་ཛཱ་ཏི། ཨ་ཀ་རུ་ནག་པོ། སྙིང་ཞོ་ཤ། རུ་རྟ་བཞི་བསྡེབས་པས་སྙིང་གི་ཚད་པ་སེལ་བའི་གུར་གུམ་བདུན་པ། གོང་གི་གཙོ་བོ་གསུམ་པོའི་སྟེང༌། ཤིང་མངར། རུ་རྟ་དང༌། རྒུན་འབྲུམ་ལ་མཆོག་དང་ཕལ་པ་གཉིས་ཀྱི་དང་པོ་ལའང་དཀར་ནག་གཉིས་སུ་ཡོད་པའི་རབ་མངའ་རིས་ཀྱི་འབའ་ཤོའམ། པ་རུ་ཤིང་ཀ་ཟེར་བའི་རྒུན་འབྲུམ་སྲན་མ་ཙམ་པ་དེ་བཟང༌། སྤྱི་མིང༌། དྲཱཀྵ། མྲྀདྷཱི་ཀ་ རྒུན་འབྲུམ། གཽ་བྷ་ནིའ། བའི་ནུ་མ། སྭཱདིའ། རོ་ལྡན། མ་དྷཱུ་རཱ་ས། རོ་མངར་སོགས་སུ་གྲགས་པ་དེ་དང༌། ཨ་ཀྲོང་ནི། མཁན་པ། ཕུར་མོ། རྩྭ་ཤིང་སྟེ་རྒྱུས་དབྱེ་ན་བཞི། ཁ་དོག་གིས་དབྱེ་ན་དཀར་སེར་གཉིས་སུ་ཡོད་ཀྱང༌། མཁན་པ་ཨ་ཀྲོང་གི་རིགས་གནམ་མཚོ་སོགས་ནས་འབྱུང་བ་དེ་མཆོག་ཏུ་བསྔགས་ལ་དེ་བཞི་བསྡེབས་པས་གློ་བའི་ཚད་པ་སེལ་བར་བྱེད་པའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་ཨུཏྤལ་སྔོན་པོ། བ་ཤ་ཀ། པྲི་ཡང་ཀུ་སྟེ་རིགས་ཕོ་མོ་གཉིས་མིང་ཏིང་ལེ་བྱིན། བོད་ཀྱི་གུར་གུམ། མཆིན་སྨན་ཙིའུ། ཏེའུ་རྔོག་པ། འཇིབ་རྩི། དར་སྔོན་འཕྱར་བ། རྩིའུ་དྲི་ཆེན། ཆབ་འདྲེན་གཞོན་ནུ། སྔོ་རྣམ་པར་ཞེས་པ་དེ་དང༌། བྲག་ཞུན་བསྡེབས་པས་མཆིན་པའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་གསེར་གྱི་མེ་ཏོག ལི་ཤི། ཨ་རུ་ར། པི་པི་ལིང་བསྡེབས་པས་མཆེར་པའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། སུག་སྨེལ། བྲག་ཞུན། ཤུག་པ་ཚེར་མ་ཅན་ཏེ་གཡུ་འབྲུག་ཟིལ་པ་འདི་འང་ཤུག་པ་གཞོན་པ་ཐམས་ཅད་ལ་ཚེར་མ་ཡོད་ཀྱང་རྒས་ནས་ཚེར་མ་མེད་འགྲོ་བས་དངོས་ནི་ཤུག་སྡོང་རྒན་པོ་ལ་ཚེར་མ་ཡོད་པ་དེ་དང༌། ཨ་རུ་ར་བསྡེབས་པས་མཁལ་མའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེ། དོམ་མཁྲིས། བྲག་ཞུན། བོང་ང་དཀར་པོ། པྲི་ཡང་ཀུ་བསྡེབས་པས་ཕོ་མཆིན་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་ཨིནྡྲ་བཞི་བསྡེབས་པས་རྒྱུ་ལོང་སྣོད་ཚད་སེལ་བའི་གུར་གུམ་བདུན་པ་རྣམས་ཡིན་ནོ། །གཉིས་པ་རིགས་ཀྱི་ཚ་སེལ་བདུན་ནི་ཤིང་མངར་ཞེས་གནས་ནད་ཀུན་སེལ་ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཏེ། གོང་གི་གཙོ་བོ་གསུམ་གྱི་སྟེང་དུ་ཤིང་མངར། ལི་ག་དུར། རེ་ཀོན་པ་སྟེ་རྩི་དམར་རྐང་གཅིག རྩི་དམར་ཟིལ་པ། ཕུག་རོན་རྐང༌། ཟླ་བའི་དུག་སོགས་སུ་གྲགས་པ་དེ་དང༌། དོམ་མཁྲིས་བསྡེབས་པས་རྩ་ཡི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་སྤྱི་བཞུར་ཏེ་མིང་གཞན། བེ་ས་ར། ཏཱ་མ་ལ་ཀ། སྟབ་སེང༌། ཤིང་སྔོན། ཤིང་དཀར། རྩབ་མོ། སྤྱི་བསིལ་ཞེས་གྲགས་པ་དེ་དང༌། འདམ་བུ་ནི་ཆུ་གནས་པའི་སར་སྐྱེ་བ་སྡོང་བུ་ཁོང་སྟོང་འདབ་མ་རྩྭ་སྙེ་མ་རམ་བུ་འདྲ་བའི་རོ་མངར་བ་འདམ་བུ་ཀ་རར་གྲགས་པ་དེ་དང༌། སྤལ་རྒྱབ་ལ་ཕོ་མོ་མ་ནིང་གསུམ་པ་ལས་འདིར་སྨུག་པོ་དང་གངས་ཐིགས་ལ་ནོར་འཕྲང་མེད་ཅིང་རིགས་མཆོག་དམན་གཉིས། མིང་ལྷ་ཞོར་གྲགས་པ་དེ་བཞི་བསྡེབས་པས་རུས་པའི་ཚད་པ་སེལ་བར་བྱེད་པའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། སླེ་ཏྲེས། ཛཱ་ཏི། སྒོག་སྐྱའི་ཐལ་བ། གུ་གུལ་ནག་པོ་བསྡེབས་པས་རླུང་གི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་ཏིག་ཏ། གསེར་གྱི་མེ་ཏོག །དུག་མོ་ཉུང༌། བོང་ང་དཀར་པོ་བསྡེབས་པས་མཁྲིས་པའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། བསེ་ཡབ་སྟེ་ཕོ་རིགས་བཟང་བ་ལྷོ་མོན་གྱི་མཐིལ་ནས་འབྱུང་བ་བུ་རམ་རྙིང་པ་ལྟ་བུའི་གསེབ་ནས་ཚི་གུ་རྨེ་རུ་རྩེ་འདྲ་བ་དེ་དང༌། མོ་རིགས་ངན་པ་ཤིང་ཏོག་དམར་པོའི་ནང་ནས་ཚི་གུ་འཇོང་མོ་བཞི་སྒྲོམ་ཅན་དེ་དང་སེ་འབྲུ། མ་ནུ་དང༌། འུ་སུ། སྟར་བུ་བསྡེབས་པས་བད་ཀན་ཚ་བ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། ཧོང་ལེན། བ་ཤ་ཀ། རེ་ཀོན་པ། སྤང་རྩི་དོ་བོ་སྟེ་ནའུ་ཆུང༌། བེ་དོ་བ། ཀུན་བྱེད་རྒྱལ་པོ། ཨ་མགོ་བེར་ཁག སྤོ་བོ་མགོ་ཞེས་སོགས་སུ་གྲགས་པ་དེ་བསྡེབས་པས་ཁྲག་ཚད་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་དེ་བ་ཞེས་པ་ཤིང་འདེལ་པའམ་སྔོ་སྨན་མཐིང་མདོག་གང་རུང་མ་རྙེད་ན་ཤིང་ཤོལ་པོ་ཟེར་བ་སྦྱར་པ་དཀར་པོའི་ཤུན་པས་ཚབ་ཏུ་རུང་བར་གཞུང་རྣམ་དག་མང་པོ་ནས་བཤད་ཅིང༌། གསེར་གྱི་མེ་ཏོག ལི་ག་དུར། པཔརྤ་ཏ་སྟེ། སྐྲ་བཟང་ཟིལ་པའམ། ཟིལ་ཅན་དང༌། རིམས་འཇོམས་སོགས་སུ་གྲགས་པ་དེ་བསྡེབས་པས་རིམས་ཀྱི་ཚད་པ་སེལ་བའི་གུར་གུམ་བདུན་པ་སྟེ། དེ་དག་ཀུན་ཀྱང་ཀ་ར་དཀར་པོ་བཞི་འགྱུར་དུ་སྦྱར་བའི་གུར་གུམ་བདུན་པ་སྔ་ཕྱི་བསྡོམས་པའི་རིགས་བཅུ་བཞི་པོ་འདིས་ནི་ཚ་བའི་ནད་ཚབས་ཆུང་བ་ཀུན་སེལ་ཞིང༌། ཁྱད་པར་བྱིས་པ་དང་ཟུངས་ངན་པ་ལ་མཆོག་ཏུ་གྱུར་པ་ཡིན་ནོ།།

        གཉིས་པ་ཚ་བ་འབྲིང་སེལ་བ་ཙན་དན་གྱི་སྦྱོར་བ་ནི། ཙན་དན་སོགས་རྐང་པ་གཅིག་སྟེ་དེ་ལྟར་གོང་གི་གུར་གུམ་བདུན་པ་རིགས་བཅུ་བཞི་པོ་ཐམས་ཅད་ལ་ཙན་དན་དཀར་པོ་བསྣན་པས་ཙན་དན་བརྒྱད་པའི་སྦྱོར་བ་རིགས་བཅུ་བཞི་འབྱུང་སྟེ་ཚད་སྟོབས་འབྲིང་སེལ་བ་ལ་མཆོག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་ཚ་བ་རབ་སེལ་བ་ག་པུར་གྱི་སྦྱོར་བ་ནི། དེ་སྟེང་སོགས་ཚིག་རྐང་གཉིས་ཏེ། དེ་ལྟར་གོང་གི་ཙན་དན་བརྒྱད་པ་རིགས་བཅུ་བཞི་པོ་དེ་དག་གི་སྟེང་དུ་ཀུན་ལ་ག་པུར་བསྣན་པས་ག་པུར་དགུ་པ་རིགས་བཅུ་བཞི་འབྱུང་བ་ཟུངས་བཟང་གི་ཚད་པ་ཚབས་ཆེན་སེལ་བ་ལ་མཆོག་ཏུ་གྱུར་བ་ཡིན་ཞིང༌། དེ་ལྟར་ཚ་བ་ཐ་མ་ནི་གུར་གུམ་བདུན་པ་རྣམས་དང༌། འབྲིང་གི་ཙན་དན་བརྒྱད་པ་རྣམས་དང༌། རབ་ནི་ག་པུར་དགུ་པ་རྣམས་ཀྱིས་སེལ་བར་ངེས་པ་ཡིན་ནོ་ཞེས་པའོ།།

        གསུམ་པ་རྗེའུའི་སྦྱོར་བ་ཁ་བསྒྱུར་དང་བཅས་པ་བཅུ་བཤད་པ་ལ། གཙོ་བོའི་སྦྱོར་བ་བཤད་པ་དང༌། འཁོར་གྱི་སྦྱོར་བ་བཤད་པ་གཉིས། དང་པོ་ནི། རྗེའུའི་གཙོ་བོ་ཞེས་པ་ནས་འཇོམས་པར་ངེས་ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། རྗེའུ་ཞེས་པ་འཆི་མེད་མཛོད་ལས། བརླ་བྱུང་བརླ་སྐྱེས་ཇོ་བོ་དང༌། །རྗེ་རིགས་ས་རེག་རྗེའུ་འོ། །ཞེས་འབྱུང་པས་རྒྱལ་པོ་ལས་རིགས་དམན་ཞིང༌། དམངས་ལས་རིགས་མཐོ་བའི་གཙོ་བོ་འདྲ་འདྲ་བརྒྱད་ཀྱིས་བྱ་བ་གཅིག་ལྷན་ཅིག་ཏུ་སྒྲུབ་པ་དང་འདྲ་བའི་སྦྱོར་བ་ནི། བསིལ་གྱི་གཙོ་བོ་གི་ཝང་དང་ཙན་དན་དཀར་པོ། རྩིའི་གཙོ་བོ་ཅུ་གང་དང་གུར་གུམ། ཐང་གི་གཙོ་བོ་ཏིག་ཏ་དང་བ་ཤ་ཀ། །སྔོའི་གཙོ་བོ་ཧོང་ལེན་དང་བོང་ང་དཀར་པོ་སྟེ་བརྒྱད། ཀ་ར་དཀར་པོ་བཞི་འགྱུར་གྱི་རྟ་ལ་སྐྱོན་ཏེ་བཏང་བས། དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི་ཚད་པ་གསར་རྙིང་མ་ལུས་པ་འཇོམས་པར་ངེས་སོ་ཞེས་པའོ། །དེ་ལ་ཡང་གཙོ་བོ་བརྒྱད་ཀྱི་སྦྱོར་ཚད་དང་གཙོ་བོ་གང་ཡིན་སོགས་ལ་བཞེད་ཚུལ་མི་འདྲ་ཡང༌། རང་ལུགས་སྤྱིར་བཏང་གཙོ་བོ་བརྒྱད་པོ་ཆ་མཉམ་དང༌། དོན་སྙིང་ལ་ཚད་པ་ཞུགས་ན་གི་ཝང་ཐུན་ལོག དེ་བཞིན་དུ་སྣོད་ཚད་ལ་ཙན་དན་དཀར་པོ། གློ་ཚད་ལ་ཅུ་གང༌། མཆིན་ཚད་ལ་གུར་གུམ། མཁྲིས་ཚད་ལ་ཏིག་ཏ། ཁྲག་ཚད་ལ་བ་ཤ་ཀ། འཁྲུགས་ཚད་ལ་ཧོང་ལེན། རིམས་ཚད་ལ་བོང་དཀར་རྣམས་ཐུན་ལོག་ཏུ་བཏང་བའི་གཙོ་བོ་བྱེད་དོ།།

        གཉིས་པ་འཁོར་གྱི་སྦྱོར་བ་དགུ་བཤད་པ་ལ། ཚ་སྟོབས་ཞེས་པ་ནས་འཇོམས་པ་ཡིན་ཅེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གསུམ་གང་རིགས་ནད་དམིགས་དང་སྦྱར་ཏེ་བསྣན་པ། གློ་མང་དུ་སོང་ན་ཤིང་མངར་ཨ་ཀྲོང་གཉིས་བསྣན་པ། གློ་འགོགས་པ་དཀའ་ན་སྟར་བུ་དང་རུ་རྟ་བསྣན་པ། ལུད་པ་ཁ་དོག་དམར་ན་མཚལ་དང་དོམ་མཁྲིས་བསྣན་པ། ལུད་པ་སྐྱ་སོབ་ལ་ཛཱ་ཏི་དང་སྒོག་སྐྱ་ཨ་གར་རྣམས་བསྣན་པ། གཉན་གཟེར་ལ་གླ་རྩི་དང་གུ་གུལ་ནག་པོ་བསྣན་པ། རིམས་རྒྱས་མིག་ཆུ་མདོག་སེར་ལ་ཟ་ཟི་མང་ན། སྔོ་དེ་བ་དང༌། གསར་གྱི་མེ་ཏོག པརྤ་ཏ། ག་དུར། ཨ་རུ་ར་བསྣན་པ་སྟེ་གོང་གི་གཙོ་བོའི་སྦྱོར་བ་གཅིག་དང༌། ཁ་བསྒྱུར་གྱི་སྦྱོར་བ་དགུ་པོ་དེས་ནི་ཚད་གཟེར་འཁྲུགས་སོགས་ཕལ་ཆེ་བ་འཇོམས་པར་ངེས་པ་ཡིན་ནོ་ཞེས་པའོ། །བཞི་པ་ཁ་འཐོར་དམངས་ཀྱི་སྦྱོར་བ་སུམ་ཅུ་སོ་གཅིག་བསྟན་པ་ལ་གསུམ། གནས་གཙོ་བོར་བྱས་པ་བརྒྱད་བཤད་པ། རིགས་གཙོ་བོར་བྱས་པ་གསུམ་བཤད་པ། གནས་རིགས་ཐུན་མོང་བ་ཉི་ཤུ་བཤད་པའོ། །དང་པོ་ནི། སྣ་ཚོགས་ཁ་འཐོར་ཞེས་པ་ནས་ཚ་འཁྲུ་གཅོད་ཅེས་པའི་བར་ཚིགས་བཅད་བརྒྱད་དང་རྐང་པ་གཅིག་གིས་བསྟན་ཏེ། ཚིག་དོན་རྣམས་གོ་སླ་ལ། སྦྱོར་བ་ནི་ཨ་གར་བརྒྱད་པ། ཙན་དན་བརྒྱད་པ། དེ་ལ་སྟར་བུ་དང་རུ་རྟ་བསྣན་པའི་ཙན་དན་བཅུ་པ། གི་ཝང་དགུ་པ། ཨ་རུ་ར་བདུན་པ། ཨ་རུ་བཅུ་པ། བྲག་ཞུན་དགུ་པ། མཁྲིས་ཕྱེ་བདུན་པ་སྟེ་སྦྱོར་བ་བརྒྱད་པོ་ཡིན་ལ། མཚེ་ལྡུམ་ཞེས་པ་ར་མཚེ་ལུག་མཚེ་གཉིས་སྐྱེ་སའི་དབང་གིས་བྲག་མཚེ་སྤང་མཚེ་གཉིས་སུ་གྲགས་ཀྱང་ནུས་པ་གཅིག མཁལ་མ་ཞོ་ཤ་ལ་དཀར་ནག་གཉིས་སུ་ཡོད་ཀྱང་དམར་སྣུམ་མཁྲེགས་པ་བཟང༌། བཤལ་འཕྱེས་མཁལ་ཚད་མ་ལུས་སེལ་བར་བྱེད་ཅེས་པ་རྐང་པ་བཤལ་ནས་ན་བ་དང་འཕྱེས་པ་འགྲོ་མི་ནུས་པའི་འཐེང་པོ་ལྟ་བུའི་བརྡ་རྙིང་ཡིན་ནོ། །གཉིས་པ་རིགས་གཙོ་བོར་བྱེད་པའི་སྦྱོར་བ་གསུམ་ནི། ཅོང་ཞི་སེ་འབྲུ་ཞེས་པ་ནས་མི་བདེ་སེལ་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གསུམ་ཡིན་ལ་གཞན་རྣམས་གོ་སླ་ཞིང་ཅོང་ཞི་ནི་རྡོ་བཅུད་ཅེས་པ་ཕོ་རིགས་གཉིས་དང་མོ་རིགས་གཉིས། མ་ནིང་ཅོང་ཞི་གཅིག་སྟེ་རིགས་ལྔའམ་གསུམ་དུ་ཡང་འདུས། སྦྱོར་དུས་ཕོ་ལ་མོ་དང༌། མོ་ལ་ཕོ། མ་ནིང་ཅོང་ཞི་གཉིས་ཀ་ལ་བཟང་བར་བཤད་དོ། །གསུམ་པ་གནས་རིགས་ཐུན་མོང་གི་སྦྱོར་བ་ཉི་ཤུ་ནི། རུ་རྟ་སྐྱུ་རུ་ཞེས་པ་ནས་ལྷོག་པ་འཇོམས་ཞེས་པའི་བར་ཚིགས་བཅད་བཅུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རུ་རྟ་དྲུག་པ། ཏིག་ཏ་བརྒྱད་པ། སྤོས་དཀར་བཅུ་པ། གུ་གུལ་བཅུ་པ། གུར་གུམ་བཅུ་གསུམ་པ། གུར་གུམ་མཆོག་བདུན། ཅུ་གང་བཅུ་གསུམ། ཅུ་གང་བརྒྱད་པ། ཅུ་གང་བདུན་པ། ཅུ་གང་བདེ་བྱེད། བློན་པོ་གསུམ་སྦྱོར། ལི་ཤི་བཞི་པ། ལི་ཤི་དྲུག་པ། ཆུ་སྲིན་སྡེར་མོ་དགུ་པ། ཙན་དན་བཅོ་བརྒྱད་པ། ཀྲི་ཀ་ཧན་ཞེས་འཕྲོག་འདྲེན་ནམ་བྱིས་ཚད་སེལ་བྱེད། ཨུཏྤལ་བརྒྱད་པ། བ་ལེ་ཀ་དྲུག་པ། ཀྱི་ལྕེ་གསུམ་པོའི་མེ་ཏོག་གསུམ་པ། རྒུན་འབྲུམ་བདུན་པ་རྣམས་ཏེ་སྦྱོར་བ་ཉི་ཤུ་ཡིན་ལ། བསིལ་གསུམ་ཅུ་གང་གུར་གུམ་ལི་ཤི་གསུམ་ཡིན་ཅིང༌། ཙི་རཱ་ཏིག་ཏ་སྟེ་རྩ་མཁྲིས་ནི། ཞིང་གི་མུ་ལ་སྐྱེ་བ་ལོ་མ་ཕྲ་ཞིབ། ཉ་ག་ཅན་མེ་ཏོག་སེར། ཆུ་བ་རོ་ཁ། བཅད་ན་འོ་མ་འཛག་པ་སྟེ། སྐ བ་ཁུང་མངས་ཞེས་ཀྱང་བྱའོ། །དེ་ལྟར་ཚ་སེལ་གྱི་སྦྱོར་བ་ལ་རྒྱལ་པོ་ལྟ་བུ་བཅུ་གསུམ། བློན་པོ་ལྟ་བུ་བཞི་བཅུ་ཞེ་གཉིས། རྗེའུ་ལྟ་བུ་བཅུ། དམངས་ལྟ་བུ་སུམ་ཅུ་སོ་གཅིག་སྟེ་ཚ་སེལ་དགུ་བཅུ་གོ་དྲུག་ཏུ་གྲངས་ངེས་པ་ཡིན་ལ། འདིར་ཁ་ཅིག དེ་བ་གསེར་གྱི་མེ་ཏོག་པར་པ་ཏ། སོགས་དེ་བ་ལྔ་སྦྱོར་ཞེས་སྦྱར་བ་གཅིག་ཏུ་འདྲེན་པ་དང༌། ཅུ་གང་ཆེ་འབྲིང་ཆུང་གསུམ་ཐ་དད་དུ་འདྲེན་པ་སོགས་སྦྱོར་བ་མང་ཉུང་སྣ་ཚོགས་སུ་འདོད་ཀྱང༌། དེ་བ་ལྔ་སྦྱོར་ནི་གཙོ་བོ་བརྒྱད་པའི་འཁོར་གྱི་བསྡེབས་ལས་ཟུར་དུ་འདྲེན་པ་མི་འཐད་ཅིང༌། ཅུ་གང་བདེ་བྱེད་ཀྱང་གསུམ་དུ་བགྲང་མི་དགོས་སོ།།

        གཉིས་པ་གྲང་སེལ་གྱི་སྦྱོར་བ་བཞི་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྦྱོར་བ་བརྒྱ་པ་ལས། ཤིང་ཀུན་ཤུ་དག་ཁ་རུ་བཅའ་སྒ་དང༌། །གོ་སྙོད་ཨ་རུ་པུཥྐར་རུ་རྟ་རྣམས། །ཕྱི་མའི་ཆ་འཕེལ་ཕྱེ་མར་བྱས་རྣམས་ཀྱིས། །ལྟོ་སྐྲན་རིམས་རྙིང་གསུད་ནད་རྣམས་ལའོ། །གཅའ་སྒ་ཤིང་ཀུན་རུ་རྟ་ཆ་མཉམ་ཕྱེ། །སྒ་ཆུ་ལེགས་སྐོལ་བད་ཀན་རླུང་བྱུང་དང༌། །རྩིབས་ལོགས་སྙིང་རྒྱས་གསུས་གཟེར་གསུད་རྣམས་ལ། །བཏུང་ངོ་དེ་བཞིན་ནས་འཁྲུས་རྟག་འགགས་ལའོ། །ཞེས་དང༌། ཤིང་ཀུན་ཤུ་དག་བཅའ་སྒ་ས་རྫི་ཀ། །ཁ་རུ་ཕྱེ་མ་ཉིས་འགྱུར་ཕྱེ་མ་སྦྱར། །ཆུ་དྲོན་བཏབ་འཐུངས་སྣ་ཚོགས་གསུད་གཟེར་དང༌། །སྙིང་ནད་སྐྲན་དང་སྟོད་དུ་རླུང་འཚངས་འཛོམས། །ཤིརྒ་ཚ་གསུམ་འབྲས་གསུམ་ཀནྜ་ཀ། །བྷ་རྒིའ་པུཥྐར་ཛ་ཌཱ་ཚྭ་སྣ་ལྔ། །ཕྱེ་མ་ཆུ་དྲོན་བཏབ་འཐུངས་སྐྱིགས་བུ་ལུད། །དང་ག་མེད་ཅིང་སྟོད་རླུང་མི་བདེ་འཇོམས། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ལ་མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ནི། གྲང་བ་ཞེས་པ་ནས་སྦྱོར་བ་བཞི་ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། གྲང་བ་སེལ་བ་ཕྱེ་མའི་སྡེ་ཚན་ལ། རྒྱལ་བོ་ལྟ་བུ་སེ་འབྲུའི་སྦྱོར་བ་དང༌། བློན་པོ་ལྟ་བུ་ད་ལིས་ཀྱི་སྦྱོར་བ་དང༌། གནོད་སྦྱིན་རྒོད་མ་ཁ་ཕྱེ་རྗེའུ་ལྟ་བུའི་སྦྱོར་བ་དང༌། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་དང་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་སེ་འབྲུའི་སྦྱོར་བ་སུམ་ཅུ་ལ་གཙོ་བོའི་སྦྱོར་བ་བདུན། འཁོར་གྱི་སྦྱོར་བ་བཅོ་ལྔ། གཙོ་བོ་འཕོས་པའི་སྦྱོར་བ་བརྒྱད། སྦྱོར་བ་སྤྱིའི་ཕན་ཡོན་བསྟན་པ་དང་བཞིའོ། །དང་པོ་ནི། དང་པོ་ཞེས་པ་ནས་བེ་སྣབས་སྦྱོང་ཞེས་པའི་བར་ཚིགས་བཅད་ཕྱེད་དང་དྲུག་གིས་བསྟན་ཏེ། དང་པོ་སེ་འབྲུ་ནི། སྤྱིར་ཚ་བ་སེལ་བའི་གཙོ་བོ་གུར་གུམ་དང་གྲང་བ་སེལ་བའི་གཙོ་བོ་སེ་འབྲུ་གཉིས་ཏེ། ཇི་སྐད་དུ། ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང༌། །གུར་གུམ་སེ་འབྲུ་གཉིས་ལ་མ་བརྟེན་མེད། །ཅེས་དང༌། གཞན་ཡང༌། གུར་གུམ་བདུན་དང་སེ་འབྲུ་བརྒྱད། །ལྷ་ཆེན་ཚངས་པའི་སྨན་སྦྱོར་ཡིན། །ཞེས་སོགས་བཤད་པས་གྲང་སེལ་གྱི་གཙོ་བོ་ནི་སེ་འབྲུ་ཡིན་ཏེ། གྲང་ནད་ཕལ་ཆེར་ཕོ་བའི་མེ་དྲོད་ཉམས་པ་ལས་འབྱུང་ཞིང༌། མེ་དྲོད་གསོ་བ་ལ་སེ་འབྲུ་ལས་མཆོག་ཏུ་གྱུར་པའི་སྨན་གཞན་མེད་པས། རྒྱལ་པོ་ལྟ་བུ་སེ་འབྲུའི་སྦྱོར་བ་དེ་ལ་ནི། སེ་འབྲུ། ཤིང་ཚ། ཕོ་བ་རིས་དང་གསུམ་ཆ་མཉམ་དུ་སྦྱར་བའི་སེ་འབྲུ་གསུམ་པས། ཁ་ཟས་མི་འཇུ་བ་དང༌། སྐད་འགགས་པ། དབུགས་མི་བདེ་བ། ཁྱད་པར་མཆིན་པ་ན་བ་རྣམས་ལ་མཆོག་ཏུ་ཕན་པ་ཡིན་ནོ། །དེ་སྟེང་ཁ་རུ་ཚྭ་བསྣན་པའི་སེ་འབྲུ་བཞི་པ་འདིས་ནི་སྦོ་འཁྲོག་དང༌། སྐྲན་དང༌། མ་ཞུ་བ་དང༌། སྐྱུག་པ་སེལ་ཞིང༌། སེ་འབྲུ། ཤིང་ཚ། སུག་སྨེལ། པི་པི་ལིང༌། བུར་དཀར་དང་སྦྱར་བའི་སེ་འབྲུ་བཞི་པ་འདིས་ནི་ཕོ་བའི་གཞི་འཛིན་ཞིང་མེ་དྲོད་གསོ་བར་བྱེད་ལ། གྲང་བའི་རིགས་ཀྱི་ནད་གཞི་ཅི་ལས་གྱུར་ཀྱང་དང་ག་འབྱེད་པར་བྱེད་ཅིང༌། དེའི་སྟེང་དུ་དོང་གྲ་ཞེས་བཅའ་སྒ་བསྣན་ཏེ་ཚད་ལྡན་དུ་སྦྱར་བའི་སེ་འབྲུ་ལྔ་པ་འདིས་ནི་བད་ཀན་གྱིས་ཟས་མི་འཇུ་བ་ཕོ་བའི་གྲང་སྐྲན་དང༌། སྐྱུག་པ་དང༌། ཡི་ག་འཆུས་པ། སྙིང་རླུང་དང་མཁལ་རྐེད་ཀྱི་ནད་ལ་མཆོག་ཏུ་ཕན་ཞིང༌། འདིའི་ཚད་ལྡན་གྱི་སྦྱོར་བ་ལ་འདོད་ཚུལ་མི་འདྲ་བ་མང་ཡང༌། རང་ལུགས་སེ་འབྲུ་ཞོ་བརྒྱད། སྒ་ཞོ་བཞི། པི་པི་ལིང་ཞོ་གང༌། ཤིང་ཚ་དང་སུག་སྨེལ་ཞོ་ཕྱེད་ཕྱེད་དུ་སྦྱར་བ་ཡིན་ནོ།།

        ཡང་གུར་གུམ་བསྣན་པའི་སེ་འབྲུ་ལྔ་པས་ཚ་གྲང་འཐབ་པའི་ཁ་འཛིན་ཞིང་མེ་དྲོད་གསོ་ལ། ཡང་སེ་འབྲུ་ཞོ་བརྒྱད་དང༌། ཤིང་ཀུན་ཞོ་གང༌། སྒ་ཞོ་དགུ། ཁ་རུ་ཚྭ་ཞོ་བརྒྱད། སྟར་བུ་ཞོ་ལྔ་རྣམས་སྦྱར་བའི་སེ་འབྲུ་ལྔ་པ་ཡིས་ཀྱང༌། མ་ཞུ་མཆིན་རྒུད་སེལ་ཞིང་ཚད་ལྡན་གྱི་སྦྱོར་བ་དེ་ལ་རྣམ་བཤད་ལག་ལེན་གསལ་བྱེད་དུ་བཤད་པ་ལྟར་སྙིང་གི་བད་རླུང་འཇོམས་པར་ཤིང་ཀུན་གཙོ་བོར་བསྐྱེད་པ་དང༌། ཡང་སེ་འབྲུ་ཁ་རུ་ཚྭ། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་རྒྱམ་ཚྭ་དང་བཅས་དྲུག་གིས་ཕོ་བའི་མེ་དྲོད་བསྐྱེད་ཅིང་ཁ་ཟས་མ་ཞུ་བ་འཇུ་ལ་བེ་སྣབས་སྦྱོང་ཞེས་པའོ། །གཉིས་པ་འཁོར་གྱི་སྦྱོར་བ་བཅོ་ལྔ་བཤད་པ་ལ། སེ་འབྲུ་ཤིང་ཚ་ཞེས་པ་ནས་གྲང་ནད་སྟོང་ལ་ཕན་ཞེས་པའི་བར་ཚིགས་བཅད་དགུ་སྟེ། སེ་འབྲུ། ཤིང་ཚ། སུག་སྨེལ་རྣམས་ཞོ་རེ་དང༌། པི་པི་ལིང་ཞོ་གསུམ་རེ་སྟེ་བཞི་པོ་དེ་ཉིད་གཞིར་བཞག་པ་ལ། བརྒྱད་པའི་ཁ་བསྒྱུར་སྒ་ཞོ་བཞི་དང༌། ཛཱ་ཏི། གུར་གུམ། ཀ་ཀོ་ལ་བཞི་པོ་ཞོ་རེ་བསྡེབས་པའི་ཚད་ལྡན་གྱི་སྦྱོར་བས་ཕོ་མཆིན་སོགས་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས་ཤིང༌། དེ་བཞིན་དུ་འོག་མ་ཀུན་ལ་རིགས་འགྲེ་བར་གོང་གི་སེ་འབྲུ་བཞི་པའི་སྟེང་དུ་རྒྱམ་ཚྭ་ཁ་རུ་ཚྭ་ཕོ་བ་རིས་རྣམས་ཞོ་རེ་དང༌། བཅའ་སྒ་ཞོ་བཞི་བསྡེབས་པའི་སེ་འབྲུ་བརྒྱད་པས་མ་ཞུ་གསར་རྙིང་འཇུ་ཞིང༌། ཡང་བཅའ་སྒ་ཞོ་བཞི་དང༌། བྱི་ཏང་ག ཙི་ཏྲ་ཀ་ འཇམ་འབྲས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་བའི་མེ་ཉམས་གསོ་ལ། མ་ནུ། འུ་སུ། སྟར་བུ། བསེ་ཡབ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་བའི་མེ་ཉམས་གསོ་ལ། མ་ནུ། འུ་སུ། སྟར་བུ། བསེ་ཡབ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་བད་ཀན་སྨུག་པོ་སེལ་བ་དང༌། རྒྱམ་ཚྭ་ཞོ་བཞི་གསེར་གྱི་མེ་ཏོག ཨ་རུ་ར། དོམ་མཁྲིས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་མ་ཞུ་མིག་སེར་སེལ་བ་དང༌། ཅོང་ཞི་སོལ་མེར་ཚོས་པར་བསྲེགས་ནས་ཆུར་བསྐྱུར་བས་ཞོ་ལྟར་གྱུར་པ་ལ་དྲག་པོར་བཏུལ་བའམ། རྒོད་བཏུལ་ཞེས་གྲགས་པ་དེ་དང༌། རྒྱམ་ཚྭ། ཨ་རུ་ར། བྱ་ཐལ་ཏེ། སྐབས་འདིར་བྱ་རྒོད་ཀྱི་བྲུན་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ལྷེན་སྐྲན་ཐལ་བར་རློག་པ་དང༌། འགྲོན་བུ། དུར་ཐོད། ཤ་རུའི་ཐལ་བ། ཙི་ཏྲ་ཀ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་དམུ་རྫིངས་སྐེམས་པར་བྱེད་པ་དང༌། ཤིང་ཀུན་དང་ཁ་རུ་ཚྭ་དང༌། ཕོ་བ་རིས་རྣམས་ཞོ་རེ་དང༌། བཅའ་སྒ་ཞོ་བཞི་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་ལོང་སྦོས་པ་སེལ་ཞིང༌། ཤིང་མངར། ཅུ་གང༌། རྒུན་འབྲུམ། ཟི་ར་དཀར་པོ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གློ་ནད་གྲང་བ་སེལ་བར་བྱེད་པ་དང༌། ཛཱ་ཏི། ཤིང་ཀུན། ཁ་རུ་ཚྭ་རྣམས་ཞོ་རེ། བཅའ་སྒ་ཞོ་བཞི་བསྡེབས་པའི་སེ་འབྲུ་བརྒྱད་པས་སྙིང་གི་བད་རླུང་གྲང་བ་སེལ་བར་བྱེད་པ་དང༌། ཨ་འབྲས་སྲ་འབྲས་འཇམ་འབྲས་སྡིག་སྲིན་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་མཁལ་སྐེད་ཀྱི་གྲང་བ་སེལ་བར་བྱེད་པ་དང༌། རྒྱ་ཚྭ། ལྕམ་པ། སྡིག་པ་དཀར་པོ། ཕོ་བ་རིས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་བའི་ཆུ་འགགས་སེལ་བར་བྱེད་པ་དང༌། ཤིང་ཀུན། གླ་རྩི། ཐང་ཕྲོམ། བྱི་ཏང་ག་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་སྲིན་སེལ་བ་དང༌། ད་ཏྲིག་ཀ་པེད་ཐ་རམ་སྟེ་མིང་གཞན་ཏི་གུ་རམ་པ། ལམ་ཁར་སྐྱེ། ཤ་ལ། ཏེ་ལ། ལྕ་ཆུང་བ་སོགས་སུ་གྲགས་པ་དང༌། མོན་ཆ་ར་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་འུར་འཁྲོག་རྩམ་པ་འཁྲུ་བ་གཅོད་ཅིང༌། དེ་ལྟར་སེ་འབྲུ་བརྒྱད་པའི་སྦྱོར་བ་བཅུ་བཞི་དང༌།

        ཡང་གོང་གི་བཞིའི་སྟེང་དུ་ཤུ་དག་ནི་རིགས་དཀར་ནག་གཉིས། ཤུཀླྰ་སྟེ་དཀར་པོ་ལ་ཡང་མཆོག་སྟོད་ནས་འབྱུང་བ་བཅད་མཚམས་དཀར་ལ་དྲི་ཞིམ་པ་རོ་མངར་ཁ། བུམ་རྫས་ཀླུ་སྨན་བློ་འཕེལ་གྱི་རྫས་སུ་བཟང་བ་དང༌། དམན་པ་ས་ལུ་ལྗང་བར་གྲགས་པའི་རྩ་བ། མ་རྙེད་ན་ཤུ་ཟུར་དཀར་པོ་དང་ནུས་པ་གཅིག་པས་ཚབ་རུང༌། ནག་པོ་ཁྲོ་གཉེར་ཅན་ནམ། ཧེ་རུ་ཀ་ཞེས་བྱ་བ་དྲི་མ་ཆེ་བ་མི་རྒན་གྱི་སོར་ཚིགས་འདྲ་བ་ལས་སྤྱིའི་མིང་བ་ཙི། ཤུ་དག ཨ་གྲ་གནྡྷ། དྲི་རྩེ། ཥ་ཌྒྲནྠ། མདུད་པ་དྲུག་པ། གོ་མོ་ལི། ས་ཡི་སྤུ། ཤ་ཏ་སརྦ་ཀ། ཚིགས་བརྒྱ་པ་སོགས་སུ་གྲགས་པ་ལས་འདིར་ནག་པོ་དང༌། འུ་སུ། དབྱི་མོང་ནི་དཀར་ནག་ཁྲ་གསུམ། དཀར་པོ་མེ་ཏོག་དྲིལ་བུ་ལྟ་བུ། ནག་པོ་མེ་ཏོག་ནང་དཀར་ཕྱི་དམར། ལོ་མ་ནག་པོ་འོད་ཆེ། ཁྲ་བོ་མེ་ཏོག་སྐྱུ་རུ་རའི་ཚི་གུ་འདྲ་བ་ལས་དཀར་པོས་གྲང་བ་སེལ་ཞིང་ཚ་བ་མི་བསྐྱེད། ནག་པོས་གྲང་བ་སེལ་ཀྱང་མཁྲིས་པ་བསྐྱེད་ལ་ཁྲ་བོ་ནུས་པ་དམན་པས་འདིར་དཀར་པོ་མེ་ཏོག་དྲིལ་བུ་ལྟ་བུ་མིང་ཨ་ཟ་མོ། ཙ་བྱཱ། ཀྲི་ཤིང༌། དཀྲི་མོ། སྐྲ་དཀར་ཅན། སྤྱི་མོང༌། དྲོད་སྐྱེད་བྱེད་ཅེས་གྲགས་པ་དང༌། ཙི་ཏྲ་ཀ། རྒྱ་ཚྭ། ཡ་བཀྵ་ར། ཁ་རུ་ཚྭ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་ཅུར་ནིས་སམ་སེ་འབྲུ་བཅུ་གཅིག་པ་དེས་མ་ཞུ་བ་དང༌། བད་ཀན་ལྕགས་དྲེག ལྷེན། མེ་ཉམས། སྦོ་སྒྲེག དམུ་སྐྲན། འཁྲུ་སྐྱུག མཁལ་སྐེད་ན་ཞིང་ཆུ་སྲི་བ་སོགས་གྲང་ནད་སྟོང་ལ་ཕན་པར་འགྱུར་རོ་ཞེས་པའོ། །གསུམ་པ་གཙོ་བོ་འཕོས་པའི་སྦྱོར་བ་བརྒྱད་ལ། སེ་འབྲུ་ཚ་བ་ཞེས་པ་ནས་གྲང་བ་རྒྱས་པ་འཇོམས་ཞེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་བ་སེ་འབྲུ་སྲང་གང་དང་ཚ་བ་གསུམ་སྟེ་སྒ་ཞོ་བཞི། པི་པི་ལིང་དང་ཕོ་བ་རིས་ཞོ་དོ་རེ་བསྡེབས་པའི་སེ་འབྲུ་བཞི་པ་ལ། ད་ཏྲིག་སོགས་བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་ནད་མ་ལུས་སེལ་བ་དང༌། རྒྱམ་ཚྭ་སོགས་བསྡེབས་པའི་སེ་འབྲུ་བརྒྱད་པས་སྨུག་པོ་གབ་པ་སེལ་བ་དང༌། རྒྱ་ཚྭ་སོགས་བསྡེབས་པའི་སེ་འབྲུ་བརྒྱད་པས་མཁལ་ནད་གྲང་བ་ཆུ་འགགས་སེལ་བ་དང༌། ཤིང་ཚ་སོགས་བསྡེབས་པའི་སེ་འབྲུ་བརྒྱད་པས་བད་རླུང་གློ་ནད་སེལ་བ་དང༌། ཡང་ཤིང་ཚ་སོགས་བསྡེབས་པའི་སེ་འབྲུ་དགུ་པས་མེ་དྲོད་བསྐྱེད་ཅིང་འཁྲུ་བ་གསར་རྙིང་གཅོད་པ་དང༌། ཟི་ར་ནག་པོ་སོགས་བསྡེབས་པའི་སེ་འབྲུ་བཅུ་པས་མེ་དྲོད་ཉམས་པའི་ཁ་ཟས་མི་འཇུ་བ་དང༌། སྦོ་སྒྲེག་གྲང་སྐྲན་འཇོམས་པ་དང༌། ཛཱ་ཏི་སོགས་བསྡེབས་པའི་སེ་འབྲུ་ཅུར་ནིས་སམ་བཅུ་གསུམ་པས་བད་རླུང་མ་ཞུ་བས་སྦོ་བ་དང༌། ཕོ་མཁལ་བུ་བཙས་ཀྱི་ནད་དང༌། གྲང་བ་རྒྱས་པ་འཇོམས་པར་བྱེད་དོ་ཞེས་པའི་དོན་ཏེ། འདིའི་འཁོར་ཐམས་ཅད་ཀྱི་ནད་དང༌། གྲང་བ་རྒྱས་པ་འཇོམས་པར་བྱེད་དོ་ཞེས་པའི་དོན་ཏེ། འདིའི་འཁོར་ཐམས་ཅད་ཀྱི་སྦྱོར་ཚད་ཞོ་རེ་ཡིན་ལ་གཞན་ནི་གོ་བར་སླའོ།།

        བཞི་པ་སྦྱོར་བ་སྤྱིའི་ཕན་ཡོན་བསྟན་པ་ནི་གྲང་ནད་སོགས་ཚིགས་བཅད་གཅིག་སྟེ། གྲང་ནད་མ་ལུས་པ་གོང་དུ་བཤད་པའི་སེ་འབྲུའི་ཕྱེ་མ་འདི་རྣམས་ཀྱིས་སེལ་ལ་ཕོ་བའི་བད་ཀན་སྦྱོང་ཞིང་མེ་དྲོད་བསྐྱེད་པ་དང༌། དང་ཁ་འབྱེད་ཅིང་ཁ་ཟས་ལེན་པར་བྱེད་པ་དེའི་ཕྱིར་སེ་འབྲུའི་སྦྱོར་བ་འདི་ནི་ཕྱེ་མ་ཀུན་གྱི་རྒྱལ་པོ་ལྟ་བུར་བཤད་དོ་ཞེས་པའོ། །གཉིས་པ་ད་ལིས་བློན་པོའི་སྦྱོར་བ་ལ་གཙོ་སྦྱོར་བདུན་དང༌། འཁོར་གྱི་སྦྱོར་བ་བདུན་ཏེ་གཉིས་ཀྱི་དང་པོ་ནི། གཉིས་པ་ད་ལིས་ཞེས་པ་ནས་ཡི་ག་འབྱེད་ཅེས་པའི་བར་ཚིགས་བཅད་ཕྱེད་དང་བཞིས་བསྟན་ཏེ། ད་ལིས་འདི་ནི་རྒྱལ་པོའི་བློན་པོ་རང་ཕྱོགས་ཀྱི་གཉེན་རྣམས་མགུ་བར་བྱེད་ཅིང་སྐྱོང་ལ་དགྲ་སྡེ་གང་ན་འདུག་ཀྱང་ཚར་གཅོད་པ་དང་འདྲ་བར་ད་ལིས་འདི་ཡང་ནད་གཞན་ལ་ཕོག་ཆུང་ཞིང་འཇམ། བད་ཀན་དང་གྲང་བའི་ནད་ཀུན་འཇོམས་པའི་ནུས་པ་དང་ལྡན་པ་ཡིན་ལ། དེའི་དང་པོ་ད་ལིས་དྲུག་གི་སྦྱོར་བ་གཅིག་དང༌། དེ་ལ་ཁ་བསྒྱུར་ཏེ་བསྡེབས་པའི་བདུན་སྦྱོར་ལྔ། ད་ལིས། ཤིང་ཚ། སུག་སྨེལ། ཀ་ཀོ་ལ། ཟི་ར་ནག་པོ། པི་པི་ལིང༌། ན་ལེ་ཤམ་དང་བཅས་པའི་བདུན་སྦྱོར་གཅིག་སྟེ་སྦྱོར་བ་བདུན་ཡིན་ལ། གཙོ་བོའི་སྦྱོར་ཚད་གདམས་པ་སུམ་ཅུ་པ་ལས། ད་ལིས་ན་ལེ་ཤམ་དང་ཤིང་ཚ་དང༌། །སུག་སྨེལ་བཅའ་སྒ་རིམ་གྱིས་ཞོ་གཅིག་བསྐྱེད། །གསུམ་ནམ་རེ་རེ་འོག་ནས་འོག་ཏུ་བསྐྱེད། །པི་པི་ལིང་ནི་དང་པོའི་དྲུག་འགྱུར་ཏེ། །ཞེས་གསུངས་ཤིང༌། ཁ་ཅིག ད་ལིས་ཞོ་གང༌། ན་ལེ་ཤམ་གསུམ་ནམ་གཅིག །ཤིང་ཚ་གསུམ་ནམ་གཉིས། སུག་སྨེལ་ཞོ་གང༌། བཅའ་སྒ་ཞོ་གང་དང་སུམ་ཆ་གཅིག པི་པི་ལིང་ཞོ་གང་དང་སུམ་ཆ་གཉིས་ཡིན་ཟེར་རོ། །གཉིས་པ་ནི་ད་ལིས་ཚ་བ་ཞེས་པ་ནས་རྟ་དང་སྦྱར་ཞེས་པའི་བར་ཚིགས་བཅད་ཕྱེད་དང་ལྔ་སྟེ་གཙོ་བོ་ད་ལིས་ཚ་བ་གསུམ་དང་བཅས་པའི་བཞི་པ་ལ་ཁ་བསྒྱུར་བསྣན་པའི་ད་ལིས་བརྒྱད་པའི་སྦྱོར་བ་དྲུག་དང༌། ད་ལིས་བཅུ་པ་གཅིག་སྟེ་སྦྱོར་བ་བདུན། དེ་ལྟར་ད་ལིས་ཀྱི་སྦྱོར་བ་བཅུ་བཞིའོ། །གསུམ་པ་རྗེའུ་ལྟ་བུ་གནོད་སྦྱིན་རྒོད་མ་ཁའི་སྦྱོར་བ་ལ་རྗེའུའི་སྦྱོར་བ་ཞེས་པ་ནས་ཐལ་བར་རློག་ཅེས་པའི་བར་ཚིགས་བཅད་ཕྱེད་དང་བཞི་སྟེ། དེ་ཡང་གནོད་སྦྱིན་རྒོད་མ་ཁ་ནི་ཕྱིའི་རྒྱ་མཚོ་ཆེན་པོའི་ཕྱི་རོལ་ཏུ་རྡོ་སོལ་གྱི་རང་བཞིན་ཁོར་ཡུག་གི་རི་བོ་ཕངས་སུ་དཔག་ཚད་སུམ་བརྒྱ་དང་བཅུ་གཉིས་རྒྱང་གྲགས་བཞིར་ཆོས་མངོན་པ་ནས་བཤད་པ་བཞིན་རྒྱ་མཚོའི་དཔངས་དང་མཉམ་པ་དེ་ལ་རྒོད་མ་ཁའི་མེ་ཞེས་པ་མེ་གཞན་ལས་སྟོང་འགྱུར་གྱིས་ཚ་བ་རྟའི་གདོང་པའི་དབྱིབས་ལྟར་འབར་བས་རྟ་གདོང་གི་མེ་ཞེས་པ་དེ་ལས་ཆུ་མཚོ་ཇི་ལྟར་རྒྱས་ཀྱང་འདའ་མི་ནུས་པ་ལྟར་གྲང་ནད་ཇི་ལྟར་རྒྱས་ཀྱང་སྦྱོར་བ་འདི་ལས་འདའ་བར་མི་ནུས་པས་དེ་ལྟར་བཏགས་ལ། ཡང་ན་སྔོན་གནོད་སྦྱིན་གྱི་རིགས་ཀྱི་བུ་རྟ་རྒོད་མའི་གདོང་པ་ཅན་ཞིག་སྐྱེས་པ་དེས་ཁ་ཟས་ཅི་ཟོས་ཀྱང་མི་འཇུ་བ་མེད་པ་ཞིག་བྱུང་བའི་གཏམ་རྒྱུད་དང་སྦྱར་ཏེ་བཏགས་པ་ཡིན་ཟེར་ཞིང་དེའི་སྦྱོར་བ་ནི། ཀ་རཉྫ་སྟེ་འགའ་ཞིག་ཙི་ཏྲ་ཀའི་རྩ་བར་བཞེད་པ་སོགས་ཀྱང་ཡོད་ཅིང༌། ཟུར་མཁར་བ་ཡབ་སྲས་དང་གོང་སྨན་པ་རྣམས་མཐུན་པར་འཇམ་འབྲས་སུ་བཞེད་པས་དེ་དང༌། བཅའ་སྒ། ཙི་ཏྲ་ཀ། བྱི་ཏང་ག ཨ་རུ་ར། པི་པི་ལིང་སྟེ། ཀ་རཉྫ། དྲུག་པའི་སྦྱོར་བ་དང༌། དེ་ལ་ཁ་བསྒྱུར་རྒྱམ་ཚྭ། གསེར་མེ་བསྡེབས་པའི་བརྒྱད་སྦྱོར། སེ་འབྲུ་བསྡེབས་པའི་བདུན་སྦྱོར། ཁ་རུ་ཚྭ་སོགས་བསྡེབས་པའི་དགུ་སྦྱོར། ན་ལེ་ཤམ་བསྡེབས་པའི་བདུན་སྦྱོར། རྒྱ་ཚྭ་སོགས་བསྡེབས་པའི་དགུ་སྦྱོར། ཐལ་སྨན་ཏེ་རྡོ་ཞུན་བསྡེབས་པའི་བདུན་སྦྱོར་རྣམས་སུ་ཡོད་ཅེས་པ་སྟེ་གོ་སླའོ།།

        བཞི་པ་སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་བཅོ་ལྔ་ནི། སྣ་ཚོགས་ཁ་འཐོར་ཞེས་པ་ནས་མངོན་སུམ་མེ་དང་འདྲ་ཞེས་པའི་བར་ཚིགས་བཅད་བཅུ་དྲུག་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཚ་སེལ་གྱི་སྐབས་དང་འདྲ་བར་དམངས་ཁ་འཐོར་གྱི་སྦྱོར་བ་ནི། སུག་སྨེལ་བདུན་པ། སུག་སྨེལ་བཅུ་པ། སྨན་སྒ་བཞི་པ། རུ་རྟ་བཞི་པ། ཤུ་དག་བཞི་པ། དོང་གྲ་ལྔ་པ། ཤིང་ཀུན་བརྒྱད་པ། ཤིང་ཀུན་ཅུར་ནིས་སམ་ཉི་ཤུ་པ། བྱི་ཏང་ག་བདུན་པ། ད་ཏྲིག་དགུ་པ། ད་ཏྲིག་བདུན་པ། ཡ་བཀྵ་ར་བདུན་པ། ཤིང་མངར་དྲུག་པ། སྲིན་སྨན་གྱི་བྱི་ཏང་ག་བདུན་པ། རྒྱམ་ཚྭ་དྲུག་པ་རྣམས་ཡིན་ལ་གཞན་རྣམས་རྟོགས་པར་སླ་ཞིང་ཤུ་དག་བཞི་པའི་ཚད་ལྡན་གྱི་སྦྱོར་བ་ནི། ཤུ་དག་སྲང་གང༌། རུ་རྟ་ཞོ་དོ། བཅའ་སྒ་ཞོ་ཕྱེད་དོ། ཁ་རུ་ཚྭ་ཞོ་དོ་དང༌། ཡང་ན་ཤུ་དག་ཞོ་བརྒྱད། རུ་རྟ་ཞོ་བཅུ་དྲུག སྒ་དང་ཁ་རུ་ཚྭ་ཞོ་བཞི་རེ་ཡིན་ཅིང༌། སྟོད་ལུགས་པ་རྣམས་ཤུ་དག་མ་ནུ་སྲང་རེ་རེ། །བཅའ་སྒ་སྲང་ཕྱེད། ཁ་རུ་ཚྭ་ཞོ་གཉིས་ཕྱེ་མ་ཆུ་ཚན་ཕུལ། །ཞེས་གསུང༌། ཤིང་ཚ་ཚ་བ་ལྔ་དང་ཞེས་པའི་ཚ་བ་ལྔ་ནི་ཚ་བ་གསུམ་གྱི་སྟེང་དུ་ཙི་ཏྲ་ཀ་དང་དབྱི་མོང་བསྣན་པ་དང༌། ཤུ་ཏི་ནི་ངོས་འཛིན་མི་འདྲ་ཡང་གཙང་ཤོད་ཀྱི་ལྡུམ་རར་སྐྱེ་བ་ལོ་མ་འུ་སུ་འདྲ་ཞིང༌། མེ་ཏོག་གསེར་ཞིབ་གདུགས་ལྟ་བུ་ལ་འབྲས་བུ་གོ་སྙོད་དང་མཚུངས་པ་དྲི་མ་དུགས་ལ་རོ་ཚ་བ་དེ། འགའ་ཞིག་འུ་སུ་དང་གཅིག་པར་བཞེད་དོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པར། སློབ་དཔོན་བྷཱ་བ་བྷ་དྲས། འུ་སུ་ནི་འུ་སུའི་མེ་ཏོག་སྟེ། ཤུ་ཏཱ་ཧོ་སྟེ་བརྒྱའི་མིང་ཅན་དང༌། མ་སི་རྣམས་འུ་སུའི་མིང་སྟེ། ཟླ་ཟེར་ལས། ཤུ་ཏི་ཤ་ཏ་བུཥྤའོ། །དེ་ནི་མ་སིའོ་ཞེས་བཤད་པའི་ཕྱིར་རོ། །འཕྲལ་སྐད་དུ་དྷཱ་ནི་ཡ་ཞེས་ཀྱང་ཟེར། ཤངས་པ་ནི་ཀྱི་ཚེར་རྒོད་དཀར་པོ་མ་བཏང་བར་སྐྱེས་པའི་འབྲུ་ལ་བཞེད། ཁ་ཅིག་སྤྲུ་དཀར་གྱི་འབྲུ་དང༌། ཁ་ཅིག་ཤིང་སྒ་སྐྱ་བོར་ངོས་འཛིན་པའང་འདུག ཨ་ཟ་མོ་ཞེས་པ་ཤངས་པ་དང༌། ལྷུན་སྡེངས་པ་དབྱི་མོང་ཡིན་གསུང༌། མིང་དངོས་ཨ་ཙ་མོ་ཞེས་པ་ཟུར་ཆག་པར་མངོན། ཏི་མུ་ལ་ནི་རིགས་གཉིས་ཀྱི་རྒོད་རིར་སྐྱེ་བ་དེ་བཟང༌། མིང་ལོ་ཚན་ཐེང་པོ་སྟེ་མེ་ཏོག་རྐང་ཆག་གམ་བྱ་རྐང་པ་ཞེས་བྱ་བ་དེ་ཡིན། ཕུར་ཐལ་ནི་མིང༌། ད་མ། ད་མ་ཀ་སྟེ། ཕུར་མོང་ནག་པོ་དུ་བ་མ་ཤོར་བར་བསྲེགས་པ་དང༌། མ་རུ་རྩེ་ལ། ཤྭེ་ཏ་གུཉྫ་ཏེ་མ་རུ་རྩེ་དཀར་པོ་དང་རཀྟ་གུཉྫ་ཏེ་མ་རུ་རྩེ་དམར་པོ་རིགས་གཉིས་ལས་འདིར་ཕྱི་མ་ལྷོ་མོན་ནས་འབྱུང་བའི་བྱེའུའི་མཆིན་པ་འདྲ་བ་སྲིན་བུ་དམར་ལེབ་ཏུ་གྲགས་པ་དང༌། དྲེས་འབྲུ་ནི། རྩ་དྲེས་མ་རིགས་གསུམ་གྱི་རྒྱ་དྲེས་སམ་ཐག་པ་ཉན་པ་དེའི་འབྲུའོ།།

        གསུམ་པ་མཇུག་བསྡུ་བ་ལ་ལྔ། སྦྱར་ཚད། བརྡུང་ཚུལ། སྨན་རྟ། བཏང་ཚུལ། ཟས་སྤྱོད་རྣམས་སོ། །དང་པོ་ལ། སྤྱི་དོན་ཚིག་དོན་གཉིས་ཀྱི་དང་པོ་ནི། ཟླ་ཟེར་ལས། གང་དུ་ཚད་ནི་མ་བཤད་པར། །དེར་ནི་ཆ་མཉམ་སྦྱར་བར་བཤད། །ཅེས་བྱ་བ་ལ་སྨན་གྱི་སྦྱོར་བ་ཕྱེ་མ་དང༌། སྨན་བསྐོལ་བའི་ཁུ་བ་དང་མར་དང་ཏིལ་མར་ལ་སོགས་པའི་སྨན་གྱི་ཚད་ངེས་པ་མ་སྨོས་པ་དེར་ནི་སྨན་དེ་དག་ཆ་མཉམ་པ་ཁོ་ནར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཚིག་དོན་ནི། དེ་སོགས་རྐང་པ་གསུམ་སྟེ། དེ་ལྟར་གོང་དུ་བཤད་པའི་ཚ་སེལ་རྒྱལ་བོའི་སྦྱོར་བ་སོགས་ཕྱེ་མ་གང་ཡང་སྦྱར་བའི་ཐབས་ཚད་མེད་ཅིང་མ་བཤད་པ་རྣམས་གཞན་ཆ་མཉམ་ཞིང་སྨན་གང་གཙོ་བོར་སྨོས་པ་དེ་ཐུན་ཆེ་བར་རམ། ཉིས་འགྱུར་དུ་བསྐྱེད་པ་དང༌། ཚད་བཤད་པ་རྣམས་ནི་ཚད་བཞིན་དུ་སྦྱར་བ་གཅེས་པ་ཡིན་ཞེས་པའོ། །གཉིས་པ་བརྡུང་ཚུལ་ནི། རྭ་རྣམས་སོགས་ཚིགས་བཅད་གཅིག་སྟེ་རྭ་ཅོའི་རིགས་རྣམས་གང་གཏོང་ཀྱང་ཐལ་ཚན་ནང་དུ་རྩི་ཧྲོག་ཙམ་བསྲེག་ཅིང༌། རྭ་དང་ཤིང་ལ་སོགས་པ་གང་བསྲ་བའི་རིགས་རྣམས་སྣ་ལ་བརྡུང་བ་དང༌། བརླན་ཅན་དང༌། སྣུམ་བག་ཡོད་པའི་རིགས་རྣམས་ཕྱི་ལ་བཞག་སྟེ་སྨན་ནུས་ཆེ་བ་དང་མྱུར་བ་སོགས་ཞིབ་པ་ལས་འབྱུང་བས་གསེར་འགྱུར་གྱི་རྩི་བཞིན་དུ་ཞིབ་མོར་བཏགས་པ་གལ་ཆེའོ་ཞེས་པའོ། །གསུམ་པ་སྨན་རྟ་ནི། ཚ་སེལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། ཚ་སེལ་ཐམས་ཅད་ཤེལ་ཀ་ར་གཙོ་བོའི་སྨན་ལས་དྲུག་འགྱུར་དུ་མང་བར་སྦྱར་ལ། དེ་བཞིན་དུ་གྲང་སེལ་ཐམས་ཅད་སྨན་ལས་བུ་རམ་བཞི་འགྱུར་དུ་མང་བར་སྦྱར་བ་དང་སྨན་ནད་ལྡང་བ་ཡོད་པའི་སྦྱོར་སྡེ་གང་ཡང་རྣམ་གྲངས་ངེས་མེད་འདྲེས་པར་ཡོད་ན་སྨན་ཡང་འཆོལ་བར་སྦྱར་དུ་རུང་ཞིང༌། ཅུར་ནིས་ནི་ལེགས་བར་སྦྱར་བའི་སྐད་དངོས་ཙཱུརྞི་ཞེས་པ་ཀློག་གདངས་ལས་ཟུར་ཆག་པ་དང༌། ཏྲེས་སམ་ཞེས་པ་ཞང་ཞུང་གི་སྐད་དེ་ཕྱེ་མའི་མིང་དུ་བཤད་ལ། འཕུལ་རྟ་ཡང་ཚ་སེལ་ཐམས་ཅད་ཆུ་བསིལ་ལམ་བསྐོལ་གྲངས་གིས་དབུལ་བ་དང༌། འཇུ་བ་དཀའ་ན་ཚ་སེལ་དེ་ཡང་ཆུ་བསྐོལ་ཤིས་སམ་ལེགས་ལ། གྲང་སེལ་ཐམས་ཅད་ཆུ་བསྐོལ་ཚ་མོས་དབུལ་བར་བྱའོ་ཞེས་པའོ། །ལག་ལེན་པོད་ཆུད་གི་འགྲེལ་པ་དང༌། སྟོད་ལུགས་ཀྱི་རྒྱུད་འགྲེལ་པ་ནད་གདོན་དཔུང་འཇོམས་ལས། ཚ་སེལ་ཐམས་ཅད་སྨན་རྟ་ཀ་ར་ལ་བྱ་ཞེས་བཤད་ཀྱང༌། སྤྱིར་སྨན་ཐམས་ཅད་རྟ་མེད་ན་རྣོ། མཆོག་ཏུ་གཉན་གང་ནས་འབྱུང་མི་ཤེས་པས་རྟ་མེད་པར་བྱའོ། གཉན་མེད་པའི་ནད་རིགས་ལ་ཀ་ར་གཏོང་བ་ཡིན། ཞེས་བཤད་དོ། །བཞི་པ་བཏང་ཚུལ་ནི། ཟས་ཞུ་སོགས་རྐང་པ་གཅིག་སྟེ། བཤད་རྒྱུད་ནས་ནད་དམིགས་དང་སྦྱར་བའི་གཏོང་ཚུལ་བཅུར་བཤད་མོད་ཀྱང༌། འདིར་སྤྱིར་བཏང་ཙམ་དུ་ཟས་ཞུ་ནས་སྨན་བཏང་ལ་སྨན་ཞུ་ནས་ཟས་བཏང་བ་གཅེས་སོ་ཞེས་པའོ། །ལྔ་པ་ཟས་སྦྱོང་ནི། རུལ་སྐྱུར་སོགས་ཏེ་ཟས་རུལ་པོ་དང་སྐྱུར་པོ་དང༌། སྔོ་ངད་སོགས་འཇུ་དཀའ་ཐམས་ཅད་སྨན་བཏང་བའི་དུས་ཀུན་ལ་སྤང་ཞེས་གསུངས་སོ་ཞེས་པའོ།།

        གསུམ་པ་ལེའུའི་མཚན་སྨོས་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་པ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ཀྱི་སྦྱོར་བ་གཉིས་པ་ཕྱེ་མའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཞི་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།