སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ཕྱེ་མའི་མིང་ཅུར་ནིས་ཏྲེས་སམ་ནི་ཞང་གཞུང་གི་སྐད་ཕྱེ་མའི་སྦྱོར་སྡེ་ཏིང་ཁྲོལ་ཞེས་པའང་སྦྱོར་བའི་མིང་ཚ་སེལ་དང་གྲང་སེལ་གཉིསལས །ཚ་སེལ་ག་བུར་རྒྱལ་པོའི་སྦྱོར་བ་དང༌། །གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང༌། །གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང༌། སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི།

ཚ་བ་སྟོབས་རྒྱས་རྒྱལ་པོ་ག་བུར་སྦྱར། །དེ་རིགས་མང་དང་སྟག་ཟིལ་ཤེལ་དང་གསུམ། །མང་ནི་ཕལ་ཆེར་རྒྱ་ནག་ནས་འབྱུང་སེར་ལ་སྣ་རིང་མཉེན་ལ་ཡང༌། །ཡང་ན་དཀར་འཇམ་ཁ་བ་བསྒོངས་པ་འདྲ། །འཇམ་ལ་བསིལ་བས་རླུང་ལྡན་ཚད་པ་སེལ། །སྟག་ཟིལ་འདི་དཀོན་པོ་འདུག་མདངས་སེར་སུལ་མང་ཕོ་ཅོང་འདྲ། །མང་ག་བུར་བས་འདི་ཅུང་ཟད་རྩུབ་ཅིང་བསིལ་བས་ཚ་བ་ཀུན་ལ་རྒྱུག །ཤེལ་ནི་ཕལ་ཆེར་རྒྱ་གར་ནས་འབྱུང་དཀར་ལ་ཀྲོན་ཏེ་ཆུའི་འཁྱག་པ་འདྲ། །ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས

ག་བུར་དེ་ལ་སྦྱར་བའི་ཐབས་དྲུག་སྟེ། །མི་རྒོད་ལྟ་བུར་གཅིག་པུར་རྐྱང་རྒྱུགས་དང༌། །དཔའ་བོ་ལྟ་བུར་མཚོན་ཆ་བསྐུར་བ་དང༌། །བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་བ་དང༌། །སྐྱེལ་མ་ལྟ་བུར་དགྲ་ཟུན་སྦྲག་པ་དང༌། །དམག་དཔོན་ལྟ་བུར་འཁོར་གྱིས་བསྐོར་བ་དང༌། །རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པའོ།

དང་པོ་མི་རྒོད་ལྟ་བུ་ག་བུར་ཅུ་གང་ཆུར་སྦྱངས་པས། །རྒྱས་ཚད་སྟོབས་ཆེན་ཐོག་བབས་གསོད་པའི་མཆོག

གཉིས་པ་དཔའ་བོ་ལྟ་བུ་དེ་ལ་མཚོན་ཆ་བསྐུར་བ་ནི། །འཁྲུགས་ལ་ཙན་དན་ཁྲག་འཁྲུགས་ཙན་དན་དམར་པོ་དང་འཁྲུགས་གཞན་ལ་དཀར་པོ་བཏང་རིམས་ལ་ཤྭེཏ་བིཁ་བོང་ང་དཀརཔོ །ཁ་བསྒྱུར་ཀ་ར་སྦྱར་ལ་གངས་ཆུས་དབུལ། འདི་ལ་ག་བུར་རྒྱལ་བློན་གསུམ་པ་ཞེས་བྱ་སྟེ། །འཁྲུགས་རིམས་ཚ་བ་རྒྱས་པ་རོལ་དུ་གསོད།

གསུམ་པ་བཙུན་མོ་ལྟ་བུ་གོང་གི་ག་བུར་དང་བོང་ང་དཀར་ཏེ་རྒྱལ་བློན་གསུམ་པ་དེ་ལ། ཁ་ཆེའི་གུར་ཀུམ་དང་གོར་ཙན་གི་ཝཾ་བསྣན་པས་ག་བུར་རྒྱལ་བློན་ལྔ་པ་ཞེས་དང༌། ལྔ་པའི་སྟེང་དུ་གླ་རྩི་དོམ་མཁྲིས་བསྣན་པའི་ག་བུར་རྒྱལ་བློན་བདུན་པ་ནི། འཇམ་པས་རླུང་མི་འཁྲུག་ཅིང་ཚ་བ་འཇོམས།

བཞི་པ་སྐྱེལ་མ་ལྟ་བུ་ག་བུར་ཡོས་ཆང་ནར་སོང་ཁོ་ན་དང་སྦྱར་བ་ནི། ཚད་རླུང་འཐབ་པའི་རི་ཐང་མཚམས་སུ་རླུང་ཚད་དུས་གཅིག་འཇོམས

ལྔ་པ་དམག་པོ་ལྟ་བུ་ག་བུར་བདུན་པ་དང་ག་བུར་དགུ་པ་དང་ག་བུར་བཅུ་བཞི་རྣམས་སྦྱར་བ་ནི། དང་པོ་ག་བུར་བདུན་པ་ནི་ག་བུར་ཙན་དན་དཀར་པོ་དང༌། །གི་ཝཾ་ཅུ་གང་གུར་གུམ་ཧོང་ལེན་དང༌། །ཏིག་ཏ་རིགས་བཞི་པོ་གང་རུང་ཀ་ར་དཀར་པོ་སྨན་གྱི་བཞི་འགྱུར་སྦྱར། །སྟོད་གཟེར་འཁྲུགས་ཚད་རྒྱས་པ་སེལ་བར་བྱེད། ག་བུར་དགུ་པ་ནི་ག་བུར་ཙན་དན་དཀར་པོ་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་ཏིག་ཏ་རིགས་གང་རུང་ལི་ག་དུར། །ཧོང་ལེན་རྒྱ་སྐྱེགས་ཀ་རས་འགྲམས་འཁྲུགས་ནད། །སྟོད་གཟེར་ལུད་པ་དམར་སེར་དུད་ཁུ་འཇོམས། ག་བུར་བཅུ་བཞི་པ་རིན་ཆེན་ཞགས་པའི་སྦྱོར་བ་ཞེས་གྲགས་པ་ནི་ག་བུར་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །ཙན་དན་དཀར་པོ་བསེ་རུ་དཀར་པོ་ཨུཏྤལ་སྔོན་པོ་དང་མཆོག་སྐྱོང་ངམ་བླ་མེད་ཨ་ག་རུནག་པོ །གླ་རྩི་ལི་ག་དུར་ཏིག་ཏ་རིགས་གང་རུ་ཀ་ར་སྦྱར། །རིམས་རྒྱས་ལུས་ལྕི་དྲན་ཉམས་འབོག་ལྐུགས་སེལ

དྲུག་པ་ག་བུར་ཉི་ཤུ་རྩ་ལྔ་སྦྱརབ་ནི། །ག་བུར་བཟང་པོ་ཅུ་གང་གུར་གུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དྲུག་དང་ཨགུརཱ་ཨ་ག་རུནག་པོ །ཙན་དན་དཀར་པོ་དང་དམར་པོ་ཨུཏྤལ་སྔོན་པོ་གེ་སར་ན་ག་དང་པདྨ་གཉིས། ཤུཐ་རུ་རྟ་ཟི་ར་ཤེར་ཁུར་དཀར་པོ་བ་ལེ་ཀནག་པོ། །ཤིང་ཚ་ཆུ་སྲིན་ནཱགི་སྡེར་མོ་ཆུ་སྲིན་སྡེར་མོའམ་ནཱགི་མ་རྙེད་ན་སྔོ་ཆུ་སྲིན་སྡེར་མོ་ཚབ་ཏུ་རུང་པུ་ཤེལ་རྩེརྩ་ག་བུར ཀུནྡྷ་སྤང་སྤོས་ཤེལ་པུཏྤ་རྡོ་དྲེག་ཕ་བང་ལོགས་ཀྱི་དྲེག་པ་མར་པོ་བིཤུཀ་འབུ་སུ་ཧང༌། དེ་སྟེང་ཚ་གྲང་སྐབས་སྦྱར་གྱིས་བསྣན་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཚ་བ་དང་གྲང་བ་ལ་སྒ་པི་ཕོ་གསུམགྱིས །ཁ་བསྒྱུར་དེ་སྟེང་ཀ་ར་དཀར་པོ་ཡིས་དྲུགའགྱུར་དུ་སྦྱར། །དོན་སྣོད་ཤ་ལྤགས་རྩ་རུས་ཚད་པ་དང༌། །འགྲམས་འཁྲུགས་རིམས་དུག་ཚད་པ་གསར་རྙིང་དང༌། །དྲེག་གྲུམ་མེ་དབལ་བྱང་ཁོག་ཐིགས་ཟགས་རྣག །ལུས་ལ་གནས་པའི་ཚད་པ་མ་ལུས་འཇོམས། །ཁྱད་པར་ཚད་རྙིང་བྱེར་བ་གཏིང་ནས་འདོན།

བློན་པོ་གུར་ཀུམ་བདུན་པའི་སྦྱོར་བ་རིགས་བཅུ་བཞི་ནི། གུར་གུམ་ཟེར་བ་མང་ཡང་འདིེར་ཁ་ཆེའི་གུར་གུམ་ཉིད་ལ་དགོངས་ཀྱི། བཙུན་མོ་གུར་གུམ་དང་། ལྡུམ་ར་གུར་གུམ། དམར་ལེ་བརྒན་རྩི་སོགས་ཀྱིས་གཏན་ནས་མི་ལོ། །ཁ་ཆེའི་གུར་ཀུམ་ཅུ་གང་གི་ཝཾ་གཙོ་བོ་སྟེ་མི་འགྱུར་བ་ལ། དེ་སྟེང་ཛཱ་ཏི་ཨ་ག་རུ་ནག་པོ་དང་སྙིང་ཞོ་ཤ། སྟོད་ནས་འོང་བ་དངོས་ཡིན་རུ་རྟ་བསྡེབས་པས་སྙིང་གི་ཚད་པ་སེལ། གུར་ཅུ་གི་གསུམ་ལ་ཤིང་མངར་རུ་རྟ་རྒུན་འབྲུམ་ཨ་ཀྲོང་བཞི། །ཨ་ཀྲོང་འདི་ལ་འགའ་ཞིག་གིས་ངེས་པ་ཅན་དུ་བྱེད་ཀྱང་རྗེ་ཟུར་མཁར་བའི་ཕྱི་མ་རྒྱུད་ཀྱི་སྨན་ངོ་གསལ་བྱེད་དུ་ཨ་ཀྲོང་ལ་མཁན་པ་དང་ཕུར་མོ་དང་རྩ་དང་ཤིང་སྟེ་དབྱེ་ན་བཞི། དཀར་ནག་སེར་ཏེ་ཁ་དོག་གིས་དབྱེ་ན་གསུམ་ཞེས་གསུངས། མངའ་རིས་ཀྱི་འབའ་ཤམ་ཟེར་བ་རུས་པ་མེད་པ་དེ་རིགས་དཀར་ནག་གཉིས་ཀྱིས་དབྱེ་ན།  གཉིས་གསུངས་པ་ལས་འདི་གཏོང་ངེས་བཟུང་མ་མཛད་པས་གཅིག་ཁོ་ནར་མ་ངེས་པའི་རིགས་གང་བྱུང་བཏང་བས་ཆོག་པར་སེམ་མོ། །བསྡེབས་པས་གློ་བའི་ཚད་པ་སེལ་བར་བྱེད། གཙོ་བོ་གསུམ་སྟེང་ཨུཏྤལ་སྔོན་པོ་བ་ཤ་ཀ་དང་ཏིལིབྱི་པྲི་ཡང་ཀུ། །བྲག་ཞུན་བསྡེབས་པས་མཆིན་པའི་ཚད་པ་སེལ། གཙོ་བོ་གསུམ་སྟེང་གསེར་གྱི་མེ་ཏོག་ལི་ཤི་ཨ་རུ་ར། །པི་པི་ལིང་བསྡེབས་མཆེར་པའི་ཚད་པ་སེལ། གཙོ་བོ་གསུམ་སྟེང་སུག་སྨེལ་བྲག་ཞུན་ཤུག་པ་ཚེར་མ་ཅན། །ཤུག་པ་གཞོན་པ་ཐམས་ཅད་ལ་ཚེར་མ་ཡོད་ཀྱང་དེ་རྒས་ནས་ཚེར་མ་མེད་འགྲོ་བས། ཤུག་ཚེར་དངོས་ནི་ཤུག་སྡོང་རྒན་པོ་ལ་ཚེར་མ་ཡོད་པ་དེ་དགོས་པ་ཡིན། དེང་སང་ཤུག་པ་ཆུང་ངུ་ཚེར་མ་ཡོད་པར་ཤུག་ཚེར་བྱེད་པ་དེ་ཚོ་ཨ་ལ་ལ་ཧོ། །ཨ་རུ་ར་བསྡེབས་མཁལ་མའི་ཚད་པ་སེལ། གཙོ་བོ་གསུམ་སྟེང་དོམ་མཁྲིས་བྲག་ཞུན་བོང་ང་དཀར་པོ་དང༌། །པྲི་ཡང་ཀུ་བསྡེབས་ཕོ་བའི་ཚད་པ་སེལ། གཙོ་བོ་གསུམ་སྟེང་ཨིནྡྲ་བཞི་དུག་ཉུང་བོང་དཀར་ལིོ་ག་དུར་བ་ལེ་ཀ་བསྡེབས་རྒྱུ་ལོང་སྣོད་ཚད་སེལ། གཙོ་བོ་གསུམ་སྟེང་ཤིང་མངར་ལི་ག་དུར་དང་རེ་སྐོན་པརྩི་དམར་རྐང་གཅིག །དོམ་མཁྲིས་བསྡེབས་པས་རྩ་ཡི་ཚད་པ་སེལ། གཙོ་བོ་གསུམ་སྟེང་སྤྱི་ཞུར་འདམ་བུ་ཀ་ར་དང་སྨུག་པོ་སྦལ་རྒྱབ་རིགས་གང་བྱུང་གངས་ཐིགས་ལྷ་ཞོ་བཞི། །བསྡེབས་པས་རུས་པའི་ཚད་པ་སེལ་བར་བྱེད། །སླེ་ཏྲེས་ཛཱ་ཏི་བ་དང་ལཱཤུན་སྒོག་སྐྱའི་ཐལ་བ་དང༌། འདྲེ་འཇིགས་ཐང་ཆུ་གུ་གུལ་ནག་པོ་བསྡེབས་པས་རླུང་གི་ཚད་པ་སེལ། གཙོ་བོ་གསུམ་སྟེང་ཏིག་ཏ་རིགས་བཞི་གང་བྱུང་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བོང་ང་དཀར་པོས་མཁྲིས་པའི་ཚད་པ་སེལ། གཙོ་བོ་གསུམ་སྟེང་བསེ་ཡབ་རྩི་གུ་སྨན་རྩེ་འདྲ་མ་རྙེད་མ་ཐིང་ལྷད་ཀྱིས་ཚབ་རུང་སེ་འབྲུ་མ་ནུ་འུ་སུ་འམ། ཙུཀ་སྟར་བུ་ཏེནྲིའི་བསྡེབས་པས་བད་ཀན་ཚ་བ་སེལ། གཙོ་བོ་གསུམ་སྟེང་ཧོང་ལེན་བ་ཤ་ཀ་དང་རེ་སྐོན་པཕུག་རོམ་རྐང་དམར བེ་དོ་བ་སྤང་རྩི་དོ་བོ་བསྡེབས་པས་ཁྲག་ཚད་སེལ། གཙོ་བོ་གསུམ་སྟེང་སྔོ་དེ་བ་ཡིན་མ་རྙེད་ན་སྦྱར་པ་དཀར་པོའི་ཤུན་པས་ཚབ་རུང་གསེར་གྱི་མེ་ཏོག་ལི་ག་དུར། །པར་པ་ཏ་སྐྲ་བཟང་ཟིལ་པ་བསྡེབས་རིམས་ཀྱི་ཚད་པ་སེལ། དེ་དག་ཀུན་ལ་ཀ་ར་དཀར་པོ་སྨན་ལ་བཞི་འགྱུར་དུ་སྦྱར། །གུར་ཀུམ་བདུན་པརིགས་བཅུ་བཞི་པོས་ཚ་བའི་ནད་ཚབས་ཆུང་བ་ཀུན་སེལལ་གུར་གུམ་བདུན་པ་འདི་རྣམས་བྱིས་པ་དང་ལུས་ཟུངས་ངན་པ་ལ་མཆོག་གོ དེ་རྣམས་གང་ལའང་ཐུན་ལོག་ཙན་དན་དཀར་པོ་བསྣན་པས་ཙན་དན་བརྒྱད་སྦྱོར་རིགས་བཅུ་བཞི་འབྱུང་ཏེ་ཚད་སྟོབས་འབྲིང་པོ་སེལ། །དེ་སྟེང་ག་བུར་བསྣན་པས་ག་བུར་དགུཔ་རིགས་བཅུ་བཞི་འབྱུང་བ་ཚད་སྟོབས་ཆེ་བ་སེལ བདུན་པས་ཚ་བ་ཐ་མ་བརྒྱད་པས་ཚ་བ་འབྲིང་དགུ་པས་ཚ་བ་རབ་སེལ་བར་ངེས།

རྗེའུ་གཙོ་བོ་བརྒྱད་པའི་སྦྱོར་བ་ནི། །བསིལ་གྱི་གཙོ་བོ་དོན་སྙིང་ལ་ཚ་བ་ཞུགས་ན་གི་ཝཾ་ཐུན་ལོག་དང་སྣོད་ལ་ཚ་བ་ཞུགས་ན་ཙན་དན་དཀརཔོ་ཐུན་ལོག །རྩི་ཡི་གཙོ་བོ་གློ་ཚད་ལ་ཤིང་ཅུ་གང་ཐུན་ལོག་དང་མཆིན་ཚད་ལ་ཁ་ཆེའི་གུར་ཀུམ་ཐུན་ལོག་གཉིས། འདིར་རྩིའི་གཙོ་བོ་ཅུ་གང་ཞེས་སྨོས་པས་ཤིང་ཅུ་གང་མ་གཏོགས་པ་ས་ཅུ་གང་མ་བཤད་མོད། འོན་ཀྱང་དེང་སང་གི་སྨན་པ་རྣམས་ཀྱིས་ཚིག་ཟུར་འདི་ཙམ་ལའང་འཕྲིག་མ་ཚུད་པར་ས་ཅུ་གང་གཏོང་བ་ནི། ཐ་ཤལ་བ་ལས་ཀྱང་ཆེས་ཐ་ཤས་པའི་བློ་གྲོས་ཅན་སྨན་པ་དེ་རྣམས་ཨོཾ་རུ་ལུ་ཧཱུཾ་བྷཱོུ་ཧཱུཾ་ཨ་ཙ་ལ་ན་ ཐང་གི་གཙོ་བོ་མཁྲིས་ཚད་ལ་ཏིག་ཏ་ཐུན་ལོག་དང་ཁྲག་ཚད་ལ་བ་ཤ་ཀཐུན་ལོག། །སྔོ་ཡི་གཙོ་བོ་འཁྲུགས་ཚད་ལ་ཧོང་ལེན་ཐུན་ལོག་དང་རིམས་ཚད་ལ་བོང་ང་དཀརཔོ་ཐུན་ལོག །ཀ་ར་དཀར་པོ་སྨན་དང་བཞི་འགྱུར་གྱི་རྟ་ལ་བསྐྱོནཔས །དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི། །ཚད་པ་གསར་རྙིང་མ་ལུས་འཇོམས་པར་ངེས། །ཚ་སྟོབས་ཆེ་ན་དེ་སྟེང་ག་བུར་རིགས་གསུམ་པོ་ནད་དམིགས་གང་རུང་བསྣན། །གློ་བརྒྱལ་མང་པོ་སོར་ན་ཤིང་མངར་ཨ་ཀྲོང་རིགས་གང་རུང་བསྣན། །གློ་བརྒྱཀ་འགོགས་པར་དཀའ་ན་སྟར་བུ་རུ་རྟ་བསྣན། ཁའི་ལུད་པ་དམར་ན་མཚལ་རྒྱ་མཚལ་བཤག་མཚལ་གང་རུང་དང་དོམ་མཁྲིས་བསྣན། ལུད་པ་སེར་ན་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། ལུད་པ་དུད་ཁུ་ལ་ལི་ག་དུར་དང་གླ་རྩི་བསྣན། ལུད་པ་སྐྱ་གསོབ་ལ་ཛཱ་ཏི་སྒོག་སྐྱ་ཨ་གར་ནག་པོ་བསྣན། །གཉན་གཟེར་ལ་གླ་རྩི་གུ་གུལ་ནག་པོ་གཉན་ཚད་ལ་དེ་སྟེང་འཛིམ་པ་བསྣན། རིམས་རྒྱས་པའི་མིག་ཆུ་སེར་ལ་མིག་སྔར་ཟ་ཟི་མང༌ སྔོ་དེ་བ་དང་རྒྱ་བོད་གང་རུང་གི་གསེར་གྱི་མེ་ཏོག་པར་པ་ཏ། ལི་ག་དུར་ཨ་རུ་ར་བསྣན་པས་འཇོམས་པ་ཡིན

སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་ནི། །ཨ་ག་རུ་ནག་པོ་དང་ཛཱ་ཏི་སྙིང་ཞོ་ཤ ཤིང་ཅུ་གང་སྤོས་དཀར་རུ་རྟ་ཨ་རུ་ར། །ནཱ་ག་གེ་སར་ཀ་ར་སྨན་གྱི་སུམ་འགྱུར་སྦྱར། །ཨ་གར་བརྒྱད་པས་སྙིང་ལ་མཚོན་ཕོག་པ་བཅོས་གླགས་ཡོད་པ་དང༌། །འདིར་ཁ་ཅིག་རྨ་མཚོན་གདོན་མཚོན་ཞེས་སོགས་བཤད་མོད་ཀྱང་། མན་ངག་རྒྱུད་ཀྱི་མཚོན་རྨར་གསོ་བར། སྙིང་ཚིལ་བརྒྱལ་འབོག་དངངས་མདར་བཞིན་མདངས་ཉམས། །ཆུ་གཏོར་ཕུས་བཏབ་བཀུ་བྱུག་འོ་དྲོན་བཏིག། །དེ་རྗེས་དྲུང་ནས་དྲན་གསལ་བཅོས་གླགས་ཡོད། །ཅེས་པ་ལྟ་བུ་དགོངས་སོ།

འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། ཙན་དན་དཀར་པོ་བསིལ་ཅུ་གུར་ལི་གསུམ་ལི་ག་དུར། །སྲོ་ལོ་དཀར་པོ་རྒུན་འབྲུམ་ཤིང་མངར་ཙན་དན་བརྒྱདཔའོི ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སེལ། དེའི་སྟེང་སྟར་བུ་རུ་རྟབསྣནན་པའི་ཙན་དན་བཅུ་པས་འགོགས་དཀའི་རྣག་རྣམས་འདྲེན། །གི་ཝཾ་གུར་ཀུམ་ཨུཏྤལ་བ་ལེ་ཀ །ཏིག་ཏ་རིགས་གང་བྱུང་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་གྱི་མེ་ཏོག་ཀ་ར་གི་ཝཾ་དགུ་པའོ །མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང༌། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །ཨ་རུ་ར་དང་ལི་ཤི་གསེར་མེ་ཏོག །སྤང་སྤོས་ནཱ་ག་གེ་སར་པི་པི་ལིང༌། །ཀ་ཀོལ་ཁྲུ་དའམ་མཚེ་ལྡུམ་རིགས་གཉིས་གང་རུང་བསྣན་པའང་སྣང་ཀ་ར་སྦྱར་བའི་ཨ་རུ་བདུནཔའོ །མཆེར་པ་བསྣད་འགྲམས་ཚ་རྒྱས་སྦོས་གཟེར་འཇོམས། ཨ་རུ་ར་དང་གུར་ཀུམ་སུག་སྨེལ་དང༌། །བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་དཀར་པོ་དང༌། །སེང་ཕྲོམ་ཞུ་མཁན་བཙོད་དང་རྒྱ་སྐྱེགས་ཤུག་པ་ཚེར་མ་ཅན། །ཀ་ར་སྦྱར་བའི་ཨ་རུ་བཅུ་པ་སྟེ། །མཁལ་མ་བསྣད་འགྲམས་ཆུ་སྲི་རྐེད་པ་འཁོརནས་ན་བ་དང་ རྐང་པ་བཤལ་ནས་འཕྱེས་འགྲོ་བའི་བརྡ་སྙིང་མཁལ་ཚད་མ་ལུས་སེལ་བར་བྱེད། །བྲག་ཞུན་གླ་རྩི་གུར་ཀུམ་སུག་སྨེལ་དང༌། །དོམ་མཁྲིས་བོང་ང་དཀར་པོ་འཇིབ་རྩི་པྲི་ཡང་ཀུ་ཨ་རུ་ར། །ག་དུར་ཀ་ར་ཆ་མཉམ་བྲག་ཞུན་དགུཔའོ །ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད། །དོམ་མཁྲིས་གསེར་གྱི་མེ་ཏོག་དུག་མོ་ཉུང༌རིགས་གང་བྱུང་ །གླ་སྒང་བོང་ང་དཀར་པོ་བ་ལེ་ཀ །རེ་སྐོན་ཀ་ར་སྦྱར་བའི་མཁྲིས་ཕྱེ་བདུནཔའོ །རྒྱུ་ལོང་བསྣད་འགྲམས་ཁྲག་མཁྲིས་ཚ་འཁྲུ་གཅོད།

ཅོང་ཞི་རིགས་གང་བྱུང་སེ་འབྲུ་སུག་སྨེལ་པི་པི་ལིང༌། །མ་ནུ་པ་ཏྲ་ཁ་ཆེའི་གུར་ཀུམ་ཀ་ར་ཅོང་ཞི་དྲུགཔའོ། །བད་ཀན་བྲང་ཚ་ཆུ་ཚན་སྐྱུག་པ་འཇོམས། །ཅོང་ཞི་མཛོའི་འོ་མར་འདམ་བཏགས་བྱས་ལ་གྲིབ་སྐམ་བྱ། དེ་སྟེང་གི་ཝཾ་བཟང་དྲུག་ཅུ་གུར་ཛཱ་སུག་ཀ་དང་ཨུཏྤལ་སྔོན་པོ་ཙན་དན་དཀར་དམར་གཉིས། །གླ་རྩི་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །ཏིག་ཏ་རིགས་གང་བྱུང་བོང་ང་དཀར་པོ་ཨ་རུ་ར་བ་ཤ་ཀ །རུ་རྟ་པི་པི་ལིང་དང་ཀ་ར་སྦྱར། །ཅོང་ཞི་བསིལ་སྦྱོར་དུག་དང་སྨུག་པོ་དང༌། །གབ་ཚད་ཚད་རྙིང་མ་ལུས་སེལ་བར་བྱེད། །ཅོང་ཞི་བསིལ་སྦྱོར་གྱི་སྟེང་དུ་སྐྱུ་རུ་དང་། སེ་འབྲུ། བྲག་ཞུན། ལྕགས་དྲེག། པྲི་ཡང་ཀུ། གོ་བྱི་ལ། གངས་ཐིགས། ཁུར་རྩ། ཆུ་རྩ། མི་སོག་ཐལ་བ། མུ་ཟི། བླ་མའི་བདུད་རྩི། ཧོང་ལེན། མ་ནུ། ལུག་རུ་དམར་པོ། དངུལ་ཆུ་གྲང་འདུལ་རྣམས་བསྣན་པས། ཟླ་ཤེལ་ཆེན་མོ་མམ། བདུད་རྩའི་མྱུག་གུ་སོ་བདུན་པ་འབྱུང་བ་གནད་དམ་པའོི། །ཅོང་ཞི་སེ་འབྲུ་སུག་ཤིང་པི་བཞི་དང་ཨ་རུ་ར། །ཛཱ་ཏི་མ་ནུ་འུ་སུ་སྐྱུ་རུ་ར། །རྒྱམ་ཚྭ་བཅའ་སྒ་དང་བུར་དཀར་སྦྱར་བ་ཡི། །ཅོང་ཞིའི་ཅུར་ནིས་སྨུག་པོ་འཐབ་པ་དང༌། །མ་ཞུ་བད་ཀན་དང་ག་མི་བདེ་སེལ

རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ །སུག་སྨེལ་པི་པི་ལིང་དང་ཀ་ར་སྦྱར། །རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནདསྨུག་པོ་ཚ་སྟོབས་ཆེ་ན་དེ་སྟེང་གི་གིི་ཝང་དང་གུར་གུམ་བྲག་ཞུན་བསྣན་པ་དང་སྨུག་པོའི་སྐྲན་ལ་དྲུག་པ་དང་ཅོང་ཞི་རྒོད་བཏུལ་བསྣན་ཡང་ན་དྲུག་སྟེང་ཅོང་ཞི་རྒོད་བཏུལ་གུར་གུམ་གི་ཝང་ཨཏྤལ་པྲི་ཡང་ཀུ་རྣམས་བསྣན །གླང་ཐབས་སྒྲེག་སྐྱུག་ཕོ་ཁར་ཟུག་པ་སེལ། །ཏིག་ཏ་རིགས་བཞི་གང་རུང་གསེར་གྱི་མེ་ཏོག་བོང་ང་དཀར། །རུ་རྟ་རྩ་མཁྲིས་ལུགས་མང་ཡང་རང་ལུགས་ལ་ཀ་ས་ཁུར་ཆུང་དང་ཧོང་ལེན་པར་པ་ཏ། །སྐྱེར་པའི་བར་ཤུན་ཀ་ར་སྦྱར་བའི་ཏིག་ཏ་བརྒྱདཀྵ་ཡ་ལ་གཡའ་ཀྱི་མ་དང་དུག་ཉུང་ནིམ་པ་གུར་གུམ་རྣམས་བསྣན། བལ་ནད་མིག་སེར་ལ་འཛིམ་པ་དང་སྟག་ཤ་བསྣན་ལ་གུ་གུལ་ཐང་གིས་དབུལ །མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་རཛཱ །རུ་རྟ་བ་ཤ་ཀ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །སླེ་ཏྲེས་བྲག་ཞུན་ཀ་ར་གུ་གུལ་བཅུཔ་སྟེ་སྤོས་དཀར་བཅུའང་ཟེར །དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས། ཁ་ཆའི་གུར་ཀུམ་ལི་ཤི་གི་ཝཾ་བསེ་རུ་དཀར་པོ་རྒྱ་མཚལ། །ཙན་དན་འདིའི་ཙན་དན་ལ་སྨན་པ་ལ་ལས་དཀར་པོ་དང་ལ་ལས་དམར་པོར་མཐའ་གཅིག་ཏུ་འཛིན་མོད། རང་གི་གོ་བར་མཆིན་པ་དང་ཁྲག་གཙོར་འཛིན་ལ་དམར་པོ་དང་། ཚ་བ་གཙོར་འཛིན་ལ་དཀར་པོ་བྱས་ན་སངས་རྒྱས་སྨན་བླའི་དགོངས་པ་ཡིན་བསམ་པ་ཡོད། གླ་རྩི་ཀརཀྑ་འམ་འཇམ་འབྲས་བོང་ང་དཀར། །རུ་རྟ་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཀ་ར་སྦྱར། །གུར་ཀུམ་བཅུ་གསུམ་པའི་སྟེང་དུ་ཛཱ་ཏི་པི་པི་ལིང་ཕོ་བ་རིལ་དབང་རིལ་བསྣན་ན་གུར་གུམ་རྒྱལ་བློན་བཅུ་བདུན་པ་ཞེས་གྲགས་པས་མཆིན་རྒུད་སྦྱར་དུག་དང༌། །མཁལ་མ་བསྣད་འགྲམས་ཆུ་སྲི་ཚ་སྦོས་དང༌། །ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། ཁ་ཆེའི་གུར་ཀུམ་ཅུ་གང་ཨུཏྤལ་བ་ལེ་ཀ །ཏིག་ཏ་རིགས་གང་རུ་ཨ་རུ་ར་དང་ཁྲུ་ད་མཚེ་ལྡུམ་ཀ་ར་སྦྱར། །གུར་ཀུམ་མཆོག་བདུན་མཆིན་ནད་གསར་རྙིང་དང༌། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ། །བསིལ་ཅུ་གུར་ལི་གསུམ་ཏིག་ཏ་རིགས་གང་རུང་བ་ལེཀ་བ་དང་ཤ་ཀ །པདྨ་གེ་སར་ནཱ་ག་གེ་སར་པི་པི་ལིང༌། །སྟར་བུ་ཧོང་ལེན་ཟི་ར་ནག་པོ་པུ་ཤེལ་རྩེ། །ཀ་ར་སྦྱར་བས་ཅུ་གང་བཅུ་གསུམ་སྟེ། །གློ་ཚད་ལུད་པ་རྣག་ཁྲག་ལུ་བ་འཇོམས། །བསིལ་ཅུ་གུར་ལི་གསུམ་བྲག་ཞུན་ཏིག་ཏ་པི་པི་ལིང༌། །ཨ་རུ་ར་རྒྱ་མཚལ་དང་ཀ་ར་ཅུ་གང་བརྒྱདཔའོི །མཆིན་ཁྲག་རྒྱས་དང་སྨུག་པོའི་ཚ་བ་སེལ། །བསིལ་ཅུ་གུར་སྟེང་སྟོད་ལ་ལི་ཤི་དང་སྨད་ལ་སུག་སྨེལ་གསུམ་ཨུཏྤལ་སྔོན་པོ་སེ་འབྲུ་པི་པི་ལིང༌། །ཤིང་ཚ་ཀ་ར་བཞི་འགྱུར་ཅུ་གང་བདུནཔའམ་ཅུ་གང་བདེ་བྱེད་ཆུང་ངུ་ཡིན །ཚ་གྲང་ཆ་སྙོམས་དང་ག་འབྱེད་པར་བྱེད། །ཅུ་གང་བདེ་བྱེད་ཆུང་ངའི་སྟེང་དུ་རྒུན་འབྲུམ་དཀར་ནག་གང་རུང་ཤིང་མངར་བསྣན་པ་ཅུ་གང་བདེ་བྱེད་འབྲིང་པོ་ཡིན་ཏེ་གློ་ནད་རྙིང་པ་སེལ། འབྲིང་པོའི་སྟེང་དུ་ཙན་དན་དཀར་པོ་དང་གི་ཝཾ་བསྣན་པ་ཅུ་གང་བདེ་བྱེད་ཆེན་པོ་སྟེ་ཚ་བ་གབ་རྙིང་སེལ། །ཅུ་གང་བདེ་བྱེད་ཆུང་འབྲིང་ཆེན་པོར་བཤད། ཤིང་གི་ཅུ་གང་གུར་ཀུམ་གི་ཝཾ་ཀ་ར་སྦྱར། །བློན་པོ་གསུམ་སྦྱོར་བྱིས་པའི་ཚད་ནད་སེལ། །བསིལ་ཅུ་གུར་ལི་གསུམ་ཙན་དན་ཀ་ར་གསུམ་འགྱུར་སྦྱར། །ལི་ཤི་བཞི་པས་གྲེ་བའི་ཚད་པ་འཇོམས། །ལི་ཤི་དང་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་ཨ་རུ་ར་དང་ཀ་ར་སྦྱར། །ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་དབུལ། །གློ་ནད་གྲེ་བ་ཚ་སྐམས་སྐད་འགགས་སེལ། ནྰཁའི་འམ་སྔོ་ཆུ་སྲིན་སྡེར་མོ་བསིལ་ཅུ་གུར་ལི་གསུམ་བ་ལེ་ཀ །ཨུཏྤལ་སྔོན་པོ་རྡོ་དྲེག་དཀར་དམར་གང་རུང་དང་ལི་ག་དུར་པི་པི་ལིང༌། །ཀ་ར་སྦྱར་བའི་ཆུ་སྲིན་སྡེར་མོ་དགུདེ་སྟེང་སྨྱུག་རྩི་སྔོན་པོ་དང་འཆི་ཐོིད་ཐལ་བ་དང་སྦྲུལ་ཤ་བྱ་མ་བྱིའི་སྤུ་གཞོབ་དང་འོལ་མོ་སེ་རྣམས་གང་འཛོམས་བསྣན་པས་ཟུག་གཅོག་པར་མཆོག་གོ །སྣོད་དུ་ཚ་གྲང་འཐབས་དང་བད་ཀན་སྨུག་སེར་འཇོམས། ཙན་དན་བཅོ་བརྒྱད་པ་ནི་ཙན་དན་དཀར་དམར་ཧོང་ལེན་བ་ལེ་ཀ །པདྨ་གེ་སར་ནཱ་ག་པུཥྤེདང༌། །བཅའ་སྒ་སྤང་སྤོས་དུག་ཉུང་གསེར་མེ་ཏོག ཤིང་ཐོག་བིལ་བ་དང་པར་པ་ཏ་ཛཱ་ཏི་འབྲས་བུ་གསུམ། །སུག་སྨེལ་ཀ་རས་བུད་མེད་རིམས་བཏབ་དང༌། །བཙས་རྗེས་ཚད་པ་སྐྱེས་པ་སེལ་བར་བྱེད། །ག་བུར་བསིལ་ཅུ་གུར་སྟོད་ལི་སྨད་སུག་གསུམ་ཛཱ་ཏི་ཙན་དན་དཀར། །གི་ཝཾ་ག་དུར་སེ་འབྲུ་སྲ་འབྲས་མཚལ། སྔོ་ཤུ་མོ་ཟ་དང་ཀ་ར་སྨན་གྱི་བཞི་འགྱུར་སྦྱར། །ཀྲི་ཀ་ཧན་འཕྲོག་འདྲེན་ཞེས་བྱིས་པའི་རིམས་ཚད་སེལ། །ཨུཏྤལ་ཤིང་ཅུ་གང་གུར་ཀུམ་བ་ལེ་ཀ །སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །ཀ་ར་སྦྱར་བའི་ཨུཏྤལ་བརྒྱད་པ་སྟེ། །མཆིན་ཁྲག་ཕོ་བར་རྒྱས་པ་སེལ་བར་བྱེད། །བ་ལེ་ཀ་དང་ཨུཏྤལ་སྔོན་པོ་བ་ཤ་ཀ །ཤིང་མངར་ཤིང་ཅུ་གང་ཨ་རུ་ཀ་ར་སྦྱར། །ཚད་པ་ཀུན་སེལ་ཕོ་མཆིན་ཚ་བ་འཇོམས། །རྒུན་འབྲུམ་ཤིང་ཅུ་གང་གུར་ཀུམ་ཤིང་མངར་དང༌། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར། །གློ་ཡི་ནད་དང་དབུགས་མི་བདེ་བ་སེལ། །འཛིན་པ་གླ་རྩི་གུ་གུལ་ནག་པོ་དང་། ཞེས་པའི་ཚིགས་འདི་པར་མ་ཆད་པ་སྟེ་འཛིན་པ་སོགས་མེད་ན་གཉན་འཇོམས་པའི་མཐུ་མེད་པས་སོ། ཀྱི་ལྕེ་དཀར་པོ་སྤང་རྩི་དོ་བོ་དང༌། །སྤང་རྒྱན་དཀར་པོའི་ཕྱེ་མས་ལྷོག་པ་འཇོམས།

གཉིས་པ་གྲང་བ་སེལ་བ་ཕྱེ་མའི་སྡེ་ཚན་ལ། །རྒྱལ་པོ་སེ་འབྲུ་དང་བློན་པོ་ད་ལིས་དང༌། །རྒོད་མ་ཁ་ཕྱེ་རྗེའུའི་སྦྱོར་བ་དང༌། །སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་དང་བཞིལས།།

དང་པོ་རྒྱལ་པོ་རཱིཌཾ་སེ་འབྲུའི་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་ཕོ་བ་རིས་དང་གསུམ། །ཁ་ཟས་མི་འཇུ་སྐད་འགགས་དབུགས་མི་བདེ། །ཁྱད་པར་མཆིན་པ་ན་བ་རྣམས་ལ་ཕན། །དེ་སྟེང་ཁ་རུ་ཚྭ་བསྣན་སེ་འབྲུ་བཞི། །སྦོ་འཁྲོག་སྐྲན་དང་མ་ཞུ་སྐྱུག་པ་སེལ། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང༌། །བུར་དཀར་སྦྱར་བའི་སེ་འབྲུ་བཞི་པ་སྟེ། །ཕོ་བའི་གཞི་འཛིན་མེ་དྲོད་གསོ་བར་བྱེད། གྲང་བའི་རིགས་ཀྱི་ནད་གཞི་ཅི་ལས་གྱུར་ཀྱང་དང་ག་འབྱེད། །དེ་སྟེང་དོང་གྲ་བཅའ་སྒ་སྤྱིར་བཅའ་སྒ་ལ་སྒ་རྒོད་དང་སྒ་སེར་སྐྱ་སྨན་སྒ་སོགས་མིང་མང་ཡང་སྨན་སྒ་དང་བཅའ་སྒ་སྒ་རྒོད་རྣམས་དོན་གཅིག སྒ་རྒོད་ལ་དཀར་དམར་གཉིས་ཡོད་པའི་དཀར་པོ་ནི་ཟུར་པ་དཀར་པོའང་ཟེར་བ་ཅུང་ཟད་མདོག་ལ་དཀར་སྣུམ་བག་ཆུང་བ། སྒ་་རྒོད་དམར་པོ་ནི་ཟུར་བ་དམར་པོའམ་ལི་དོན་གྲ་སྟེ་བཅག་ཁམ་དམར་ཁམ་སྣུམ་བག་ཅན་དེ་ཡིན་ནོ། །བསྣན་ཏེ་ཚད་ལྡན་སྦྱརསེ་འབྲུ་སྲང་གང་། སྒ་ཞོ་བཞི། པི་པི་ལིང་ཞོ་གཅིག ཤིང་ཚ་དང་སུག་སྨེལ་ཞོ་ཕྱེད་ཕྱེད། འདིར་སྲང་ནི་ཞོ་བརྒྱད་རེ་ལ་སྲང་གང་རེ་བྱེད་པའི་དབང་དུ་མཛད་འདུག་གོ།  །སེ་འབྲུ་ལྔ་པ་བད་ཀན་ཟས་མི་འཇུ། །ཕོ་བའི་གྲང་སྐྲན་སྐྱུག་དང་ཡི་ག་འཆུས། །སྙིང་རླུང་མཁལ་རྐེད་ནད་ལ་མཆོག་ཏུ་ཕན། །ཡང་ན་ཁ་ཆེའི་གུར་ཀུམ་བསྣན་པ་མཆིན་ཚད་མི་སྐྱེ་བར་ཡིན་པའི་སེ་འབྲུ་ལྔ། །ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ༌། སེ་འབྲུ་སྲང་གང་ཤིང་ཀུན་ཞོ་གང་སྒ་སྲང་དགུ་དང་ཁ་རུ་ཚྭསྲང་གང་ །སྟར་བུ་ཞོ་ལྔ་ཡིས་མ་ཞུ་མཆིན་རྒུད་སེལ། །ཚད་ལྡན་སྦྱོར་བས་སྙིང་གི་བད་རླུང་འཇོམསསྙིང་གི་བད་རླུང་ལ་ཤིང་ཀུན་གཙོ་བོར་བསྐྱེད་པ་རྣམས་བཤད་ལག་ལེན་གསལ་བྱེད་དུ་བཤད་པ་ལྟར་བྱའོ། །སེ་འབྲུ་ཁ་རུ་ཚྭ་དང་ཚ་བ་སྒ་པི་ཕོ་གསུམ། །རྒྱམ་ཚྭ་དྲུག་གིས་ཕོ་བའི་མེ་དྲོད་སྐྱེད། །ཁ་ཟས་མ་ཞུ་འཇུ་ཞིང་བེ་སྣབས་སྦྱོང༌། །སེ་འབྲུ་སྲང་གང་ཤིང་ཚ་ཞོ་གང་སུག་སྨེལ་ཞོ་གང་པི་པི་ལིང༌ཞོ་གཉིས བཞི་པོ་དེ་ཉིད་གཞིར་བཞག་ནས་དེ་ལ་བརྒྱད་པའི་ཁ་བསྒྱུར་བནི །སྒ་ཞོ་གང་དང་ཛཱ་ཏི་ཞོ་གང་གུར་ཀུམ་ཞོ་གང་ཀ་ཀོ་ལཞོ་གང་ །ཚད་ལྡན་སྦྱར་བའི་སེ་འབྲུ་བརྒྱད་པ་འདིས། །ཕོ་མཆིན་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས། བཞི་སྟེང་རྒྱམ་ཚྭ་ཞོ་གང་ཁ་རུ་ཚྭ་ཞོ་གང་དང་ཕོ་བ་རིསཞོ་གང་ །བཅའ་སྒ་ཞོ་བཞི་བསྡེབས་འི་སེ་འབྲུ་བརྒྱད་པས་མ་ཞུ་གསར་རྙིང་འཇུ། བཞི་སྟེང་བཅའ་སྒ་ཞོ་བཞི་བྱི་ཏང་ག་ཞོ་གང་དང་ཙི་ཏྲ་ཀཞོ་གང་། །འཇམ་འབྲས་ཞོ་གང་དང་བསྡེབས་འི་སེ་འབྲུ་བརྒྱད་པས་ཕོ་བའི་མེ་ཉམས་གསོ། བཞི་སྟེང་མ་ནུ་ཞོ་གང་འུ་སུ་ཞོ་གང་སྟར་བུ་ཞོ་གང་བསེ་ཡབ་ཞོ་གང་བསྡེབསཔའི །སེ་འབྲུ་བརྒྱད་འདིས་བད་ཀན་སྨུག་པོ་སེལ། བཞི་སྟེང་རྒྱམ་ཚྭ་ཞོ་གང་གསེར་གྱི་མེ་ཏོག་ཞོ་གང་ཨ་རུ་རཞོ་གང་ །དོམ་མཁྲིས་ཞོ་གང་བསྡེབས་འི་སེ་འབྲུ་བརྒྱད་པས་མ་ཞུ་མིག་སེར་སེལ། བཞི་སྟེང་ཅོང་ཞི་རྒོད་བཏུལ་ཞོ་གང་སོལ་མེར་ཚོས་པར་བསྲེགས་ནས་ཆུར་བསྐྱུར་བས་ཞོ་ལྟར་གྱུར་བ་དེ་ཡིན་འདི་ལ་དྲག་པོར་བཏུལ་བ་ཞེས་ཀྱང་གྲགས་རྒྱམ་ཚྭ་ཞོ་གང་ཨ་རུ་རཞོ་གང་ །བྱ་ཐལ་ཞོ་གང་འདིར་རྒོད་བྲུན་ཁོ་ན་དགོས་བསྡེབས་འི་སེ་འབྲུ་བརྒྱད་པས་ལྷེན་སྐྲན་ཐལ་བར་རློག བཞི་སྟེང་འགྲོན་བུ་ཞོ་གང་དུར་ཐོད་ཞོ་གང་ཤ་རུའི་ཐལ་བ་ཞོ་གང་དང༌། །ཙི་ཏྲ་ཀ་ཞོ་གང་བསྡེབས་པའི་སེ་འབྲུ་བརྒྱད་པས་དམུ་རྫིངས་སྐེམ་པར་བྱེད། བཞི་སྟེང་ཤིང་ཀུན་ཞོ་གང་ཁ་རུ་ཚྭ་ཞོ་གང་དང་ཕོ་བ་རིས༌ཞོ་གང་ བཅའ་སྒ་ཞོ་བཞི་བསྡེབས་པའི་སེ་འབྲུ་བརྒྱད་ས་ཕོ་ལོང་སྦོས་པ་སེལ། བཞི་སྟེང་ཤིང་མངར་ཞོ་གང་ཤིང་ཅུ་གང་ཞོ་གང་རྒུན་འབྲུམ་ཞོ་གང་ཟི་ར་དཀར༌པོ་ཞོ་གང་ བསྡེབས་པའི་སེ་འབྲུ་བརྒྱད་པས་གློ་ནད་གྲང་བ་སེལ་བར་བྱེད། བཞི་སྟེང་ཛཱ་ཏི་ཞོ་གང་ཤིང་ཀུན་ཞོ་གང་ཁ་རུ་ཚྭ་ཞོ་གང་དང་སྒཞོ་བཞི །བསྡེབས་པའི་སེ་འབྲུ་བརྒྱད་པས་སྙིང་གི་བད་རླུང་གྲང་བ་སེལ། བཞི་སྟེང་ཨ་འབྲས་ཞོ་གང་སྲ་འབྲས་ཞོ་གང་འཇམ་འབྲས་ཞོ་གང་སྡིག་སྲིན་ཞོ་གང་དང་བསྡེབསཔའི །སེ་འབྲུ་བརྒྱད་པས་མཁལ་རྐེད་གྲང་བ་སེལ། བཞི་སྟེང་རྒྱ་ཚྭ་ཞོ་གང་ལྕམ་པ་ཞོ་གང་སྡིག་པ་དཀར་པོ་ཞོ་གང་ཕོ་བ་རིསཞོ་གང་ །བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་བ་ཆུ་འགགས་སེལ་བར་བྱེད། བཞི་སྟེང་ཤིང་ཀུན་ཞོ་གང་གླ་རྩི་ཞོ་གང་ཐང་ཕྲོམ་དཀར་པོ་ཞོ་གང་བྱི་ཏང་གཞོ་གང་། །བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་སྲིན་སེལ། བཞི་སྟེང་ད་ཏྲིག་ཞོ་གང་ཀ་པེད་ཞོ་གང་ཐ་རམས་ཏི་གུ་ལྷམ་ཀྲད་ཞོ་གང་མོན་ཆ་རབེ་ཁྲག་གམ་བེ་འབྲས་ཞོ་གང་།  །བསྡེབས་པའི་སེ་འབྲུ་བརྒྱད་པས་འུར་འཁྲོག་རྩམ་པ་འཁྲུ་བ་གཅོདབཅས་སེ་འབྲུ་བརྒྱད་པའི་སྦྱོར་བ་རིགས་བཅུ་བཞི་ཡོད་དོ། བཞི་སྟེང་ཤུ་དག་ནག་པོ་ཞོ་གང་འུ་སུ་ཞོ་གང་དབྱི་མོང་ཞོ་གང་ཙི་ཏྲ་ཀཞོ་གང་། རྒྱ་ཚྭ་ཞོ་གང་ཡ་བཀྵ་ར་ཞོ་གང་ཁ་རུ་ཚྭཞོ་གང་ སེ་འབྲུའི་ཅུར་ནིས་ཕྱེ་མས་མ་ཞུ་ལྕགས་དྲེག་ལྷེན། །མེ་ཉམས་སྦོ་སྒྲེག་དམུ་སྐྲན་འཁྲུ་སྐྱུག་དང༌། །མཁལ་རྐེད་ན་བ་དང་ཆུ་སྲི་བ་གྲང་ནད་རིགས་སྟོཁྲག་ལ་ཕན། །སེ་འབྲུ་སྲང་གང་དང་ཚ་བ་སྒ་སྐྱ་ཞོ་བཞི་པི་པི་ལིང་ཞོ་གཉིས་ཕོ་བ་རིལ་ཞོ་གཉིས་ཏེ་གསུམ་པོ་གཞིར་བཞག་སྟེ། བཞི་སྟེང་ད་ཏྲིག་ཤིང་ཀུན་ཨ་ས་མོའམ་དབྱི་མོང་དཀར་པོ་ཁ་རུ་ཚྭརྣམས་ཞོ་རེ་རེ །སེ་འབྲུ་བརྒྱད་པས་གྲང་ནད་མ་ལུས་སེལ། བཞི་སྟེང་རྒྱམ་ཚྭ་ཞོི་གང་ལྕེ་མྱང་ཚྭ་ཞོ་གང་དང་དང་ཁ་རུ་ཚྭཞོ་གང་ །ཐལ་ཚྭ་ཞོ་གང་བསྡེབས་པས་ཕོ་བ་སྦོས་པ་སེལ། བཞི་སྟེང་འུ་སུ་དང་མ་ནུ་དང་བསེ་ཡབ་དང་སླེ་ཏྲེས་བཞིཞོ་རེ་རེ །སེ་འབྲུ་བརྒྱད་བསྡེབས་སྨུག་པོ་གབ་པ་སེལ། བཞི་སྟེང་རྒྱ་ཚྭ་སུག་སྨེལ་སྡིག་པ་དཀར་པོ་ལྕམ་པ་བཞིཞོ་རེ་རེ །བསྡེབས་པས་མཁལ་ནད་གྲང་བ་ཆུ་འགགས་སེལ། བཞི་སྟེང་ཤིང་ཚ་སུག་སྨེལ་ཟི་ར་དཀར་པོ་དང་ནག་པོ་རྣམས་ཞོ་རེ་རེ་བསྡེབས། །སེ་འབྲུ་བརྒྱད་འདིས་བད་རླུང་གློ་ནད་སེལ། བཞི་སྟེང་ཤིང་ཚ་བཟང་པོ་གསུམ་ལག་ལེན་པོད་ཆུང་དུ། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ། །དྲོད་གསུམ་བཟང་པོ་གསུམ་ཞེས་བྱ། །གསུངས་པ་ལྟར་དང་ལ་ལ་ཕུདརྣམས་ཞོ་རེ་རེ །བསྡེབས་པའི་སེ་འབྲུ་དགུ་པས་མེ་དྲོད་སྐྱེད། །འཁྲུ་བ་གསར་རྙིང་མ་ལུས་གཅོད་པར་བྱེད། བཞི་སྟེང་ཟི་ར་ནག་པོ་དབྱི་མོང་ཙི་ཏྲ་ཀ སྒོག་ར་བ་ལ་ལ་ཕུད་ནམ་འདེམ་མ་ར་རྩ་དང་སུག་སྨེལ་ཁ་རུ་ཚྭརྣམས་ཞོ་རེ་རེ །བསྡེབས་པའི་སེ་འབྲུ་བཅུ་པས་མེ་དྲོད་ཉམས། །ཁ་ཟས་མི་འཇུ་སྦོ་སྒྲེག་གྲང་སྐྲན་འཇོམས། བཞི་སྟེང་ཛཱ་ཏི་ཀ་ཀོ་ལ་དང་ཁ་རུ་ཚྭ། །རྒྱམ་ཚྭ་ཤིང་ཚ་དབྱི་མོང་དཀར་པོ་ཙི་ཏྲ་ཀ །ཨ་རུ་ར་དང་ལ་ཕུག་ས་བོན་དངོས་རྣམས་ཞོ་རེ་རེ་བསྡེབས། །སེ་འབྲུའི་ཕྱེ་མའམ་ཅུར་ནིས་བད་རླུང་མ་ཞུ་སྦོ། །ཕོ་མཁལ་བུ་བཙས་གྲང་བ་རྒྱས་པ་འཇོམས། དེས་ན་གྲང་ནད་མ་ལུས་གོང་དུ་བཤད་པའི་སེ་འབྲུའི་ཕྱེ་མརྣམས་སྐབས་བབས་ཉམས་སུ་བླངས་པས་སེལ། །ཕོ་བའི་བད་ཀན་སྦྱོང་ཞིང་མེ་དྲོད་སྐྱེད། །དང་ག་འབྱེད་ཅིང་ཁ་ཟས་ལེན་པར་བྱེད། །དེ་ཕྱིར་ཕྱེ་མ་ཀུན་གྱི་རྒྱལ་པོར་བཤད།

གཉིས་པ་ད་ལིས་བློན་པོའི་སྦྱོར་བ་ནི། བལ་དཀར་མེ་ཏོག་ད་ལིས་ཞོ་གང་ན་ལེ་ཕོ་བ་རིལ་ཤམ་མ་རི་རྩེ་གསུམ་ནམ་དང་ཤིང་ཚ་གསུམ་ནམ་ཞོ་རེ་རེ་དང༌། །སུག་སྨེལ་ཞོ་དྲུག་བཅའ་སྒ་པི་པི་ལིང་སུམ་ནམ་ཞོ་རེ་རེ་དང་དྲུག ཚད་ལྡན་སྦྱར་བས་འཁྲུ་སྐྱུག་དབུགས་མི་བདེ། །གཞང་འབྲུམ་སྐྲན་དང་སྐྱ་རྦབ་གློ་ནད་སེལ། ད་ལིས་དྲུག་སྟེང་ཟི་ར་དཀར་པོ་བསྡེབས་པབདུན་པས་སྟོད་ཚ་སྨད་གྲང་འཇོམས། ད་ལིས་དྲུག་སྟེང་ཁ་རུ་ཚྭ་བསྡེབས་པའི་བདུན་པས་གྲང་རླུང་སྤྱི་ལ་ཕན། ད་ལིས་དྲུག་སྟེང་ཛཱ་ཏི་བསྡེབས་པས་ད་ལིས་བདུན་པས་སྙིང་རླུང་འཇོམས་པར་བྱེདད་ལིས་དྲུག་སྟེང་སྟར་བུ་བསྡེབས་འི་ད་ལིས་བདུན་པས་ལུད་པ་འགོགས་དཀའ་འདྲེན། ད་ལིས་དྲུག་སྟེང་ད་ཏྲིག་བསྡེབས་པས་ད་ལིས་བདུན་པས་གྲང་བས་འཁྲུ་བ་གཅོདའདི་ལ་ད་ལིས་བདུན་པ་རིགས་ལྔའོ །ད་ལིས་ཤིང་ཚ་སུག་སྨེལ་ཀ་ཀོ་ལ། ཟི་ར་པི་པི་ལིང་དང་ན་ལེ་ཤམ། །འཁྲུ་སྐྱུག་མ་ཞུ་ལྕགས་དྲེག་ལྷེན་སྐྲན་འཇོམས། །ཕོ་བའི་ཟུག་གཟེར་འཇོམས་ཤིང་ཡི་ག་འབྱེད། །ད་ལིས་དང་ཚ་བ་སྒ་ཕོ་པི་གསུམ་གྱི་གཙོ་བོ་བཞི་པོ་ལ། །ཤིང་ཚ་སུག་སྨེལ་ཟི་ར་ནག་པོ་ཁ་རུ་ཚྭ། །ད་ལིས་བརྒྱད་འདིས་བད་ཀན་གྲང་བ་སེལ། བཞི་སྟེང་རྒྱམ་ཚྭ་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ། །ཐལ་ཚྭ་བསྡེབས་འི་ད་ལིས་བརྒྱད་པས་ཕོ་བ་སྦོས་པ་སེལ། བཞི་སྟེང་ཛཱ་ཏི་སུག་སྨེལ་ཟི་ར་ནག་པོ་དང༌། །ཀ་ཀོ་ལ་བསྡེབས་པའི་ད་ལིས་བརྒྱད་པས་སྙིང་རླུང་སེལ་བར་བྱེད། བཞི་སྟེང་མ་ནུ་སླེ་ཏྲེས་རྒྱམ་ཚྭ་པི་པི་ལིང༌། །བསྡེབས་འི་ད་ལིས་བརྒྱད་པས་རོ་སྟོད་རྫིངས་པ་སེལ་བར་བྱེད། བཞི་སྟེང་རྒྱ་ཚྭ་སྡིག་པ་དཀར་པོ་ལྕམ་པ་སུག་སྨེལ་བསྡེབསཔའི །ད་ལིས་བརྒྱད་འདིས་མཁལ་ནད་ཆུ་འགགས་སེལ། བཞི་སྟེང་ཤིང་ཚ་སུག་སྨེལ་ཟི་ར་ནག་པོ་དང༌། །ལ་ལ་ཕུད་བསྡེབས་པའི་ད་ལིས་བརྒྱད་པས་འཁྲུ་བ་གཅོད་པར་བྱེདད་ལིས་བརྒྱད་པ་རིགས་དྲུག་གོ བཞི་སྟེང་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དང་ནི། །རྒྱ་ཚྭ་ལྦ་ཚྭ་སྟོད་ནས་བྱུང་བའི་ལན་ཚྭ་དཀར་ཞིབ་རོ་མངར་ཤས་ཆེ་བ་ཡང་ན་ཤིོང་ཚ་མཐུག་པོ་དབྱི་མོང་དཀར་པོ་ཙི་ཏྲ་ཀ བསྡེབས་པ་ད་ལིས་བཅུ་གཅིག་ཅུར་ནིས་ཕྱི་མའི་མིང་འདིས། །གྲང་ནད་ཀུན་སེལ་ལྷག་པར་བད་ཀན་འཇོམས། ཀུན་ལ་ཀ་ར་དཀར་པོའི་རྟ་སྲང་རེ་དང་སྦྱར།

རྗེའུའི་སྦྱོར་བ་གནོད་སྦྱིན་རྒོད་མ་ཁལྟ་བུའི་སྦྱོར་བ་ནི། དེ་ཡང་ས་མུ་དྲ་ཞེས་པ་བཅས་པ་དང་མུ་དྲ་ཕྱག་རྒྱ་ཡིན་པས་རྒྱ་བཅས་སམ་རྒྱས་འཚོ་བའི་ཕྱིར་རྒྱ་མཚོ་སྟེ། དེའི་རྒྱ་ནི་ཆུ་མཚོའི་ཕྱི་རོལ་དུ་རྡོ་སོལ་གྱི་ལྕགས་རི་ཆུ་མཚོ་དང་རྒྱ་དཔངས་མཉམ་པ་དེ་ལ། རྒོད་མའི་མེ་ཞེས་པ་མེ་གཞན་ལས་སྟོང་འགྱུར་གྱིས་ཚ་བ་རྟའི་གདོང་པའི་དབྱིབས་ལྟར་འབར་བས་རྟ་གདོང་གི་མེ་ཞེས་པ། དེ་ལས་ཆུ་མཚོ་ཇི་ལྟར་རྒྱས་ཀྱང་འདའ་མི་ནུས་པ་ལྟར། གྲང་ནད་ཇི་ལྟར་རྒྱས་ཀྱང་སྦྱོར་བ་འདི་ལས་མི་ནུས་པས་དེ་ལྟར་བཏགས་ལ། ཡང་ན་གཏམ་རྒྱུད། སྔོན་གནོད་སྦྱིན་གྱི་རིགས་ཀྱི་བུ་རྟ་རྒོད་མའི་གདོང་ཅན་ཞིག་སྐྱེས་པ་དེས། ཁ་ཟས་ཅི་ཟོས་ཀྱང་མི་ཞུས་བ་མེད་པ་ཞིག་བྱུང་བས་དེ་དང་མཚུངས་པར་བཏགས་སོ།  །ཀ་རཉྫ་འཇམ་འབྲས་དང་བཅའ་སྒ་ཙི་ཏྲ་ཀ །བྱི་ཏང་ག་དང་ཨ་རུ་པི་པི་ལིང༌ཀ་རཉྫ་དྲུག་པ །ཀར་སྦྱར་མ་ཞུ་སྦོ་སྒྲེག་འགྱིངས་པ་འཇོམས། །ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པའི་མཆོག །དེ་ལ་རྒྱམ་ཚྭ་གསེར་གྱི་མེ་ཏོག་བསྡེབསཀ་རཉྫ་བརྒྱད་པ དྭངས་མ་མ་ཞུ་མིག་སེར་སེལ་བར་བྱེད། དྲུག་སྟེང་སེ་འབྲུ་བསྡེབས་པའི་ཀརཉྫ་བདུན་པས་ཁྱད་པར་དང་ག་འབྱེད། དྲུག་སྟེང་ཁ་རུ་ཚྭ་དང་ཤིང་ཀུན་ན་ལེ་ཤམཕོ་བ་རིལ །བསྡེབས་འི་ཀ་རཉྫ་དགུ་པས་ལྷག་པར་ཕོ་བ་སྦོས་པ་འཇོམས། དྲུག་སྟེང་ན་ལེ་ཤམ་ཕོ་བ་རིལ་བསྡེབས་པའི་ཀརཉྫ་བདུན་པས་ལྷག་པར་མེ་དྲོད་སྐྱེད། དྲུག་སྟེང་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་དང་བསྡེབསཔའི་ཀ་རཉྫ་དགུ་པས །ཁྱད་པར་མ་ཞུ་འཇུ་བར་བྱེད་པ་ཡིན། །དྲུག་སྟེང་རྡོ་ཞུན་ནམ་ཅོང་ཞི་རྒོད་བཏུལ་ཚ་སྲེགས་སོགས་ཀྱིཐལ་བ་སྨན་བསྡེབས་པའི་ལ་རཉྫ་བདུན་པས་སྐྲན་རྣམས་ཐལ་བར་རློག

སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་ནི། །སུག་སྨེལ་ནཱ་ག་པུཥྤེ་གེ་སར་དང༌། །ལ་ལ་ཕུད་དང་བཅའ་སྒ་དང་བཙོད་དང་པི་པི་ལིང༌། །ཀ་ར་སྦྱར་བའི་སུག་སྨེལ་བདུན་པ་སྟེ། །བད་ཀན་ཕོ་བར་འགྱིངས་དང་ལུད་པ་ལུ དང་ག་མི་བདེ་སྐྱུག་པ་སེལ་བར་བྱེད། །སུག་སྨེལ་སྒ་དང་རྒྱམ་ཚྭ་པི་པི་ལིང༌། །གླ་རྩི་སྡིག་སྲིན་ལྕམ་པ་འབྲས་སྣ་ཨ་སྲ་འཇམ་གསུམ། །བུར་དཀར་སྦྱར་བའི་སུག་སྨེལ་བཅུ་པ་སྟེརྡེ་ནད་ལ་དེ་སྟེང་རྡེ་ནད་ཕྱུང་བའི་རྡེའུ་རང་དང་གསེར་བྱེ་རྒྱམ་ཚྭ་ཟེ་ཚྭ་རྣམས་བསྣན། རྡེའུ་ཕྱུང་བ་དངོས་མེད་ན། ཆུ་གཙང་མའམ་རྒྱུན་འབབ་ཀྱི་ནང་གི་རྡེའུ་རིལ་མ་ཙམ་གྱིས་ཆོག་གོ་ཨང་ །མཁལ་མའི་གྲང་བ་རྡེ་ནད་ཆུ་འགགས་སེལ། བཅའ་སྒ་དང་ཤིང་ཀུན་མ་ནུ་པ་ཏྲ་ཁ་རུ་ཚྭ། བུར་སྨུག་གི་མི་ཡོང་བུར་དཀར་སྦྱར་བའི་སྨན་སྒ་བཞི་པ་སྟེ། །མཁལ་རྐེད་རྩིབ་ལོགས་ཟུག་དང་དབུགས་མི་བདེ། །སྐྱིགས་བུ་ཁ་གདོང་གཡོ་བའི་ནད་རྣམས་སེལ། །རུ་རྟ་མ་ནུ་པ་ཏྲ་བཅའ་སྒ་ཨ་རུ་ར། །ཀ་ར་སྦྱར་བའི་རུ་རྟ་བཞི་པ་སྟེ། །བད་རླུང་ཕོ་མཆིན་སྐྲན་དང་མཆེར་ནད་འཇོམས། །ཤུ་དག་ནག་པོ་རུ་རྟ་བཅའ་སྒ་ཁ་རུ་ཚྭ། ཚད་ལྡན་ལག་ལེན་པོད་ཆུང་དུ་ཤུ་དག་རུ་རྟ་སྲང་རེ་རེ་བཅའ་སྒ་སྲང་ཕྱེད་ཁ་རུ་ཚྭ་ཞོ་བཞི་ཞེས་གསུངས་པ་ལྟར་ཀ་ར་སྦྱར་བའི་ཤུ་དག་བཞི། །མ་ཞུ་སྐྱིགས་བུ་དབུགས་མི་བདེ་བ་དང༌། །བད་རླུང་སྟོད་གཟེར་སྐྱ་རྦབ་གཞང་འབྲུམ་འཇོམས། །ཤིང་ཀུན་མ་ནུ་རུ་རྟ་ཨ་རུ་ར། །དོང་གྲ་ཀ་ར་སྦྱར་བའི་ཤིང་ཀུན་ལྔ། །སྙིང་ག་མཆེར་ནད་རྩིབ་ལོགས་གཟེར་བ་འཇོམས། །ཤིང་ཀུན་ཤུ་དག་ནག་པོ་བཅའ་སྒ་ཁ་རུ་ཚྭ། །རུ་རྟ་མ་ནུ་པ་ཏྲ་དབྱི་མོང་དཀར་པོས་ཙི་ཏྲ་ཀའོ་ཞེས་སྨན་ངོ་གསལ་བྱེད་དུ་བཤད་ཟི་ར་ནག་པོ་ཨ་རུ་ར། །ཤིང་ཀུན་བརྒྱད་པས་དྲོད་ཆུང་ལྕགས་དྲེག་ལྷེན། །སྦོས་ཤིང་གཟེར་འཇོམས་མཆོག་ཏུ་མེ་དྲོད་སྐྱེད། །ཤིང་ཀུན་ཤུ་དག་ནག་པོ་སེ་འབྲུ་ཚ་བ་ལྔསྒ་དྲོད་སྨན་ཧྲིལ་འཇོང་གཉིས་ཏེ་ཚ་བ་གསུམ་དེ་སྟེང་དབྱི་མོང་དཀར་པོ་དང་ཙི་ཏྲ་ཀའོ་ཞེས་སྨན་ངོ་གསལ་བྱེད་དུ་བཤད། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར་པི་པི་ལིང་ནལ་ཤམ་དོང་གྲ་སྒེ་གཤེར་དབྱི་མོང་ཙི་ཏྲ་ཀ་རྣམས་ལས། འདི་རྣམས་ལ་ནི་ནལ་ལེ་ཤམ་མ་གཏོགས་ཚ་བ་ལྔ་ཞེས་བྱ་གསུངས་སོ། །ཤུ་ཏི་སེར་ལ་གཉེར་མ་ཅན་བྲོ་བ་ཚ་བ་མ་ནུའི་རིགས་བསེ་ཡབ་འུ་སུ་ནག་པོ་བཞེད་ལ་ལྕ་བའི་འབྲུ་བརྡུང་བའང་བཤད་ཡ་བཀྵ། །མ་ནུ་པཏྲ་ཟི་ར་ནག་པོ་རྒྱམ་ཚྭ་ལ་ལ་ཕུད། །ཨ་རུ་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ། །ཏི་མུ་བྱ་རྐང་པ་ས་དང་བུར་དཀར་སྲང་བརྒྱད་སྦྱར། །ཤིང་ཀུན་ཅུར་ནིས་ཀྱི་སྟེང་དུ་ཟངས་ཐལ་བསྣན་ན་གྲང་ཆུའི་སྐེམས་པར་མཆོག་ཏུ་འགྱུར་ལྟོ་སྦོས་ཡི་ག་འཆུས། །ཁ་ཟས་མི་འཇུ་གདོང་སྐྲངས་དབུགས་མི་བདེ། །སྟོད་རྒྱངས་ལུད་པ་མཆིན་མཆེར་རྩིབ་ལོགསགཟེར། །མཁལ་རྐེད་རྐང་ལག་སྐྲངས་དང་དྲི་ཆུ་སྲི། །སྐྲན་དང་སྐྱ་རྦབ་དམུ་རྫིང་སྐྱུག་པ་སེལ། །བྱི་ཏང་ག་དང་ཤིང་ཀུན་མ་རུ་ཙེསྲིན་བུ་དམར་ལེབ། །བཅའ་སྒ་གླ་རྩི་ཕུར་ཐལ་ཕུ་མོང་ནག་པོ་དུ་བ་མ་ཤོར་བ་བསྲེགས་ཐལ་པི་པི་ལིང༌། གྲང་བ་ལ་བུར་དཀར་ཚ་བ་ལ་ཀ་ར་མགོ་སྲིན་ལ་ཤ་བའི་ཚིལ་དང་སྦྱར་དཀར་གོང་སྟེང་དུ་མེ་ལ་བསྲེགས་པའི་དུ་བ་སྣར་བདུག་གོ། །སྦྱར་བའི་བྱི་ཏང་བདུན་པ་སྟེ། །ཕོ་ལོང་སྲིན་ནད་གཞང་འབྲུམ་མ་ལུས་འཇོམས། །ད་ཏྲིག་སེ་འབྲུ་ཤིང་ཚ་པི་པི་ལིང༌། །བཅའ་སྒ་ཀ་པེད་ཐ་རམས་མོན་ཆ་ར། །ན་རམས་ན་བ་ལ་སྐྱེ་རམ་བུ་འདྲ་བ་བུར་དཀར་སྦྱར་བའི་ད་ཏྲིག་དགུ། །འུར་འཁྲོག་སྒྲེག་ཅིང་གཙོ་བོར་གྲང་བས་འཁྲུ་བ་གཅོད་པར་བྱེད། །ད་ཏྲིག་དང་མུ་ལེ་དྲུང་ཤིང་སྨག་དང་ཐ་རམས་དང་བྱ་རྐང་ལོ་ཙན་སྤོད། རི་དྭགས་གཙོད་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ། ཀ་ར་ཚ་བ་དང་གྲང་བར་བུ་དཀར་རྟས་བསྒྱུར་འཁྲུ་བ་གཅོད་པའི་མཆོག །ཡ་བཀྵ་ར་ནས་འགྱུར་ར་སེ་འབྲུ་པི་པི་ལིང༌། །ཤིང་ཀུན་བཅའ་སྒ་སྟར་བུ་རྒྱམ་ཚྭ་རྣམས། །ཀ་ར་སྦྱར་བའི་ཡ་བཀྵ་ར་བདུན། །གཞང་གཟེར་གྲང་བས་ལྦུ་བ་བེ་སྣབས་འཁྲུ་བ་གཅོད། ཤིང་མངར་དང་ཙ་བོལ་འབྲས་དཀར་པོ་དང་བསེ་ཡབ་བྱི་ཏང་ག །གོ་སྙོད་འུ་སུ་ཚ་བར་ཀ་ར་གྲང་བར་བུར་རམ་རྟ་ཡིས་བསྒྱུར། །ཤིང་མངར་དྲུག་པས་སྐྱུག་པ་གཅོད་པའི་མཆོག །བྱི་ཏང་ག་དང་སྒོག་སྐྱ་མ་རུ་ཙེ། །སོ་མ་ར་ཛ་དང་རྩ་དྲེས་མའི་འབྲུ་ཕུར་མོང་ནག་པོ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་དང༌། །གླ་རྩི་ཀ་ར་ཚ་བར་བུ་རམ་གྲང་བར་རྟས་བསྒྱུར་སྲིན་སྨན་མཆོག །ཁོང་སྲིན་ལྟོར་བཏང་མགོ་སྲིན་ཚིལ་དཀར་གོང་སྦྱར་ནས་སྣ་ནས་བདུག །གཞང་སྲིན་མས་བཏང་ལྤགས་སྲིན་ཕྱི་ནས་བྱུག །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོདབྱི་མོང་དཀར་པོ །པི་པི་ལིང་དང་བཅའ་སྒ་རྣམས་ཆ་རིམ་བལ་པས་བསྐྱེད། །ཀུན་དང་མཉམ་པའི་ཨ་རུ་དུ་བ་མ་ཤོར་བ་བསྲེགས་པའི་ཐལ། །བུ་རམ་སྦྱར་བ་མངོན་སུམ་མེ་དང་འདྲ

དེ་སོགས་ཕྱེ་མ་གང་ཡང་སྦྱར་བའི་ཐབས། །ཚད་མེད་ཅིང་མ་བཤད་པ་རྣམས་ཆ་མཉམ་སྨན་གང་གཙོར་བོར་སྨོས་པ་དེ་ཐུན་ཚད་ཆ་རེ་ཆེ་བར་བསྐྱེད། །ཚད་བཤད་པ་རྣམས་ནི་རང་རང་གི་ཚད་བཞིན་དུ་སྦྱར་བ་གཅེས་པ་ཡིན། །རྭ་ཅོའི་རིགས་རྣམས་གང་གཏོང་ཐལ་ཚན་རྩི་ཧྲོག་ཙམ་བསྲེག །རྭ་དང་ཤིང་སོགས་གང་སྲ་སྣ་བ་རྣམས་ལ་བརྡུང༌། །རླན་ཅན་དང་སྣུམ་བག་ཡོད་པའི་རིགས་རྣམས་ཕྱི་ལ་བཞགཟུར་དུ་བརྡུང་ལ་སྨན་བྱིང་དང་སྲེས།  །སྨན་ནུས་ཞིབ་ལས་འབྱུང་བའི་གསེར་འགྱུར་གྱི་རྩི་བཞིན་དུ་ཞིབ་མོར་བཏགས། །ཚ་སེལ་ཐམས་ཅད་ཀ་ར་ཀ་རལང་ཤེལ་དཀར་དང་བྱེ་མ་ཀ་ར་དཀར་ཆུང་རྒྱལ་མོ་ཀ་ར་རྣམས་ལས་འདིར་ཤེལ་ཀ་ར་ལ་བྱ་སྨན་ལས་དྲུག་འགྱུར་དུ་མང་བར་སྦྱར། །གྲང་སེལ་ཐམས་ཅད་སྨན་ལས་བུ་རམ་བཞི་འགྱུར་དུ་མང་བར་སྦྱརབུ་རམ་ལའང་བུར་དཀར་བུར་སྨུག་བུར་ནག་དཀར་སྨུག་གཉིས་ཧྭགས་རྣམས་ལས་འདིར་བུར་དཀར་བྱའོ །སྨན་དང་ནད་གང་ཡང་རྣམ་གྲངས་ངེས་མེད་དུ་འདྲེས་ཡོད་ན་སྨན་ཡང་འཆོལ་པར་སྦྱར་དུ་རུང༌། །ཅུར་ནིས་ཞེས་ཡུལ་གུར་གྱི་སྐད་དང་ཏྲེས་སམ་ཞེས་པ་ཞང་ཞུང་གི་སྐད་དེ་ཕྱེ་མའི་མིང་དུ་བཤདརྒྱ་སྐད་ཀྱི་ཙཱུནྜི་ཟུར་ཆགས་པའང་བཤད་དོ །ཚ་སེལ་ཐམས་ཅད་ཆུ་བསིལ་ལམ་བསྐོལ་གྲང་ཀྱིས་དབུལ། །འཇུ་བ་དཀའ་ན་ཚ་སེལ་དེ་ཡང་ཆུ་སྐོལ་ཤིས། །གྲང་སེལ་ཐམས་ཅད་ཆུ་སྐོལ་ཚ་མོས་དབུལ། །ཟས་ཞུ་ནས་སྨན་བཏང་ལ་སྨན་ཞུ་ནས་ཟས་བཏང་བ་གཅེས། །རུལ་པ་དང་སྐྱུར་པོ་དང་སྔོ་ངད་སོགས་འཇུ་དཀའ་ཐམས་ཅད་ནད་གཞི་ཀུན་ལ་སྤང༌། །ཞེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕྱེ་མའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཞི་པའོ 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།