སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཞི་པ། ཚད་པ་གསོ་བའི་གདམས་ངག་བདུད་རྩི་ཡང་ཐིགས།

ཨོཾ་སྭསྟིཿ་སིདྡྷི། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་གསོ་བའི་གདམས་ངག་བདུད་རྩི་ཡང་ཐིགས་ཞེས་བྱ་བ་འདི་ལ་གསུམ་སྟེ། གློ་བའི་ཚ་བ་བཅོས་པ་དང་། ཁྲག་གཟེར་བཅོས་པ་དང་། གཟེར་ཐུང་གཉན་ནད་བཅོས་པའོ། །དང་པོ་རྒྱུའི་ཚད་པ་ཞེས་བྱ་བ། མཁྲིས་པའི་མེ་དྲོད་ཚད་ལས་ལྷག་པ་ཡིན་ཏེ། དེ་ནི་ཁ་ཟས་སྨན་དང་། སྤྱོད་ལམ་བསིལ་བས་བཅོས། དོན་སྣོད་གང་ལ་བབས་པའི་རྩ་གཏར་པས་འཚོ་བ་འགྱུར་ཏེ།

དེའི་ནད་ཀྱི་མཚན་ཉིད་ནི། དང་པོ་མ་སྨིན་བར་ལ་ལུས་ཐམས་ཅད་ཕྲུམ་སེར་ཁྱེར་ཞིང་གྲང་ཤུམ་བྱེད། ཚིགས་བཞི་(གཞི་)ན། ལུས་ཐམས་ཅད་ཚ་ཞིང་ཁོལ། དང་ག་མི་བདེ། རྨི་ལམ་སེམས་ལས་ཟ་ཟི་མང་། འདར་ཞིང་མགོ་དང་ཡན་ལག་ན། ཉིན་པར་གཉིད་ཆེ། མཚན་མོ་མི་འོང་། དེ་རྣམས་ཚད་པ་སྤྱིའི་རྟགས་སོ། །དེ་ལ་མ་ནུ། ཀཎྚ་ཀ་རི། སླེ་ཏྲེས། སྒ་སྐྱའི་ཐང་གཏང་། ཡང་ན་འབྲས་བུ་གསུམ་གྱི་ཐང་གཏང་། དེས་ནད་མྱུར་དུ་སྨིན་པར་བྱེད་དོ། །སྨིན་པའི་རྟགས་གཟེར་འོང་། ལུས་ལྕི། ལུས་སྒལ་ཐབས་མེད། སྐད་ངན། སྙིང་ལ་བསལ་བ་དང་། གང་བ་འདོད།  རྩ་གྲིམས། ཆུ་དམར། གོང་གི་ཁོལ་བ་ལ་སོགས་པའི་རྟགས་འཆད། ལུད་པ་སྨུག་པའམ། སེར་པོ་ལ་སོགས་པ་འབྱུང་། དབུག་ཐུང་། ཤེས་པ་རྔམ། རྩ་དྲག ཆུ་དམར། ཁྲོ་སྙིང་འདོད། ནུ་མཆིན་དང་། སྙིང་གར་གཟེར་འོང་། གློ་མང་། ཁ་ལྕེ་སྐམ། སོ་དྲེག་ཆགས། ལྕེ་གཞུང་དུ་སེར་པོ་འམ་ནག་པོ་འབྱུང་། དེའི་དུས་སུ་བརྩོན་འགྲུས་བསྐྱེད་དོ། །འདི་ཡི་དུས་སུ་ནད་རླུང་དང་། སྨན་གྱི་དྲི་གཉིས་འཐབ་པས། ཆུ་(ཅུ་)གང་། གུར་གུམ། ལི་ཤི་དང་། ཨུཏྤལ་སྔོན་པོ། ཙནྡན། ཏིག་ཏ་སྦྱར། ཚད་པ་ཆེ་ན་ག་པུར་དང་གི་ཝང་བསྣན། ཀ་ར་བརྒྱད་འགྱུར་སྦྱར་ལ་གཏང་། དེས་ནི་དཔེར་ན་མེ་ལ་ཆུ་བླུགས་པ་དང་འདྲ་སྟེ། ཚད་པ་རིགས་ཐམས་ཅད་ངེས་པར་སེལ་བར་བྱེད་དོ། །ཡང་ཚད་པ་ཁ་ཅིག་མདའ་ལྟར་གཟེར་བ་དང་། ལུད་པ་ཁམ་ནག་དུད་པ་འདྲ་བ་དང་། ལྕེ་སེར་ལ་སྐམ་ཞིང་ཐུང་བ་དང་། མཆུ་དང་སོ་ལ་དྲེག་པ་ཆགས་པ་དང་། དེ་རྣམས་ནི་རྟ་གཡག་འཐབ་པ་ལྟ་སྲོག་ལ་གཏོད་པའི་ནད་ཡིན་པས། འདི་ལ་སྨིན་པ་དང་མ་སྨིན་པ་བྱ་བ་མེད་དེ། ནད་དང་དཔྱད་གཉིས་གང་མགྱོགས་བྱེད་པས། དཔལ་རྩ་ཆུང་ངུ་ནས་རྩ་ཁ་དབྱེ། གཞན་རིག་པའི་མདས་དཔྱད་དོ། །དེ་ཡང་དོན་སྙིང་ལ་བབས་ན། གཟེར་ཆེན་ཞེས་བྱ་སྟེ། གདོང་པ་ནག་ལ་ཟུག་གཟེར་ཆེ། ཁྱི་ཉི་མས་ཚིག་པ་ལྟར་འོང་བས། དེས་ཡང་དང་པོ་ཏིག་ཏ། སྐྱུ་རུ་ར་སྲོ་ལོའི་ཐང་གིས་གསང་། དེ་ནས། ག་པུར། གི་ཝང་། ཅུ་གང་དང་། གུར་གུམ། ཙནྡན། གླ་རྩི། དོམ་མཁྲིས། ཀ་ར་སྦྱར་ལ་གཏང་། དེ་ནི་ཚ་བ་རོལ་དུ་གསད་པའོ། །གཏར་གྱིས་རྩ་དུ་དྲངས་ཟས་ཀྱིས་ལུས་ཟུངས་གསོ། །གཟེར་ཆེན་ནད་ལ་བདུད་རྩི་འདྲ། གཟེར་ཆུང་ཞེས་བྱ་བ་སྣོད་ལ་བབས་པ་ནི། ལུས་ལྕི། ཟུག་གཟེར་བག་ཆུང་། རྩ་གྲིམས། ཆུ་དང་མིག་སེར། ལུད་པ་ཡང་ཕལ་ཆེར་སེར་པོར་འོང་ངོ་། །དེ་ལ་བོང་ང་དཀར་པོ། དུག་མོ་ཉུང་། ལི་ག་དུར་དང་། དོམ་མཁྲིས་དང་། གུར་གུམ། བྲག་ཞུན། ཀ་ར་རྣམས་སྦྱར་ལ་གཏང་བས་ཚ་བ་རོལ་དུ་གསོད།  །དེས་མ་སོད་ན་བཤལ་མིན་པ་གཞན་གྱིས་མི་ནོན་པས། དུར་བྱིད། ཁྲོན་བུ། ལྕུམ་རྩ་དང་། བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ལ་གཏང་། ཟུག་པ་དང་ཆུ་སྐོལ་གྱི་ལྕག་གིས་བརྡེག་གོ། ཅུང་ཟད་ཚད་པ་ལྷག་མ་སྣོད་དུ་ལུས་པ་གང་གི་ཕྱེ་མ་གཏང་། གཟེར་ཆུང་ནད་ལ་བདུད་རྩི་འདྲའོ། །དེ་ནས་རླུང་བརྟག ལུས་ཡང་བ་དང་། མིག་རྩ་ཧུར་པ་དང་། ཚིག་པ་ཟ། ཆོ་འཕྲུལ་དང་། ཟ་ཟི་མང་། ལུས་འདར། ཟས་ཀྱི་རོ་མི་ཚོར་བ་བྱུང་ན་ཤ་གསར་ཆང་གསར་གཏང་། སྤྲེ་ལོང་པ་ལྔའམ་བདུན་གདུས་པའི་ཐང་བཏང་། ཡིད་མ་ཆེས་ན། བུ་རམ་དང་ཞོ་སྦྱར་ལ་གཏང་། བླ་འཆོལ་མང་ན་ཚིགས་པ་ལྔ་པ་འམ་བདུན་པ་བསྲེག་གོ། འདི་ལ་བཅོས་ཐབས་ལྔ་ཡོད་དེ། དོན་སྙིང་གི་ཚད་པ་ལ་ཕྱེ་ནའི་སྨན་གཅེས། སྣོད་ཀྱི་ཚད་པ་ལ་བཤལ་གཅེས། རྩའི་ཚད་པ་ལ་གཏར་ག་གཅེས། ཤའི་ཚད་པ་ལ་ཆུ་མདའ་གཅེས། རུས་པའི་ཚད་པ་ལ་རྔུལ་དབྱུང་བ་གཅེས་སོ། །ཡང་མཁས་པས་བྱ་བ་ནི། ནད་སྟོབས་ཆེ་ལ་ལུས་སྟོབས་ཆུང་ན་སྤང་། ནད་སྟོབས་ཆུང་ལ་ལུས་སྟོབས་ཆེ། ན་ཚོད་དང་སྦྱར་བའི་དཔྱད་ཀྱི་མཆོག ནད་སྟོབས་དང་ལུས་སྟོབས་གཉིས་ཀ་ཆེ་ན། དཔྱད་ཀྱི་སྟོབས་བསྐྱེད་པ་གལ་ཆེ། ནད་སྟོབས་དང་ལུས་སྟོབས་གཉིས་ཀ་ཆུང་ན། ཟས་དང་། སྨན་དང་། དཔྱད་ཐམས་ཅད་འཇམ་པོས་བྲིད་ལ་བྱ། འདི་ལ་དཔྱད་ཁམ་ཆེས་ན་འཆིའོ། །རྗེས་ལ་འཇམ་བཤལ་གྱིས་བཀྲུའོ། །རྩ་འགྲམས་གཏར། རྩ་འཁྲུགས་སྦྱང་། ཚ་རིམས་སྨན་དུ་ཤེས་པར་བྱའོ།  །དེ་ནས་ཕོ་བའི་མེ་དྲོད་གསོ་སྟེ། དང་པོ་སེ་འབྲུ་དང་། རྒྱམ་ཚའི་ཐང་གཏང་། དེ་ནས་ཚོ་ཁུ་ལ་སྤོད་བཏབ་ལ་གཏང་། དེ་ནས་དྲུས་ཐུག་ལ་ལྒ་བཏབ་ལ་གཏང་། ཡང་ན། སེ་འབྲུ། ཤིང་ཚ། པི་པི་ལིང་། སུག་སྨེལ་ཀ་ར་དྲུག་འགྱུར་དང་སྦྱར་ལ་ཆུ་སྐོལ་གྱིས་ཕུལ་ལ་གཏང་། དེས་ཕོ་བའི་དྲོད་སྐྱེ་བར་འགྱུར་རོ། །སྤྱིར་མ་སྨིན་པའི་གཏར་ག་སྔས་ན། རླུང་དང་ལྡན་པའི་ཚད་པ་མི་ཟད་པ་སྐྱེ། ལུས་ཟུང་འཛད། དམུ་འོར་དང་སྐྲན་སྐྱེ། ཡང་ན་གྲང་བ་ལ་མེ་དྲོད་འཆི་བས་སྤང་ངོ་། །རུས་ཚད་གཏིང་དུ་ཞེན་པ་ཞེས་བྱ་བ། ལུས་པོ་སྔོ་ལ་གྱོང་། དང་ག་མི་བདེ། དྲག་ཤུལ་གང་ཡང་གནོད། ཁྱད་པར་དུ་ཧམ་སྐྱུར་གནོད། ཇ་དང་ཆུ་སྐོལ་ཕན་ནོ། །དེ་ལ་འབོལ་གཏིང་བའི་སྟེང་ནས་ཐུལ་བ་དྲོ་བས་བྱིབས། ཆུ་སྐོལ་ཚན་དེ་བྲང་གི་འོག་ཏུ་བཅུག་ལ་མགོ་བོ་བཅུག་ནས་བསྟིབས་པས་རྔུལ་དབྱུང་ངོ་། །མ་བྱུང་ན་ཆུ་སྐོལ་ཁོང་དུ་ཡང་གཏང་། ཡང་སྐྱུར་ལ་གཞུག རྔུལ་དང་པོ་མ་ཕྱིས་པས་རྔུལ་ཁ་སྙི། ལན་གསུམ་འམ་ལྔ་འམ་བདུན་གྱི་ཐ་མ་ཕྱིས་ན་ཚད་རླུང་འདོམ་ནས་མི་འཆད་དོ། །ཤིན་ཏུ་རྔུལ་ཁ་སྲ་ན་སྦང་མ་དང་། ཤུག་པ་དང་། མཁན་པ་རྣམས་ལ་སེངས་པོའི་ཁ་ཕྲུ་བཏབ་ལ་བཙོ། དེའི་རླངས་པས་བདུག་གོ། ཚད་པ་རྙིངས་པ་ཕྱི་བཤལ་གྱི་མན་ངག་གོ། དེ་རྣམས་ནི་གློ་ཚད་སྤྱིའི་བཅོས་ཐབས་སོ། །གཉིས་པ་ཁྲག་གཟེར་ཞེས་བྱ་བ། རྐྱེན་སྤྱོད་ལམ་དྲག་ཤུལ་བྱས་པ་དང་། ཉིན་མོ་གཉིད་ལོག མཚན་མོ་གཉིད་ཆག་པ་དང་། ཆང་སྐྱུར་འཐུངས་པ་དང་། མྱ་ངན་སེམས་ལས་ཆེས་པ་དང་། བགེགས་ཀྱིས་ཀྱང་རྐྱེན་བྱས་ནས་འབྱུང་ངོ་། །ནད་ཀྱི་མཚན་ཉིད་ནི། དང་པོ་མ་སྨིན་པ་ལ་ལུས་པོ་ཐམས་ཅད་ཕྲུམ་སེར་ཁྱེར་ཞིང་། གྲང་ཤུམ་བྱེད། ཚིགས་གཞི་ན། དང་ག་མི་བདེ། ལུས་པོ་ཐམས་ཅད་ཚ་ཞིང་ཁོལ།  རྨི་ལམ་སེམས་ལས་ཟ་ཟི་མང་། ཉིན་པར་གཉིདཆེ། མཚན་མོ་མི་འོང་། འདར་ཞིང་ལྕི། མགོ་དང་ཡན་ལག་ན། དེ་རྣམས་སྤྱིའི་རྟགས་སོ། །དེ་ལ་སྨིན་པར་བྱེད་པའི་ཐབས་ནི། སྐྱུ་རུ་རའི་ཐང་གིས་དངས་སྙིགས་དབྱེ། དེ་ནས་གཏར་བས་ཉེས་པ་མེད་དོ། །སྟོད་དུ་གཟེར་དྲག་པོ་མི་འཕོ་བ་འབྱུང་། ལུས་ལྕི། ཁྱད་པར་དུ་མགོ་བོ་ན། ལུད་པ་ཁྲག་ཏུ་འོང་། རྩ་དྲག ཆུ་དམར། སྐོམ་དད་ཆེའོ། །དེ་ལ་ག་པུར་གྱིས་རྟ་བྱས་ལ། གི་ཝང་། གུར་གུམ། བཟང་དྲུག བསིལ་གསུམ་ཀ་ར་དང་སྦྱར་ལ་གཏང་ངོ་། །སྟོད་དུ་གཟེར་ན། གློ་རྩ་གཏར། སྙིང་རྩ་གཏར། རུ་ཐུང་དང་། མཁྲིས་པའི་གཤའ་རིངས་གཏར། སྨད་དུ་གཟེར་ན་མཁལ་མ་ལ་བྱིན་གཞུག ལོང་ལ་ལོང་རྩ་གཏར། ཟུག་མ་ཆོག་ན་ཁྲག་གདོན། དཀར་གསུམ་ཡང་སྤང་མི་དགོས། ཟས་དང་སྤྱོད་ལམ་བསིལ་ལ་བསྟེན། ཁྲག་གཟེར་བཅོས་པའོ། །ས་མཱ་པྟ་མི་ཐི། གསུམ་པ་གཉན་གཟེར་བཅོ་པ་ནི། རྒྱུ་ནི་ལྟ་བ་ལོག་པ་དང་། མི་གཙང་པ་དང་། ལྷ་འདྲེ་ཁྲོས་པ་དང་། གཉན་སར་ཉལ་བ་ལ་སོགས་པས་གདུག་པ་གཉན་གྱི་ནད་འབྱུང་ངོ་། །དེ་ཡང་སྟོད་དུ་བྱུང་ན་གཟེར་ཐུང་། རྒྱུ་མ་ལ་བྱུང་ན་རྒྱུ་གཟེར།  གྲེ་བ་ལ་བྱུང་ན་གག་པ། ཕྱི་རུ་བྱུང་ན་ལྷོག་པ་བྱ་བ་ཡིན་པས། རྟགས་ནི་གང་དུ་སྨོས་པ་དང་མཐུན་པ་ལས། ཁྱད་པར་དུ་བྱ་རྨྱང་བྱེད་སྙིང་འདོད། སྙིང་མི་དགའ། བ་སྤུ་ལྡང་། བྱིན་པའི་ཉྭ་ན།  ཚིག་པ་ཟ། ལུད་པ་དམར་པོ་འོང་བས། སྔོན་དུ་ག་པུར་དང་གཏར་ག་སྤང་། དེས་ནད་མགོ་གཏུམས་ནས་ཁོང་དུ་འཁྲིད་དོ། །དེ་ལ་མ་ནུ། ཀཎྚ་ཀ་རི། སླེ་ཏྲེས། ལྒ་སྐྱའི་ཐང་གཏང་། ཡང་ན་འབྲས་བུ་གསུམ་གྱི་འཇམ་ཐང་གཏང་། དེས་ནད་སྨིན་པར་བྱེད་དོ། །སྨིན་པའི་རྟགས་གཟེར་འོང་། ལུས་ལྕི། ལུས་པོ་སྦྲུལ་ཐབས་མེད། རྩ་གྲིམས་ལ་ཆུ་དམར། གོང་གིས་ཁོལ་པ་ལ་སོགས་པའི་རྟགས་རྣམས་འཆད། ལུད་པ་སྨུག་པོ་འམ། སེར་པོ་འམ། དུད་ཀ་འོང་། ཁྱད་པར་དུ་དབུགས་ཐུང་། ཤེས་པ་རྔམ། ཁྲོ་སྙིང་འདོད། སྙིང་ག་གཟེར། རྩེ་གཞུང་ནག་པོ་འོང་པས། གཉན་ནད་ལ་ཁྱད་པར་དུ། བགེགས་བཅོས་བྱ། དཀོན་མཆོག་མཆོད། སྔགས་གདབ། གཉན་རིགས་ཀྱི་ནད་ཐམད་ཅད་ལ། ཧོང་ལེན། བ་ཤ་ཀ ཏིག་ཏ། དུག་མོ་ཉུང་། གླ་སྒང་། འབྲི་མོག་རྣམས་གྱི་གྲང་ཐང་གཏང་། སློང་བྱེད་ཀྱི་སྨན། གླ་རྩི་དང་། ཤ་དག་དུམ་ཅིག་གཏང་། དེ་ནས་ཀ་ར་འམ། མངར་གསུམ་གང་རྙེད་མཐེ་བོང་ཙམ་ཅིག་བཏང་ལ་ནད་བསྡུ། དེ་ནས་དངོས་གཞིའི་སྨན་ཞིག་སྦྱང་གཉིས་གང་རུང་གཏང་ངོ་། །གཙོ་བོར་ཐར་ནུ་འོ་མར། བཏུལ་བ་དང་། ཆུ་རྩ། དུར་བྱིད། ཁྲོན་བུ། ཧོང་ལེན་གཏང་། དེ་ལ་གློ་མང་ལ་ལུད་པ་དམར་ན་སྨན་གྱི་སྟེང་དུ་མཚལ་དང་། རྒྱ་སྐྱེགས་ཁུ་བ་གཏང་། ལུད་པ་སེར་ན། སྐྱེར་པ། ཡུང་བ། གི་ཝང་། གུར་གུམ་བསྣན་ལ་གཏང་། ལུད་པ་ཁམ་ནག་བྱུང་ན། དོམ་མཁྲིས། བྲག་ཞུན། གླ་བ་བསྣན། ལུད་པ་ནག་པོ་བྱུང་ན། བསེ་རུ་བསྣན། མི་འགོག་ན་སྟར་བུར་བསྣན། ཀླད་གཟེར། ཏིག་ཏ་དང་། རུ་རྟ་བསྣན། གག་པ་ལ་ཤུ་དག དབྱི་མོང་བསྣན། གང་གཏང་ཡང་། ཨ་རུ་ར་དུམ་རེ་གཏང་། སྐྱུག་ཏུ་མི་གཞུག་གོ། ཕོ་བ་ན་ན་སོ་ཕག་གམ། ཡོས་དུགས་བྱ། དེས་ནད་ཐམས་ཅད་འཁྲུ་བར་འགྱུར། འཁྲུས་ནས་ཆུ་སྐོལ་གཏང་། འཁྲུ་བ་དྲགས་ནས་རླུང་སྐྱེས་ན། སྲེ་ལོང་བསྡུས་པའི་ཁུ་བ་དང་རུས་ཁུ་མར་གསར་རྩག་བཅད་ལ་གཏང་། འཁྲུས་ཞན་ནས་ཚད་ལྷག་ལུས་ན། ཅུ་གང་། ལི་ཤི། གི་ཝང་། གུར་གུམ། ཙནྡན་དཀར་པོ་རྣམས་ཞིག་(ཞིབ་)པར་བཏགས་ལ་གཏང་། ཀ་ར་མི་གཏང་། ནད་སློང་ཡིན་ནོ། །བཤལ་དྲག་ཏུ་འབྱམས་ན། གུར་གུམ། ལི་ཤི། དོམ་མཁྲིས། པདྨ་རཀྟ། ཤིང་ཚ། མཁན་པ། དཀར་པོ་རྣམས་ཞིབ་པར་བྱས་ལ་སྤྲང་རྩིས་མགོ་བསྡུས་ལ་གཏང་། དེས་ངེས་པར་འཚོའོ། །ནས་དཀར་མོའི་ཟན་སྦྲུམ་དང་། དྲུས་ཐུག་གཏང་། མཇུག་ཏུ་ཤ་གསར་མར་གསར་གཏང་། དཀར། སྐྱུར། མངར། ཚ། སྒོག་བཙོང་། ཉིན་པར་གྱི་གཉིད། དྲག་ཤུལ་རྣམས་མ་བརྟས་བར་དུ་སྤང་ངོ་། །ནང་པ་སྟོད་གཟེར་ལ་རྩ་ཞན། ལུད་པ་སྐྱ་སོབ་ཏུ་འོང་། དབུགས་ཐུང་། བྲེ་བ་སོག ནམ་ཚང་མི་བདེ་བ་དང་། སྣ་ནས་ཆུ་སེར་འོང་བ་དང་། མིག་གྱེན་ལ་བལྟ་བ་དང་། ཁ་ཁུ་ཡིས་འདེབས་ན། སྲོག་པ་རྩ་ལ་ཤོར་བ་ཡིན་ནོ། །ཤེས་རབ་འཁྲུལ་བ་དང་། རྒྱུ་མ་རུལ་ནས་དུད་ཁུར་འཁྲུ། གཅོད་སྨན་གཏང་ན་སླར་ལ་འཁྲུ་བ་རྣམས་འཆི་བདག་གི་ཁ་རུ་ཆུད་ངེས་པ་ཡིན་པས་སྤང་ངོ་། །དེ་ལ་སྨན་གཏང་ན། གཞན་ལ་མི་འགོས་སོ། །གཟེར་ཐུང་གསོ་བའི་གདམས་ངག་ཁྱད་པར་ཅན་བདུད་རྩི་ཡང་ཐིགས་རྫོགས་སོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།